བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དགེ་བའི་བཤེས་གཉེན། > སངས་རྒྱས་ཤཱ་ཀྱ་ཐུབ་པའི་མཛད་རྣམ།

སངས་རྒྱས་ཤཱ་ཀྱ་ཐུབ་པའི་མཛད་རྣམ།

ཨེ་ལེག་ཛན་ཌར། བྷར་ཛིན།
ཕྱི་ལོ་ ༢༠༠༥ ཟླ་ ༢ །
ཕྱི་ལོ་ ༢༠༠༧ ཟླ་ ༤ བསྐྱར་བཅོས་བྱས།

ངོ་སྤྲོད།

སྲོལ་རྒྱུན་དུ་སངས་རྒྱས་ཤཱ་ཀྱ་ཐུབ་པ་ (Shakyamuni) གཞན་ཡང་གོའུ་ཏ་མ་ (Gautama) ཞེས་བྱ་ཞིང་། རྒྱ་གར་འཕགས་ཡུལ་དུ་ཡི་ཤུ་མ་ཤི་ཀའི་དུས་སྐབས་ཀྱི་སྔོན་ལོ་ ༥༦༦ ནས་ ༤༨༥ མཚམས་སུ་བྱོན། ནང་པའི་ཆོས་འབྱུང་ནང་སངས་རྒྱས་ཀྱི་མཛད་རྣམ་སྐོར་ཧ་ཅང་མང་། ཞིབ་ཕྲ་རྒྱས་པ་རིམ་པས་འབྱུང་། ནང་པ་སངས་རྒྱས་པའི་གསུང་རབ་ཀྱི་གཞུང་དང་པོ་དེ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་ཀྱི་དུས་རབས་གསུམ་གྱི་ཕྱིས་སུ་བྱུང་སྟབས། འདིའི་ནང་གང་བཀོད་པའི་ཞིབ་ཕྲ་རྣམས་ཁུངས་ལྡན་ཡིན་པ་ཏག་ཏག་ཅིག་ངེས་ཤེས་རྙེད་པ་དཀའ། དེར་མ་ཟད་འདིར་རྒྱས་བཤད་བྱས་པ་མང་པོ་ཞིག་ཁུངས་ལྡན་ཡིན་མིན་ཁ་མཚོན་བཅད་དེ་ཤོད་རྒྱུ་ཁག་པོར་སྣང་། རྒྱས་བཤད་མང་པོ་ཞིག་ཡིག་ཐོག་ནས་བརྒྱུད་པ་དང་ཆབས་ཅིག་མང་པོ་ཞིག་ངག་རྒྱུན་ཐོག་ནས་ཡོང་བ་ཞིག་ཆགས་ཡོད།

གཞན་ཡང་སངས་རྒྱས་ཉིད་གཙོས་པའི་སྲོལ་རྒྱུན་དུ་གྲགས་པའི་ནང་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་རྣམས་ཀྱི་མཛད་རྣམ་སློབ་གཉེར་བྱེད་པའི་དམིགས་ཡུལ་ཙམ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་ཉར་ཚགས་བྱ་རྒྱུའི་ཆེད་དུ་ཕྱོགས་སྒྲིག་བྱས་མེད། ལྷག་དོན་མཁས་གྲུབ་དེ་དག་གི་རྣམ་ཐར་རྣམས་སློབ་གཉེར་བྱ་རྒྱུ་ནི་དོ་དབྱིངས་ཅན་དུ་གྱུར་ཞིང་ནང་པའི་རྗེས་འཇུག་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་སླད་སེམས་ཤུགས་སྤེལ་ཆེད་ཡིན། དེར་བརྟེན་སངས་རྒྱས་ཀྱི་མཛད་རྣམ་ལས་ཕན་ཐོགས་ཡོང་ཕྱིར། དེའི་ཐོག་ནས་ཤེས་དགོས་པ་དང་ང་ཚོས་དེ་ལས་གང་སྦྱངས་པ་རྣམས་ལ་བརྟག་དཔྱད་བྱེད་དགོས།

འབྱུང་ཁུངས།

སངས་རྒྱས་ཀྱི་མཛད་རྣམ་ཁག་གི་འབྱུང་ཁུངས་ནང་། གནས་བརྟན་སྨྲ་བའི་ (Theravada) གཞུང་ནང་མདོ་སྡེ་འབྲིང་བུ་ (Majjhima Nikaya) ལ་སོགས་པ་པཱ་ལི་ (Pali) གཞུང་དང་། ཐེག་དམན་ (Hinayana) སྡེ་ཚན་སྣ་ཚོགས་ནས་རབ་བྱུང་གི་ཚུལ་ཁྲིམས་དང་འབྲེལ་བའི་འདུལ་བའི་གཞུང་སོགས་གཏོགས་ཡོད། འོན་ཀྱང་གཞུང་དེ་དག་རེ་རེས་སངས་རྒྱས་ཀྱི་རྣམ་ཐར་མདོར་བསྡུས་ཙམ་ལས་སྟོན་གྱི་མེད།

སངས་རྒྱས་ཀྱི་རྣམ་ཐར་རྒྱས་པ་དེ་དང་པོ་སྙན་ངག་གི་ལམ་ནས་ཡེ་ཤུ་མི་ཤི་ཀའི་དུས་རབས་ཀྱི་སྔོན་དུས་རབས་གཉིས་པའི་དུས་མཇུག་ཏུ་དངོས་པོ་ཆེན་པོ་ (Mahavastu) ཞེས་བྱ་བ་ ཐེག་དམན་གྱི་ཕལ་ཆེན་སྡེ་པའི་ (Mahasanghika) སློབ་དཔོན་ཞིག་གིས་མཛད། གཞུང་དེ་དག་སྡེ་སྣོད་གསུམ་ (Tripitaka) གྱི་ནང་མེད་པ། དཔེར་ན། སངས་རྒྱས་ནི་རྒྱལ་པོའི་ཁྱིམ་ཚང་ཞིག་གི་སྲས་སུ་སྐུ་འཁྲུངས་ཞེས་པ་ཁ་སྣོན་བརྒྱབ་ཡོད། དེ་མིན་གྱི་སྙན་ངག་གི་ལམ་ནས་བརྩམས་པའི་རྣམ་ཐར་གཅིག་ནི་ཐེག་དམན་གྱི་ཐམས་ཅད་ཡོད་པར་སྨྲ་བའི་ (Sarvastivada) ་གཞུང་རྒྱ་ཆེན་རོལ་པའི་མདོ་ (Lalitavistara Sutra) ཡིན། ཕྱིས་སུ་མདོ་དེའི་ཐེག་ཆེན་གྱི་དོད་ནི་ཐེག་དམན་མདོ་དེ་གཡར་ནས་སྔར་ལས་རྒྱས་སུ་བཏང་ཡོད། དཔེར་ན། སངས་རྒྱས་ཤཱ་ཀྱ་ཐུབ་པ་ག་དུས་སངས་རྒྱས་སྐོར་དང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ (Siddhartha) ཀྱི་རྣམ་པར་རོལ་ཚུལ་བཀོད་ཡོད། སྔར་གྱི་གཞུང་དེའི་ནང་གཞན་སེམས་ཅན་རྣམས་ལ་ཐར་ལམ་སྟོན་པའི་ཆེད་སངས་རྒྱས་པ་ཙམ་ལས་བཀོད་མེད།

མཐར་རྣམ་ཐར་དེ་དག་ལས་འགའ་ཞིག་སྡེ་སྣོད་གསུམ་ནང་བཅུག དེ་དག་ལས་སྙན་གྲགས་ཆེ་ཤོས་ཀྱི་གཞུང་ནི་སློབ་དཔོན་རྟ་དབྱངས་ (Ashvaghosha) ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་སྙན་ངག་ཆེན་པོ་ (Buddhacarita) ཞེས་པ་དེ་ཡིན་ཅིང་དུས་རབས་དང་པོའི་ནང་བྲིས། དཔེ་གཟུགས་གཞན་ཡང་ཕྱིས་སུ་སྔགས་ཀྱི་གཞུང་ནང་གསལ། དཔེར་ན་འཁོར་ལོ་བདེ་མཆོག་ (Cakrasamvara) ལྟ་བུ། དེའི་ནང་སངས་རྒྱས་ཀྱི་ཕྱོགས་གཅིག་ནས་མདོ་སྡེའི་ཁོངས་གཏོགས་ཤེར་ཕྱིན་གྱི་མདོ་སྡེའི་ (Prajnaparamita Sutra) ་གདམས་པ་གནང་བ་དང་དུས་མཉམ་དུ་རྡོ་རྗེ་འཆང་ (Vajradhara) གི་རྣམ་པར་སྤྲུལ་ནས་སྔགས་གཞུང་རྣམས་གསུངས།

འགྲེལ་པ་དེ་དག་ཀུན་ལ་ཐོས་བསམ་སློབ་གཉེར་བྱེད་པས་ང་ཚོར་བློ་སྟོབས་སྤེལ་གྱི་ཡོད། འོན་ཀྱང་ང་ཚོས་རྩ་བའི་ཆ་ནས་ལོངས་སྐུ་ཐུགས་རྗེ་ཆེན་པོ་སྟོན་མཁན་གྱི་གཞུང་རྣམས་ལ་བལྟ་དགོས།

སྐྱེ་བ་དང་། སྐུ་ཚེའི་སྟོད། ངེས་འབྱུང་།

སྔ་མོའི་གཞུང་ཁག་ལ་གཞིགས་ན། སངས་རྒྱས་ཤཱ་ཀྱ་ཐུབ་པ་ནི་ཤཱ་ཀྱ་ (Shakya) རྒྱལ་ཁབ་ཀྱི་རྒྱལ་ས་ སེར་སྐྱའི་གནས་ (Kapilavastu) སུ་འབྱོར་བ་ཅན་གྱི་ཁྱིམ་ཞིག་གི་ནང་རྒྱལ་པོའི་རིགས་སུ་སྐུ་འཁྲུངས། དེང་སང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་ཡིན། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱལ་པོའི་རིགས་རྒྱུད་ཀྱི་ཁྱིམ་ཚང་ཞིག་ནང་སྐུ་འཁྲུངས་པར་བརྗོད་པ་མེད། ཕྱིས་སུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཅེས་མཚན་གསོལ། ཁོང་གི་ཡབ་ཀྱི་མཚན་ལ་ཟས་གཙང་མ་ (Shuddhodana) ཞེས་བྱ། དུས་ཕྱིས་ཀྱི་གཞུང་ནང་། ཁོང་གི་ཡུམ་གྱི་མཚན་ལ་ལྷ་མོ་སྒྱུ་འཕྲུལ་མ་ (Maya-devi) ཞེས་མངོན་ཞིང་། མ་ཟད་ཡུམ་གྱི་མངལ་དུ་གླང་པོ་ཆེ་མཆེ་བ་དྲུག་ལྡན་ཞིག་ཞུགས་པའི་རྨི་ལམ་བཏང་ཞིང་། དྲང་སྲོང་ (Asita) ཨ་སི་ཏ་ཕྲུ་གུ་དེ་ནི་རྒྱལ་པོའམ་དྲང་སྲོང་ཞིག་ཡོང་རྒྱུ་ཡིན་པར་ངེས་ཞེས་ལུང་བསྟན། དེ་བཞིན་གྲོང་ཁྱེར་སེར་སྐྱའི་གནས་ལས་མི་རིང་བའི་བར་གནས་ལུམ་བའི་ཚལ་ (Lumbini Grove) ལ་སྐུ་འཁྲུངས་མ་ཐག་གོམ་པབདུན་སྤོས་ནས། ང་ནི་འཇིག་རྟེན་འདི་རུ་བྱོན་ཡོད་ཅེས་གསུངས་པ་དང་ སྐུ་འཁྲུངས་པའི་སྐབས་ཡུམ་འདས།

སྐུ་གཞོན་ནུ་ཞིག་ཏུ། མི་ཚེ་སྐྱིད་པོར་བསྐྱལ། འཁྲུངས་ས་སྐྱོན་ནས་བུ་སྒྲ་གཅན་འཛིན་ (Rahula) བཙས། ཕྱིས་ཀྱི་གཞུང་ནང་ཁོང་གི་ཟླ་མོའི་མཚན་ལ་གྲགས་འཛིན་མ་ (Yashodhara) ཞེས་ཐོན། འོན་ཀྱང་དགུང་ལོ་ཉེར་དགུར་ཕེབས་སྐབས་རང་གི་ཁྱིམ་དང་རྒྱལ་སྲིད་དོར་ནས་བསོད་སྙོམས་ལ་བརྟེན་ནས་དགེ་སྦྱོང་ཞིག་ཏུ་གནས་བསྒྲིམས།

སངས་རྒྱས་གང་དུ་བཞུགས་སའི་སྤྱི་ཚོགས་དང་དུས་ཚོད་དང་བསྟུན་ནས་གང་གི་ངེས་པར་འབྱུང་བར་ལྟ་དགོས་པ་གལ་ཆེན་པོ་ཡིན། བསོད་སྙོམས་ལ་བརྟེན་པའི་དགེ་སྦྱོང་ཞིག་ཆགས་པའི་སླད་དུ་ཁོང་གིས་རང་གི་སྐུ་ཟླ་དང་བུ་ཕྲུག་རྣམས་ཁེར་རྐྱང་དུ་བཞག་ནས་ཞལ་གྱེས་གནང་བ་མ་ཡིན། ཁོང་ཚོ་ནི་གང་གི་འབྱོར་བདག་ཅན་གྱི་ཁྱིམ་མིས་ལྟ་རྟོག་གནང་བར་སོམ་ཉི་བྲལ། གཞན་ཡང་སངས་རྒྱས་ནི་དམག་དཔོན་གྱི་རིགས་རྒྱུད་དུ་གྲགས་པས་ནམ་ཞིག་ཁོང་གིས་ཁྱིམ་བཞག་སྟེ་དམག་ལ་ཞུགས་རྒྱུར་ཐེ་ཚེམ་མེད། དེའི་རིགས་ཀྱི་བུ་རྣམས་དམག་ལ་ཞུགས་པ་ནི་སྐྱེས་པ་རྣམས་ཀྱི་ལས་འགན་ཡིན། གནའ་བོ་རྒྱ་གར་ནང་དམག་མི་རྣམས་ཀྱིས་གཡུལ་སར་རང་གི་ནང་མི་འཁྲིད་སྲོལ་མེད།

མ་གཞི་དམག་འཁྲུག་ཕྱི་ཡི་དགྲ་བོའི་ཁ་གཏད་དུ་རྒྱག་ཀྱང་དམག་ངོ་མ་དེ་ང་ཚོའི་ནང་གི་དགྲ་ལ་རྒྱག་དགོས་པས་དེ་ནི་སངས་རྒྱས་ཀྱིས་ཞུགས་པའི་དམག་དེ་ཡིན། སངས་རྒྱས་ཀྱིས་རང་གི་མི་ཚེ་གང་པོ་དམིགས་ཡུལ་འདི་རིགས་ལ་ཆེད་དུ་གཉེར་ནས་འབད་རྒྱུ་ནི་དགེ་སྦྱོང་ཞིག་གི་ལས་འགན་ཡིན་པ་སྟོན་ཕྱིར་ཁྱིམ་ནས་ཁྱིམ་མེད་པར་ཕེབས། འོན་ཀྱང་དེང་སང་ང་ཚོའི་འཛམ་གླིང་ནང་། གལ་སྲིད་ང་ཚོས་སོ་སོའི་གཉེན་ཉེ་དོར་ཏེ་རབ་ཏུ་བྱུང་ནས་ནང་གི་དགྲ་བོར་དམག་འཐབ་བྱས་ན། གཉེན་ཉེ་དེ་དག་ལ་ལྟ་རྟོག་བྱེད་མཁན་ཡོད་མེད་ཏན་ཏན་བཟོ་དགོས་ཀྱི་ཡོད། དེའི་དོན་ནི་ང་ཚོའི་གཉེན་ཉེ་དང་ཕྲུ་གུར་དགོས་མཁོ་སྐྲུན་དགོས་པ་མ་ཟད་ང་ཚོའི་ཕ་མ་ལའང་ལྟ་དགོས། འོན་ཀྱང་ང་ཚོས་སོ་སོའི་ཁྱིམ་ཚང་བཞག་ནས་འགྲོ་མེད་གང་ལྟར་ཡང་། ཟག་བཅས་ཀྱི་བདེ་བར་ཆགས་ནས་མ་བསྡད་པར་སྡུག་བསྔལ་ཉུང་དུ་གཏོང་ཐབས་ལ་འབད་དགོས་པ་ནི་ནང་པའི་དགེ་སྦྱོང་ཞིག་གི་ལས་འགན་ཡིན་པ་སངས་རྒྱས་ཀྱིས་མཛད་པ་ལྟར་དགོས།

སྔུག་བསྔལ་ལས་རྣམ་པར་རྒྱལ་བར། སངས་རྒྱས་ཀྱིས་སྐྱེ་བ་དང་། རྒ་བ། ན་བ། འཆི་བ། ཡང་སྲིད། སེམས་རྡུགས། མ་རིག་བཅས་ཀྱི་རང་བཞིན་ཤེས་རྟོགས་བྱེད་པར་འདོད། ཕྱིས་སུ་གཞུང་དེ་ཡང་ཤིང་རྟ་འདྲེན་མཁན་ཆནྣ་ (Channa) འདུན་པ་བཟང་སྐྱོང་གྱི་གཏམ་རྒྱུད་ལས་གསལ་ཞིང་། ཤིང་རྟ་འདྲེན་མཁན་དེས་སངས་རྒྱས་ཤིང་རྟའི་ཐོག་བཞུགས་སུ་གསོལ་ནས་གྲོང་ཁྱེར་ཕྱོགས་སུ་ཕེབས། སྐབས་དེར་སངས་རྒྱས་ཀྱིས་ན་བ་དང་། རྒ་བ། འཆི་བ། དགེ་སྦྱོང་བཅས་གཟིགས་པ་ན། ཤིང་རྟ་མཁན་དེས་དེ་དག་གི་གནས་ལུགས་རྣམས་ཞུས་པས་་ེ་དག་གི་གནས་ལུགས་རྣམས་ཞུས་པས་སངས་རྒྱས་ཀྱིས་མི་ཚང་མ་མནར་བཞིན་པའི་སྡུག་བསྔལ་བདེན་པ་གཟིགས་ནས་དེ་ལས་ཐར་བའི་ལམ་སྲིད་པར་དགོངས།

ཆོས་ཀྱི་དཀའ་བ་དཔྱད་པའི་སྐབས་ཤིང་རྟ་མཁན་གྱིས་རོགས་རམ་བྱེད་པའི་གཏམ་རྒྱུད་འདི་ནི་བྷ་ག་ཝད་གཱི་ཏ་ (Bhagavadgita) ་སྒྲུང་ནང་གི་སྲིད་གྲུབ་ (Arjuna) ལ་ཤིང་རྟ་མཁན་འདོམ་པ་ནག་པོས་ (Krishna) དམག་མི་ཞིག་ཏུ་རང་གི་སྤུན་མཆེད་ཀྱི་ཁ་གཏད་དུ་དམག་བརྒྱབ་པའི་ལོ་རྒྱུས་བཤད་པ་བཞིན་དེ་གཉིས་འདྲ་པོར་མངོན། ནང་པ་དང་ཧིན་དྷུ་གཉིས་ཀའི་ནང་ངོ་ཐོག་ཏུ་ང་ཚོས་བདེན་དོན་འཚོལ་བའི་ལས་འགན་ལས་གཡོལ་ཏེ་མི་ཚེ་ལྷོད་པོའི་ངང་སྐྱིད་པོར་མ་བསྡད་པར་དེ་ལས་བརྒལ་ནས་འགྲོ་རྒྱུ་གལ་ཆེན་པོར་གསུངས་པ་གཅིག་མཚུངས་སུ་སྣང་། དེ་གཉིས་སོ་སོའི་ཐད་ཤིང་རྟས་གཅིག་བྱས་ན་ཐར་པར་བགྲོད་པའི་སེམས་ཀྱི་རྟ་མཚོན་པ་དང་ཤིང་རྟ་མཁན་གྱི་ངག་གིས་ཤིང་རྟ་འབུད་མཁན་གྱི་ཤུགས་མཚོན་ཞིང་དངོས་པོའི་གནས་ལུགས་རྟོགས་པར་བྱེད་པའི་སྐུལ་འདེད་མཚོན།

སློབ་སྦྱོང་དང་བྱང་ཆུབ།

ཚངས་སྤྱོད་ལ་བརྟེན་པའི་དགེ་སྦྱོང་ཞིག་ཡིན་པའི་ཆ་ནས། སངས་རྒྱས་ཀྱིས་བསམ་གཏན་ དང་གཟུགས་མེད་སྙོམས་འཇུག་སྦྱོང་བའི་ཐབས་སུ་དགེ་བའི་བཤེས་གཉེན་གཉིས་བསྟེན། མ་གཞི་སངས་རྒྱས་ཀྱིས་སྡུག་བསྔལ་རགས་པ་མི་འབྱུང་བ་དང་འཇིག་རྟེན་པའི་བདེ་བ་ཕལ་པ་ཙམ་ཐོབ་པའི་ཡང་དག་པའི་བསམ་གཏན་ཀྱི་གོ་འཕང་ཐོབ་ཀྱང་དེ་ཙམ་གྱིས་ཐུགས་ཚིམས་པར་མ་མཛད། དེས་གནས་སྐབས་ཀྱི་བདེ་བ་ཙམ་སྦྱིན་པ་ལས་གཏན་གྱི་བདེ་བ་མི་ཐོབ་ཅིང་ཡོངས་ཁྱབ་ཀྱི་སྡུག་བསྔལ་ཕྲ་མོ་རྣམས་མེད་པར་བྱེད་མི་ཐུབ་པར་ཁོང་གིས་དེ་ལས་རྣམ་པར་རྒྱལ། དེ་རྗེས་ཆོས་གྲོགས་ལྔ་དང་ལྷན་དུ་བྱ་བྲལ་ཏུ་བཞུགས་ཏེ་རྩེ་གཅིག་ཏུ་དཀའ་ ཐུབ་སྤྱད། དེས་ཀྱང་འཁོར་བའི་སྡུག་བསྔལ་རྣམས་རྒྱུན་རྩ་བ་ནས་གཅོད་མི་ཐུབ་པ་གཟིགས། ཕྱིས་སུ་ནེེ་རན་ཛ་ནའི་ཆུ་ཀླུང་ (Nairanjana River) གི་དྲུང་དུ་ལོ་དྲུག་ ཟས་སྤོང་སྤྱད་ཅིང་། ལེགས་སྐྱེས་མས་ (Sujata) སངས་རྒྱས་ལ་འོ་མ་ཕོར་པ་གང་ཕུལ།

ང་ཚོར་སངས་རྒྱས་ཀྱི་དཔེ་མཚོན་དེས་དུག་རྫས་ལ་སོགས་པའི་བཅོས་མའི་ཐབས་ལ་བརྟེན་ནས་མཐའ་གཅིག་ཏུ་ཞི་ལྷོད་དུ་གནས་པར་ཡིད་ཚིམས་ནས་སྡོད་རྒྱུ་མེད་པར་བསྟན། སེམས་གཡེངས་ནས་སྡོད་པའམ་སོ་སོས་སོ་སོ་ལ་སྡུག་སྦྱོང་གཏོང་བ་ཡང་ན་ཉེས་ཆད་འགེལ་བ་སོགས་ནི་ཐབས་གཞན་མ་ཡིན། ང་ཚོས་ངེས་པར་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་བགྲོད་དགོས་པ་ལས་དེ་ལྟའི་དམིགས་ཡུལ་གྲུབ་པར་གེགས་བྱེད་མཁན་རྣམས་ལ་མགོ་འཁོར་ནས་སྡོད་རྒྱུ་མེད།

དཀའ་ ཐུབ་མཚམས་འཇོག་གནང་རྗེས་སངས་རྒྱས་ཀྱིས་འཇིགས་པ་ལས་ཐར་ཆེད་ནགས་ཀྱི་ཁྲོད་དུ་རྩེ་གཅིག་ཏུ་སྒོམ་ལ་གཞོལ། རང་གཅེས་འཛིན་དང་ བདག་འཛིན་པའི་བག་ལ་ཉལ་གྱི་འཇིགས་པ་དེས་འཕྲལ་གྱི་བདེ་བ་དང་ལོངས་སྤྱོད་ཙམ་དོན་དུ་གཉེར་བས་སྤོང་དགོས་པ་ཡིན། དེས་ན་བློ་སྦྱོང་མཚོན་ཆ་འཁོར་ལོའི་ནང་དུས་རབས་བཅུ་པའི་རྒྱ་གར་གྱི་སློབ་དཔོན་དྷརྨ་རཀྴི་ཏས་ (Dharmarakshita) བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་དུག་གསུམ་གྱིས་བསླད་པའི་འདོད་ཆགས་དང་། ཁོང་ཁྲོ། གཏི་མུག་རྣམས་བཅོས་སྒྱུར་བྱེད་པ་དང་། རང་གཅེས་འཛིན་དང་བདག་འཛིན་སྤོང་བའི་ཆེད་དུ་དུག་ཤིང་གི་ཁྲོད་དུ་འཁྱམས་པའི་རྨ་བྱ་ཞིག་གི་དཔེ་མཚོན་བསྟན།

ཡུན་རིང་སྒོམ་བརྒྱབ་ནས་དཀའ་བ་སྤྱད་རྗེས། དགུང་གྲངས་སོ་ལྔར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས། ཕྱིས་ཀྱི་གཞུང་ནང་སངས་རྒྱས་ཀྱིས་བདུད་ (Mara) ཀྱི་གནོད་པ་ཐམས་ཅད་ཞི་བས་བཅོམ་ནས་མཐར་བྱང་ཆུབ་ཤིང་ (bodhi tree) དྲུང་དུ་སངས་རྒྱས་ཚུལ་ཞིབ་ཕྲ་གསལ་ཞིང་དེང་སང་རྡོ་རྗེ་གདན་ (Bodh Gaya) ཞེས་བྱ། སྐབས་དེར་བདུད་ཀྱིས་འཇིགས་སུ་རུང་བ་དང་ཆགས་ཅན་གྱི་བུད་མེད་སོགས་ཀྱི་རྣམ་པ་དུ་མར་སྤྲུལ་ནས་སངས་རྒྱས་ཀྱི་སྒོམ་ལ་བར་ཆད་གཏོང་བར་བརྩམས་ཀྱང་སངས་རྒྱས་ཀྱི་སྐུ་ལ་གནོད་པ་ཏིལ་འབྲུ་ཙམ་ཡང་མི་ཚུགས།

སྔོན་གྱི་གཞུང་ནང་། སངས་རྒྱས་འདས་པའི་རང་གི་མི་ཚེའི་བྱ་བྱེད་ཐམས་ཅད་དང་། ལས་དང་སྐྱེ་བ་ཕྱི་མའི་བྱ་བྱེད་ཐམས་ཅད། བདེན་པ་བཞི་བཅས་ཇི་ལྟ་བ་བཞིན་དུ་གཟིགས་ནས་སངས་རྒྱས་པར་གསུངས། ཕྱིས་ཀྱི་འགྲེལ་པའི་ནང་སངས་རྒྱས་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་པར་གསུངས།

དགེ་འདུན་གྱི་སྡེར་ཆོས་བསྟན་པ་དང་གསར་འཛུགས་ཞུས་པ།

ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྗེས། སངས་རྒྱས་ཀྱིས་གཞན་ལ་རང་གིས་རྟོགས་པ་ཇི་ལྟ་བཞིན་དུ་སྟོན་པར་ཐུགས་དོགས་གནང་། ཁོང་གིས་དགོངས་པར་སུ་གཅིག་གིས་ཀྱང་རྟོགས་ཐུབ་ཨེ་ཡོང་་དགོངས། འོན་ཀྱང་རྒྱ་གར་ལྷ་ཚངས་པ་ (Brahma) དང་དབང་པོས་ (Indra) སངས་རྒྱས་ལ་ཆོས་སྟོན་རོགས་ཞེས་གསོལ་བ་བཏབ། ཚངས་པའི་གཞུང་ལ་གཞིགས་ན་ཕྱིས་སུ་ཧིན་དྷུའི་ཆོས་དར་བ་དང་། ཚངས་པ་ནི་འཇིག་རྟེན་བཀོད་པ་པོ་དང་དབང་པོ་ནི་དཀོན་ཅོག་གི་རྒྱལ་པོ་ཡིན། དེ་ལྟར་གསོལ་བ་བཏབ་པའི་ནང་། དབང་པོས་སངས་རྒྱས་ལ་ཞུས་དོན། གལ་ཏེ་སངས་རྒྱས་ཀྱིས་ཆོས་མ་བསྟན་ན་འཛམ་གླིང་ནང་སྡུག་བསྔལ་ཟད་མཐའ་མེད་པ་མྱོང་རྒྱུ་རེད་འདུག་ཅེས་ཞུས་པ་དང་། མ་མཐར་མི་ཉུང་ཤས་ཀྱིས་སངས་རྒྱས་ཀྱི་ཆོས་རྟོགས་ངེས་ཡིན་ཅེས་གསོལ་བ་བཏབ།

འདིའི་ཞིབ་ཕྲ་སངས་རྒྱས་ཀྱི་ཆོས་ཁུངས་བཙུན་པར་སྟོན་པའི་གྲུབ་ཆ་ཞིག་ཡིན་ཤས་ཆེ་ཞིང་། དེས་སྐབས་དེའི་རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་ཀྱིས་བསྟན་པའི་ཐབས་ལམ་ལས་རྨད་དུ་བྱུང་བ་ཞིག་ཡིན་པ་བསྟན་དཀོན་མཆོག་མཐོ་ཤོས་དེས་ཀྱང་འཛམ་གླིང་ནང་སྡུག་བསྔལ་རྩ་མེད་དུ་བཟོ་ཆེད་སངས་རྒྱས་ཆོས་ལ་བརྟེན་དགོས་པ་གསུངས་ཡོད། གང་ཡིན་ཟེར་ན། ཁོང་ཚོ་རང་ཉིད་ལའང་མི་ཚང་མ་སྡུག་བསྔལ་གྲོལ་ཏེ་ཐར་པའི་ས་ལ་འཁྲིད་བྱེད་ཀྱི་ཐབས་ཡང་དག་པ་གང་ཡང་མེད། དེར་བརྟེན་ངེད་གང་ཟག་ཕལ་པ་རྣམས་ལ་ཆོས་དེ་དགོས་ཀྱི་ཡོད་པ་སྨྲོས་ཅི་དགོས། གཞན་ཡང་ནང་པའི་སྣང་བརྙན་ཁྲོད། ཚངས་པ་ནི་ཁེངས་དྲེགས་ཀྱི་དཔེར་བཀོད། ཚངས་པས་རང་ཉིད་སྤྱི་གཙོ་བོ་སྟེ་ཐམས་ཅད་ཀྱི་བྱེད་པོ་ཡིན་ཅིང་། རྣམ་འགྱུར་ཐམས་ཅད་ཀྱི་བདག་ཉིད་དང་ཁ་ལོ་སྒྱུར་མཁན་གྱི་བདག་ཏུ་འདོད། དེ་ལྟའི་ཡིད་ཆེས་ལོག་པས་སུན་སྣང་དང་སྡུག་བསྔལ་བསྐྲུན་གྱི་ཡོད། དེ་ལས་ལྡོག་སྟེ་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་འགོག་བདེན་འཐོབ་པ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་རྩ་བ་ནས་སྤོང་བར་བྱེད་ཚུལ་གྱི་ལམ་ཕྱིན་ཅི་མ་ལོག་པ་སྟོན་གྱི་ཡོད།

ཚངས་པ་དང་དབང་པོའི་རེ་བ་ཐུགས་བཞེས་གནང་སྟེ། སངས་རྒྱས་ཉིད་ཡུལ་ཝཱ་རཱ་ཎ་སཱིའི་ (Sarnath, སཱ་ར་ནཱ་ཐ) རི་དྭགས་ཀྱི་གནས་ (Mrgadava, Deer Park) སུ་ཕེབས་ཏེ། འཁོར་ལྔ་སྡེ་བཟང་པོར་བདེན་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་སྐོར། ནང་པའི་སྣང་བརྙན་ནང་། ཤ་བས་ཞི་བ་མཚོན་པ་དང་དེས་ན་སངས་རྒྱས་ཀྱིས་ཞི་བའི་ཐབས་ལམ་སྟེ་གནས་སྐབས་ཀྱི་བདེ་བར་ཤིན་ཏུ་ཆགས་པ་དང་དཀའ་ཐུབ་ལ་གནས་པའི་མཐའ་གཉིས་སུ་མ་ལྷུང་བའི་བྱེད་ཚུལ་ཞིག་བསྟན།

མི་རིང་བར་ཡུལ་ཝཱ་རཱ་ཎ་སཱིའི་ (Varanasi) ་ཉེ་འགྲམ་གྱི་སྐྱེ་བོ་མང་པོས་སངས་རྒྱས་ཀྱི་རྗེས་སུ་འབྲངས་ནས་ཚངས་སྤྱོད་ལ་གནས་ནས་དགེ་སྦྱོང་གི་རྟེན་ལ་རྩེ་གཅིག་ཏུ་རྩེན། ཁོང་ཚོའི་ཡབ་ཡུམ་རྣམས་ཀྱང་མི་སྐྱའི་རྟེན་ལ་ཆོས་སྒོར་ཞུགས་ཏེ་ཚང་མར་འཚོ་རྟེན་བསོད་སྙོམས་ཕུལ། སྐབས་ཤིག་ཁོང་ཚོའི་ཁྲོད་ནས་གཅིག་མཁས་པར་གྱུར་ཏེ་སངས་རྒྱས་ཀྱིས་ཁོ་པ་སེམས་ཅན་གཞན་ལ་ཆོས་སྟོན་པར་མཛངས། དེ་ལྟར་སངས་རྒྱས་ཀྱི་རྗེས་འབྲང་གདུལ་རྣམས་རིམ་གྱིས་ཇེ་མང་དུ་སོང་ནས་ག་ལེར་གནས་སོ་སོར་གཞིས་ཆགས་ནས་དགེ་འདུན་གྱི་སྡེ་ཚུགས།

སངས་རྒྱས་ཀྱི་དགེ་འདུན་གྱི་སྡེ་དེ་རྣམས་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་གཞིར་བཟུང་བཀོད། གལ་ཏེ་ང་ཚོས་དགེ་འདུན་ཞེས་པའི་ཐ་སྙད་དེ་གནའ་བོའི་སྐབས་དེའི་དུས་སུ་བེད་སྤྱོད་བྱས་ན། ཁོང་ཚོས་འོས་མི་རྣམས་སྡེ་ཚན་ནང་ཞུགས་རྒྱུ་མོས་མཐུན་བྱེད། འོན་ཀྱང་ཁོང་ཚོས་ཆོས་དང་མ་འབྲེལ་བའི་དབང་ཚད་ཐད་ཐེ་བྱུས་མི་བྱེད་པའི་ཆེད་དུ་རྒྱས་བཅད་འགའ་ལག་བསྟར་བྱེད་དགོས་ཀྱི་ཡོད། དེར་བརྟེན་སངས་རྒྱས་ཀྱིས་ནག་ཉེས་ཅན་ལ་སྣང་བ་སྩལ་མེད། དཔེར་ན། དམག་མི་དང་བྲན་གཡོག་ནས་མ་ཐར་བའི་བྲན་གཡོག དེ་བཞིན་མཛེ་ནད་ལྟ་བུའི་ནད་ཡམས་ཡོད་པ་རྣམས་དགེ་འདུན་གྱི་སྡེར་ཞུགས་ཆོག་གི་མེད། དེར་མ་ཟད་ལོ་ན་ཉི་ཤུར་སོན་མེད་ཚེ་སུ་གཅིག་ཀྱང་ཆོས་སྒོར་ཞུགས་མི་ཆོག དེ་ཡང་སངས་རྒྱས་ཀྱིས་སུ་གཅིག་ལའང་སྡུག་བསྔལ་མི་བཟོ་བའི་ཆེད་དུ་དང་དགེ་འདུན་གྱི་སྡེ་དང་ནང་ཆོས་ལ་གུས་བརྩི་ཡོང་སླད་མི་མང་རྣམས་ཀྱི་མོས་གུས་སྲ་བརྟན་ཡོང་བའི་ཆེད་དུ་ཡིན། སངས་རྒྱས་ཀྱི་རྗེས་འཇུག་པ་ཡིན་པའི་ཆ་ནས་དེས་ང་ཚོར་ཡུལ་སྲོལ་གོམ་གཤིས་ལ་གུས་བཀུར་དང་བྱ་སྤྱོད་ཚུལ་བཞིན་དུ་སྤེལ་དགོས་པར་བསླབ་བྱ་གནང་ཞིང་། དེ་ལ་བརྟེན་མི་རྣམས་ཀྱི་སེམས་ནང་ནང་ཆོས་ལ་མཐོང་སྣང་ཡག་པོ་ཡོང་བ་དང་གུས་བཀུར་བྱེད་ཐུབ་པ་ཡོང་གི་ཡོད།

མི་རིང་བར་སངས་རྒྱས་རྡོ་རྗེ་གདན་དུ་ཆགས་པའི་རྒྱལ་ཁམས་ཡུལ་མ་ག་དྷར་ (Magadha) ཕྱིར་ཕེབས་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་ (Bimbisara) རྒྱལ་པོའི་ཁབ་ (Rajagrha) ཏུ་གདན་འདྲེན་ཞུས་པས། རྒྱལ་པོ་དེ་ཉིད་སངས་རྒྱས་ཀྱི་སྦྱིན་བདག་དང་སློབ་མར་གྱུར། དེ་བཞིན་མཛའ་གྲོགས་ཤཱ་རིའི་བུ་ (Shariputra) དང་མོའུ་དགལ་གྱི་བུ་ (Maudgalyayana) གཉིས་གསུང་ཆོས་ལ་བཅར་བས་སངས་རྒྱས་ཀྱི་ཆེད་དུ་བྱ་བའི་གདུལ་བྱར་གྱུར།

སངས་རྒྱས་ནས་ལོ་ངོ་གཅིག་གི་ནང་། གྲོང་ཁྱེར་ སེར་སྐྱའི་གནས་གང་གི་ཁྱིམ་དུ་ཕྱིར་ཕེབས་ནས། དེར་ཁོང་གི་བུ་སྒྲ་གཅན་འཛིན་ཆོས་སུ་ཞུགས། སངས་རྒྱས་ཕྱེད་སྐུ་མཆེད་དགའ་བོ་ (Nanda) ནི་སྔ་ས་ནས་ཁྱིམ་བཞག་སྟེ་ཆོས་སྒོར་ཞུགས། ཡབ་ཟས་གཙང་མའི་ཐུགས་ལ་ཁྱིམ་གྱི་རྒྱུད་པ་ཆད་པར་དོགས་ནས་ཐུགས་འཁྲལ་ཚད་མེད་བྱུང་སྟབས། མ་འོངས་པར་བུ་གཞན་རྣམས་ཆོས་སྒོར་ཞུགས་འདོད་ན་ངེས་པར་དུ་ཕ་མའི་ཆོག་མཆན་དགོས་ཞེས་སངས་རྒྱས་ལ་གསོལ། དེར་སངས་རྒྱས་ཀྱིས་ཞལ་བཞེས་གནང་། རྣམ་ཐར་འདིའི་དོན་ནི་སངས་རྒྱས་རང་གི་ཡབ་ལ་སྙིང་རྗེ་མེད་པ་གནང་བའི་དོན་མ་ཡིན་པར། ང་ཚོའི་ཁྱིམ་ཚང་ནང་དང་རྒྱ་ཆེ་ས་ནས་ནང་པའི་ཆོས་ལ་གུས་པ་མེད་པ་མི་ཡོང་བའི་ཆེད་དུ་ཡིན།

ལོ་རྒྱུས་ཀྱི་འབྱུང་ཁུངས་ཁ་ཅིག་ལ་གཞིགས་ན། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་སྒོ་ནས་ལྷ་གནས་སུམ་ཅུ་རྩ་གསུམ་ལ་གཤེགས་ཏེ་གང་གི་ནང་མི་དང་མཇལ་འཕྲད་གནང་སྟེ་ཡུམ་ལ་ཆོས་གསུངས་བའི་སྐོར་ཕྱིས་ཀྱི་ལོ་རྒྱུས་ཞིབ་ཕྲ་མཇལ་རྒྱུ་ཡོད། དེས་ནི་ཡུམ་གྱི་དཀའ་དྲིན་ལ་རྗེས་སུ་ཡི་རངས་དང་དྲིན་ལན་མཇལ་དགོས་པའི་གལ་ཆེའི་རང་བཞིན་སྟོན་གྱི་ཡོད།

དགེ་འདུན་གྱི་རྒྱུད་པ་འཕེལ་རྒྱས།

གནའ་བོའི་ནང་པའི་དགེ་འདུན་གྱི་སྡེ་པ་རྣམས་ཧ་ཅང་ཆུང་ཆུང་ཡིན་ཅིང་སྡེ་པ་རེར་དགེ་འདུན་ཞལ་གྲངས་ཉི་ཤུ་ཙམ་ལས་མེད། སྡེ་པ་སོ་སོ་རང་སྲིད་རང་སྐྱོང་ཡིན་ཅིང་བསོད་སྙོམས་ལ་ཕེབས་སའི་ཡུལ་ཡང་སོ་སོར་ཡོད། དགོན་པ་སོ་སོའི་ལས་དོན་དང་ཐག་གཅོད་རྣམས་ཀྱང་མི་མཐུན་པའི་གེགས་སེལ་ཕྱིར་རང་རང་གི་ཁོངས་མི་འདུས་པའི་ངོ་ཚབ་ཀྱིས་བྱེད་ཀྱི་ཡོད་པ་ལས། གང་ཟག་བྱེ་བྲག་པ་ཞིག་གིས་ཐག་གཅོད་བྱེད་དབང་མེད། དེ་ལས་ལྡོག་སྟེ་སངས་རྒྱས་ཀྱིས་གཅིག་འགྱུར་ཐག་གཅོད་བྱེད་པོ་ཞིག་ཏུ་ནང་ཆོས་ཉམས་ལེན་བྱ་དགོས་ཞེས་བཀའ་བསྩལ། ཐ་ན་དགོས་དབང་ཡོད་ན་དགོན་པའི་ཁྲིམས་ཀྱང་འགྱུར་ལྡོག་བཏང་ཆོག་ཅིང་། དེའང་དགེ་འདུན་ཐུན་མོང་གི་དགོངས་གཞིའི་ཐོག་ལ་གཞི་འཛིན་དགོས་ཞེས་བཀའ་གནང་།

རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ལ་དཔེར་ན། གཅེར་བུ་བ་ (Jain) ལྟར་ཟླ་རེར་གསོ་སྦྱོང་འཚོགས་པའི་དགེ་སྦྱོང་གི་སྡེ་ཞིག་རང་ལུགས་བསྟེན་དགོས་པའི་བསམ་ཚུལ་ཕུལ། ལུགས་སྲོལ་དེ་ལ་གཞིགས་ན། དགེ་འདུན་གྱི་སྡེའི་ཁོངས་གཏོགས་རྣམས་ཟླ་རེ་དུས་ཚོད་ངེས་ཅན་ཞིག་ལ་ལྷན་འཛོམས་གནང་ཐོག་ཆོས་ཀྱི་བགྲོ་གླེང་གནང་གི་ཡོད། དེ་ལ་སངས་རྒྱས་ཀྱི་ཞལ་བཞེས་མཛད་པས། སངས་རྒྱས་ཉིད་ཀྱང་སྐབས་དེར་ལུགས་སྲོལ་དེ་ཕྱག་བཞེས་གནང་གི་ཡོད་པ་གསལ་པོ་རེད། གཅེར་བུ་པའི་རྗེས་སངས་རྒྱས་ཀྱིས་རང་དགེ་འདུན་གྱི་སྡེའི་རྣམ་པ་མང་པོ་ཞིག་དང་ཆོས་ཀྱི་སྒྲོམ་གཞིའི་རྣམ་པ་མང་པོ་ཞིག་དཔེའི་ཐོག་ནས་བསྩལ། གཅེར་བུ་པའི་སྲོལ་གཏོད་མཁན་དཔའ་བོ་ཆེན་པོ་ (Mahavira) སངས་རྒྱས་ལས་དུས་རབས་ཕྱེད་ཀའི་སྔོན་དུ་བྱོན།

ཤཱ་རིའི་བུས་མི་རིང་བར་དགེ་འདུན་པའི་ཆེད་གདུལ་བའི་བཅའ་ཁྲིམས་ཤིག་མཛད་རོགས་ཞེས་སངས་རྒྱས་ལ་གསོལ་བ་བཏབ། འོན་ཀྱང་སངས་རྒྱས་ཀྱིས་གླེང་གཞི་བྱེ་བྲག་པ་ཞིག་མ་བྱུང་བར་སྒུག་དགོས་ཞེས་ཐུགས་ཐག་བཅད་པ་དང་། དེ་ནས་དཀའ་ངལ་ལམ་ཉེས་པ་དེ་བསྐྱར་དུ་མི་ཡོང་བའི་ཆེད་གདུལ་ཁྲིམས་ཤིག་གཏན་འབེབས་བྱེད་ཀྱི་ཡིན་ཞེས་གསུངས། དེ་ཡང་སངས་རྒྱས་ཀྱིས་རང་བཞིན་གྱི་གནོད་འཚེ་ཆེ་བའི་བྱ་སྤྱོད་དང་བཟང་སྤྱོད་ཀྱི་ཐོག་ནས་བཏང་སྙོམས་ཀྱི་ལས་གཉིས་ཀ་དང་འབྲེལ་བའི་སྒོ་ནས་བཅའ་ཁྲིམས་གཏན་འབེབས་མཛད། དེས་ན་གདུལ་ཁྲིམས་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་དམིགས་ཡུལ་དང་བཅས་གཙོ་བོ་སྡུག་བསྔལ་ལས་གཡོལ་ཕྱིར་དང་ནག་ཉེས་མི་ཡོང་བའི་ཆེད་མཛད།

དེ་ལྟའི་གདུལ་ཁྲིམས་ཐོག་གཞི་བཞག་ནས་དུས་མཚམས་ངེས་ཅན་ཞིག་ཏུ་འདུས་ཚོགས་སུ་ཁ་འདོན་ནམ་ཆོ་གའི་ཕྱག་སྲོལ་བཏད་དེ་དགེ་འདུན་པ་རྣམས་ཀྱིས་མངོན་གསལ་དོད་པོས་ལྟུང་བ་མི་འབྱུང་བར་བྱེད། ཉེས་པའམ་ལྟུང་བ་ནང་ནས་ཚབས་ཆེ་ཤོས་ནི་དགོན་པ་ནས་ཕྱིར་འབུད་བྱེད་པ་ཡིན། དེ་མིན་སྡོམ་ཁྲིམས་ལས་འགལ་ཉེན་ཆེ། དུས་ཕྱིས་སུ་འདུས་ཚོགས་དེ་ཟླ་རེར་ཐེངས་རེ་འཚོགས་ཀྱི་ཡོད། རྗེས་སུ་ཟླ་རེ་གསོ་སྦྱོང་ཚུགས་རྒྱུའི་སོལ་གཏོད།

སངས་རྒྱས་ཀྱིས་མཛད་པའི་སྲོལ་གཞན་གཅིག་ནི་ཆར་དུས་སུ་ཟླ་གསུམ་རིང་གི་དབྱར་གནས་ཡིན། དེའི་རིང་དགེ་འདུན་པ་རྣམས་ཀྱིས་བཞུགས་གནས་གཅིག་ལ་བཞུགས་ཏེ་འགྲུལ་བཞུད་རྩ་བ་ནས་གནང་གི་མེད། དམིགས་ཡུལ་ནི་སྐབས་དེར་ས་ཕྱོགས་གང་སར་ལོ་ཏོག་དང་ལྗང་པས་ཁེངས་པས་དེ་དག་ལ་གནོད་སྐྱོན་མི་ཡོང་བའི་ཆེད་དུ་ཡིན་ཅིང་། དབྱར་གནས་འཚོགས་སའི་གནས་སྲ་བརྟན་ཐུབ། དེ་བཞིན་དབྱར་གནས་ཀྱི་རྒྱུན་སྲོལ་ཡར་རྒྱས་ཕྱིན་ནས་ཁྱིམ་པའི་སྤྱི་ཚོགས་ཁྲོད་དུ་བརྡབ་གསིག་མི་ཡོང་བ་དང་མི་མང་གི་ཡིད་ཆེས་འཐོབ་ཐུབ་པ་ཡོང་གི་ཡོད། དབྱར་གནས་ནི་དངོས་ཡོད་དང་མཐུན་པོ་ཡོད་སྟབས་ཚོགས་གནས་བརྟན་པོར་བྱས།

དབྱར་གནས་ཐེངས་གཉིས་པ་དེ་ནས་འགོ་བཙུགས་ཏེ། སངས་རྒྱས་ཀྱིས་ཀོ་ས་ལའི་ (Kosala) རྒྱལ་ཁམས་ཀྱི་གྲོང་ཁྱེར་གཉན་ཡོད་ (Shravasti) ཅེས་བྱ་བའི་ཕྱིར་ཆར་དུས་ཐེངས་ཉི་ཤུ་རྩ་ལྔའི་རིང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ (Jetavana Grove) དུ་བསྙེན་མཚམས་ལ་བཞུགས། དེར་ཚོར་དཔོན་མགོན་མེད་ཟས་སྦྱིན་ (Anathapindada) གྱིས་སངས་རྒྱས་དང་དགེ་འདུན་པ་རྣམས་ཀྱི་ཆེད་དགོན་པ་ཞིག་བཞེངས་པ་དང་། རྒྱལ་པོ་གསལ་རྒྱལ་ (Prasenajit) གྱིས་དགེ་འདུན་འདུས་ཚོགས་ལ་སྦྱིན་བདག་མཛད། དེ་དག་ལས་ཁོང་གི་མཛད་རྗེས་ཆེ་ཤོས་ནི་རྫུ་འཕྲུལ་གྱི་སྒོ་ནས་སྐབས་དེའི་ཕྱི་རོལ་པའི་གྲུབ་མཐའ་ཆེ་ཁག་དྲུག་གི་འགོ་ཁྲིད་རྣམས་ཕམ་པར་བྱས།

དེང་གི་ཆར་ང་ཚོ་སུ་གཅིག་གིས་ཀྱང་དེ་ལྟའི་རྫུ་འཕྲུལ་གྱི་ངོ་མཚར་ཆེ་བའི་བྱ་སྤྱོད་སྤེལ་མི་ཐུབ། ཡིན་ནའང་། དོན་དངོས་སུ་རང་གི་རྒོལ་བ་ཚར་གཅོད་ཆེད་ཚད་མའི་ཐོག་ནས་མ་ཡིན་པར། སངས་རྒྱས་ཀྱི་སྟོབས་ཆེ་བའི་ནུས་པ་བེད་སྤྱོད་པར་མི་རྣམས་རྒྱུད་མ་དག་པས། ལེགས་ཤོས་ནི་ང་ཚོའི་གོ་རྟོགས་དང་མཐུན་པའི་བྱ་སྤྱོད་སྤེལ་རྒྱུ་དེ་ཡིན། དེས་ན་དབྱིན་སྐད་ནང་“ ཁ་བཤད་པ་ལས་བྱ་སྤྱོད་ཀྱིས་དོན་ཆེ་སྒྲུབ་”ཅེས་པའི་ཤོད་སྲོལ་གཅིག་ཡོད།

དགེ་འདུན་མའི་རྒྱུད་པ་གཏོད་པ།

ཕྱིས་ཀྱི་གཞུང་ལུགས་ནང་། སངས་རྒྱས་ཀྱི་སྲུ་མོ་སྐྱེ་དགུའི་བདག་མོ་ཆེན་མོས་ (Mahaprajapati) ཇི་ལྟར་གསོལ་བ་བཏབ་པ་བཞིན། སངས་རྒྱས་ཀྱིས་ཡངས་པ་ཅན་ (Vaishali) དུ་དགེ་འདུན་མའི་སྡེ་གསར་ཏུ་བཙུགས། དང་པོ་དེ་ལྟའི་སྡེ་འཛུགས་རྒྱུར་ཐུགས་མི་བདེ་བར་གྱུར། འོན་ཀྱང་ཁོང་གིས་དགེ་འདུན་པ་ལས་དགེ་འདུན་མར་སྡོམ་ཁྲིམས་གྲངས་མང་བ་བཟོས་ན་འགྲིགས་པར་དགོངས་ནས་ཕྱག་ལེན་བསྟར། དེ་ལྟ་མཛད་པས། སངས་རྒྱས་ཀྱིས་བུད་མེད་རྣམས་སྐྱེས་པ་ལས་སྒྲིག་ལམ་ངན་པ་དང་སྡོམ་ཁྲིམས་མང་བ་བཅས་ཏེ་འདུལ་དགོས་པའི་ཚུལ་ཅི་ཡང་སྟོན་གྱི་མེད། དེ་ལས་ལྡོག་སྟེ་སངས་རྒྱས་ཀྱི་དགོངས་པར་བུད་མེད་ལ་སྡོམ་ཁྲིམས་དམ་པོ་གནང་བས་གང་གི་བསྟན་པར་མཚན་ངན་དང་གེགས་བར་ཆད་མི་ཡོང་བའི་ཆེད་དུ་ཡིན་པ་དང་། དེས་ན་སྤྱི་ཚོགས་ཁྲོད་ནས་གུས་བརྩི་མེད་པ་མི་ཡོང་བ་དང་བཙུན་མའི་སྡེར་ཚུལ་ཁྲིམས་ཀྱི་ཐད་ལ་བསླབ་ཁྲིམས་མང་བ་དགོས་པར་གཟིགས།

མདོར་བསྡུས་ན། སངས་རྒྱས་ཀྱིས་བསླབ་ཁྲིམས་གཏན་འབེབས་གནང་བར་ཐུགས་མཉེས་པོ་མི་གནང་བ་དང་། དགོས་མཁོ་མེད་རིགས་ཀྱི་འདུལ་ཁྲིམས་ཆུང་བ་འགའ་ཤས་མེད་པ་བཟོས་གནང་ཏེ་ཁྲིམས་ཆལ་གྱི་རིགས་བྱུང་ཚེ་དེ་མཚུངས་ཆོས་ཁྲིམས་ཤིག་མཛད་པར་ཐུགས་འདོད་མངའ། ཁོང་གི་འཆར་གཞིས་བདེན་པ་གཉིས་ཀྱི་འགུལ་ཤུགས་སྟོན་ཅིང་། དོན་དམ་བདེན་པ་དང་ད་དུང་ཡུལ་སྲོལ་འགྲོ་ལུགས་ལ་བསྟུན་ནས་ཀུན་རྫོབ་བདེན་པའི་ཆ་ལ་གུས་བརྩི་དགོས་པ་སྟོན་གྱི་ཡོད། དོན་དམ་བདེན་པའི་ཐོག་ནས་དགེ་འདུན་མའི་རྒྱུད་པ་སྤེལ་བར་དཀའ་ངལ་ཅི་ཡང་མེད། འོན་ཀྱང་མི་བྱིངས་ཀྱི་ནང་ཆོས་ལ་ལྟ་ཕྱོགས་མི་མཛེས་མི་ཡོང་བའི་སླད། བཙུན་མ་རྣམས་ལ་བསླབ་ཁྲིམས་མང་བ་གཏན་འབེབས་བྱེད་དགོས། དོན་དམ་པའི་ཐོག་ནས་སྤྱི་ཚོགས་ནང་གང་བཤད་ཀྱང་ཁྱད་པར་མེད། འོན་ཀྱང་ཀུན་རྫོབ་བདེན་པ་ཟེར་དུས། མི་མང་གི་གུས་བརྩི་དང་ཡིད་ཆེས་ལ་ཆ་འཇོག་དགོས་པ་ནང་པའི་ཆོས་ནང་གལ་ཆེན་པོ་ཆགས་ཡོད། དེས་ན་དེང་དུས་ཀྱི་སྤྱི་ཚོགས་ནང་བཙུན་མའམ་བུད་མེད་རྣམས་ལ་སྤྱིར་བཏང་ངམ་གྲངས་ཉུང་བར་ནང་པའི་སྲོལ་རྒྱུན་གྱིས་ཕྱོགས་ལྷུང་བྱས་ན། གུས་ཞབས་མེད་པ་ཆགས་ངེས་ཡིན་ཅིང་། སངས་རྒྱས་ཀྱི་དགོངས་པ་ནི་དུས་ཚོད་དང་བསྟུན་ནས་དེ་དག་ལ་བསྐྱར་བཅོས་བྱ་རྒྱུ་དེ་ཡིན། 

མཐར་བཟོད་སྲན་དང་སྙིང་རྗེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་གཙོ་གནད་ཅིག་ཡིན། དཔེར་ན། སངས་རྒྱས་ཀྱིས་སློབ་མ་གསར་པ་སུ་ཡིན་རུང་དེ་ལ་སྔོན་མ་རང་གི་ཆོས་རྒྱུད་གང་ཡིན་ཀྱང་དེ་ལ་གུས་བརྩི་དགོས་སྐོར་བཀའ་སྩལ། ནང་པའི་ཆོས་རྒྱུད་ནང་། མི་རྣམས་གཅིག་གིས་གཅིག་ལ་དོ་འཁུར་བྱེད་དགོས་པར་གསུངས། དཔེར་ན། གལ་ཏེ་དགེ་འདུན་ཞིག་ནད་ཀྱིས་མནར་བ་ན། དགེ་འདུན་གཞན་གྱིས་ཁོང་ལ་ལྟ་རྟོག་བྱེད་དགོས། གང་ཡིན་ཟེར་ན། ཚང་མ་ནང་པའི་ཆོས་རྒྱུད་གཅིག་གི་ཁོངས་མི་ཡིན། འདི་ནི་སྐྱ་སེར་དབྱེར་མེད་པར་ཚང་མར་གལ་ཆེ་བའི་བྱེད་སྒོ་ཞིག་ཡིན།

སངས་རྒྱས་ཀྱི་བསླབ་བྱའི་ཚུལ།

སངས་རྒྱས་ཀྱིས་སེམས་ཅན་རྣམས་ལ་གང་གི་སྐུ་ཚེའི་བླ་ན་མེད་པའི་དཔེ་དང་གདམས་ངག་གཉིས་ཀྱི་ཐོག་ནས་ལམ་སྟོན་གནང་གི་ཡོད། ཕྱིས་ཀྱི་གདུལ་བྱ་རྣམས་ལ་ཐབས་གཉིས་ཏེ། སྡེ་ཚན་ནམ་གང་ཟག་སྒེར་པར་ཆོས་སྟོན་ཚུལ་གཞིགས་ནས། སྡེ་ཚན་རྣམས་ལ་བཀའ་ཡི་ཐོག་ནས་ཆོས་བསྟན་ཅིང་། རྒྱུན་དུ་དོན་ཚན་གཅིག་ལ་བརྗོད་པ་སྣ་ཚོགས་ཀྱི་ཐོག་ནས་བསྐྱར་ཟློས་གནང་སྟེ་འགྲེལ་བརྗོད་གནང་ཅིང་། དེ་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱིས་གང་གསུངས་ཀྱི་སྙིང་པོ་ཇི་ལྟ་བ་བཞིན་དུ་རྟོགས་པར་ཕན་རླབས་ཆེ། འོན་ཀྱང་ཁོང་དང་དགེ་འདུན་པ་རྣམས་ཞལ་ལག་ལ་གདན་དྲངས་ནས་དེ་རྗེས་གང་ཟག་བྱེ་བྲག་པར་གསུང་ཆོས་གནང་སྐབས། སངས་རྒྱས་ཀྱི་ཐབས་སྣ་ཚོགས་ཀྱིས་ཆོས་གསུང་གི་ཡོད། ཁོང་གིས་ཉན་པ་པོའི་ལྟ་ཚུལ་ལ་ཁ་གཏད་མ་བཅག་པར་ཁོང་ཚོར་སོ་སོའི་ལང་ཕྱོགས་རེ་འཛིན་དུ་བཅུག་ནས་སོ་སོའི་བསམ་ཚུལ་གསལ་པོ་ཡོང་བར་རོགས་མགོན་གནང་གི་ཡོད། དེ་ལྟར་མི་རྣམས་ལ་སོ་སོའི་ལངས་ཕྱོགས་གོང་མཐོར་གཏོང་བཅུག་ནས་མཐར་རིམ་པས་དངོས་པོའི་གནས་ལུགས་ལ་གོ་རྟོགས་ཡོང་གི་ཡོད། དཔེ་གཅིག་ནི་སངས་རྒྱས་ཀྱིས་བྲམ་ཟེའི་ཁོངས་མི་ཡིན་པའི་དྲང་སྲོང་ཞིག་ལ་བླ་ན་མེད་པའི་ཡོན་ཏན་ནི་རིགས་རུས་ཀྱི་ཐོག་ནས་མི་ཡོང་བར་སོ་སོའི་སེམས་རྒྱུད་ཀྱི་ཡོན་ཏན་གོང་དུ་སྤེལ་བ་ལས་ཡོང་གི་ཡོད་ཅེས་བཀའ་བསྩལ།

དཔེ་མཚོན་གཞན་ཞིག་ནི་ཨ་མ་ཞིག་གིས་རང་གི་བུ་ཤི་བའི་ཕུང་པོ་ཁྱེར་ནས་སངས་རྒྱས་ལ་བུ་དེ་སླར་གསོནཔར་གསོལ་བ་བཏབ་པར་བསྩལ་བའི་བཀའ་དེ་ཡིན། སངས་རྒྱས་ཀྱིས་ཁོ་མོར་འཆི་བ་ནམ་ཡང་བྱུང་མྱོང་མེད་པའི་ཁྱིམ་ཞིག་ནས་ཡུངས་དཀར་གྱི་ས་བོན་ཞིག་འཁྱེར་ཤོག་དེ་ནས་ངས་ག་རེ་བྱེད་ཐུབ་མིན་ལྟ་ཆོག་ཅེས་བཀའ་གནང་། དེར་བརྟེན་ཁོ་མོས་ཁྱིམ་ནས་ཁྱིམ་བརྒྱུད་ཚང་མར་ཕྱིན་ཀྱང་འཆི་བ་མ་བྱུང་བའི་ཁྱིམ་གཅིག་ཀྱང་མ་རྙེད། རིམ་གྱིས་ཁོ་མོས་མི་ཚང་མ་ནམ་ཞིག་འཆི་དགོས་པའི་གནས་ལུགས་རྟོགས་ཐུབ་ཅིང་། སེམས་ཅུང་ཞི་བའི་ངང་རང་གི་བུའི་ཕུང་པོ་མེར་བསྲེགས།

མི་སྒེར་གྱི་དཀའ་ངལ་ལ་རོགས་པར་བྱེད་པར་སངས་རྒྱས་ཀྱི་ཆོས་ཀྱིས་ཐབས་ལམ་སྣ་ཚོགས་སྟོན་པ་དང་། སེམས་མཐའ་གཉིས་སུ་མ་ལྷུང་བ་བྱེད་རྒྱུ་གལ་ཆེ། ཕན་ནུས་ཆེ་ཤོས་ནི་བསམ་བློ་གཏོང་ཕྱོགས་ཐད་རོགས་རམ་བྱེད་དགོས། འོན་ཏེ་སངས་རྒྱས་ཀྱི་གསུང་སློབ་སྦྱོང་བྱེད་འདོད་པའི་མི་སྡེར། ང་ཚོས་འགྲེལ་བཤད་གསལ་པོ་རྒྱག་དགོས།

སངས་རྒྱས་དང་ཆོས་ལུགས་ཟུར་གྱེས་རྣམས་ལ་ངན་བྱུས།

སངས་རྒྱས་མྱ་ངན་ལས་འདས་ཁར་ལོ་བདུན་གྱི་སྔོན། ཕྲག་དོག་ཅན་གྱི་སྤུན་ཕྲུག་ལྷས་བྱིན་ (Devadatta) གྱིས་ཆོས་རྒྱུད་ཀྱི་གཙོ་འཛིན་ཆགས་ཆེད་སངས་རྒྱས་ཀྱི་གོ་གནས་འཕྲོག་རྒྱུའི་ངན་བྱུས་བཤམས། དེ་ག་ནང་བཞིན་སྲས་མ་སྐྱེས་དགྲས་ (Ajatashatru) རང་གི་ཕ་རྒྱལ་པོ་གཟུགས་ཅན་སྙིང་པོའི་གོ་གནས་འཕྲོག་སྟེ་ཡུལ་མ་ག་དྷའི་རྒྱལ་པོ་བྱེད་འདོད་ཀྱིས་ངན་བྱུས་བཏིངས། དེར་བརྟེན་ཁོ་གཉིས་ཀྱིས་ངན་བྱུས་མཉམ་དུ་བཤམས་ནས། སྲས་མ་སྐྱེས་དགྲས་རྒྱལ་པོ་གཟུགས་ཅན་སྙིང་པོ་གསོད་རྩིས་བྱས་པས། དེའི་ཉེར་ལེན་དུ་རྒྱལ་པོས་རང་གི་བུ་ལ་རོགས་བྱས་ཏེ་རྒྱལ་སྲིད་བཏང་། མ་སྐྱེས་དགྲར་ལེགས་སྒྲུབ་དེ་ལྟར་བྱུང་བ་མཐོང་འཕྲལ། ལྷས་བྱིན་གྱིས་མ་སྐྱེས་དགྲར་སངས་རྒྱས་ཀྱི་སྐུ་ལ་གནོད་པ་སྐྱེལ་དགོས་པའི་རེ་ངན་བཅངས། འོན་ཀྱང་སངས་རྒྱས་ཀྱི་སྐུ་ལ་གནོད་འཚེ་བྱ་རྒྱུའི་ངན་བྱུས་ཚང་མར་ལམ་ལྷོང་ཅི་ཡང་མ་བྱུང་།

ལྷས་བྱིན་གྱིས་དེ་ནས་རང་ཉིད་སངས་རྒྱས་ལས་རྩ་ཆེ་བ་ཡོད་སྐོར་བཤད་དེ་དགེ་འདུན་པ་རྣམས་སླུ་བྲིད་བྱེད་ཐབས་བྱས་པ་དང་། དེར་བརྟེན་ཁོ་པས་སྒྲིག་ཁྲིམས་དམ་བསྒྲགས་གཏན་འབེབས་བྱས། དུས་རབས་བཞི་པའི་ནང་གནས་བརྟན་སྨྲ་བའི་སློབ་དཔོན་སངས་རྒྱས་དབྱངས་ (Buddhaghosa) ཀྱིས་མཛད་པའི་རྣམ་དག་ལམ་ (Visuddhimagga) ལ་གཞིགས་ན། ལྷས་བྱིན་གྱིས་དགེ་འདུན་པ་རྣམས་ལ་བཏོན་པའི་བསམ་འཆར་ཁག་ནི།

  • གོས་ཧྲུལ་གྱིས་ལྷན་པ་བརྒྱབ་པའི་གོས་གྱོན་པ།
  • གོས་གསུམ་ཁོ་ན་གྱོན་པ།
  • བསོད་སྙོམས་ལ་ཕྱིན་ནས་ཞལ་ལག་ཆེད་གདན་དྲངས་ན་འགྲོ་མི་ཉན་པ།
  • བསོད་སྙོམས་ལ་འགྲོ་སྐབས་ཁྱིམ་ཚང་གཅིག་ཀྱང་མི་དོར་བ།
  • འདུག་གནས་གཅིག་ལ་ཟས་བཟའ་བ།
  • རང་གི་བསོད་སྙོམས་འབའ་ཞིག་བཟའ་བ།
  • ཟས་རིགས་གཞན་མི་སྤྱོད་པ།
  • ནགས་ཀྱི་ཁྲོད་ཁོ་ནར་སྡོད་པ།
  • ཤིང་གི་འོག་འདུག་པ།
  • ཕྱིར་སྡོད་པ་ལས་ཁང་པའི་ནང་སྡོད་མི་ཉན་པ།
  • མང་ཆེ་བ་དུར་ཁྲོད་དུ་སྡོད་དགོས་པ།
  • ས་ཆ་གཅིག་ནས་གཅིག་བརྒྱུད་གནས་གང་རྙེད་ཀྱང་དེ་ལ་འདོད་པ་ཚིམ་དགོས་པ།
  • འདུག་ནས་གཉིད་ཁུག་པ་ལས་ཉལ་མི་ཉན་པ།

སངས་རྒྱས་ཀྱིས་གལ་ཏེ་དགེ་འདུན་པ་རྣམས་ཀྱིས་ཁྲིམས་དེ་དག་གི་རྗེས་སུ་འབྲང་འདོད་ན། འགྲིགས་ཀྱི་རེད། འོན་ཀྱང་སུ་གཅིག་ལའང་དེ་ལྟར་བྱེད་དགོས་ཞེས་བཙན་ཤེད་བྱེད་མཁན་མེད། དགེ་འདུན་པ་མང་པོ་ཞིག་གིས་ལྷས་བྱིན་གྱི་རྗེས་སུ་ཕྱིན་ནས་སངས་རྒྱས་ཀྱི་སྡེ་ནས་ཐོན་པ་དང་ཁོང་ཚོའི་སོ་སོའི་རྒྱུད་པ་སྤེལ།

གནས་བརྟན་སྨྲ་བའི་ཆོས་རྒྱུད་ནང་། ལྷས་བྱིན་གྱིས་གཏན་ལ་ཕབ་པའི་བསླབ་ཁྲིམས་འཕར་མ་རྣམས་ལ་སྦྱངས་པའི་ཡན་ལག་ (dhutanga) བཅུ་གསུམ་ཞེས་ཟེར། དཔེར་ན། ནགས་ཁྲོད་ཀྱི་དགེ་འདུན་པའི་སྲོལ་རྒྱུན་ནི་དེང་སང་ཡང་ཐེ་ལན་ཌིའི་ནང་མཐོང་རྒྱུ་ཡོད་ཅིང་ཉམས་ལེན་དེ་ལས་བཏུས་པར་སེམས། སངས་རྒྱས་ཀྱི་སློབ་མ་འོད་བསྲུང་ཆེན་པོ་ (Mahakashyapa) ནི་ཁྲིམས་དེ་ཉམས་ལེན་བྱེད་མཁན་མཚན་གནས་ཆེ་ཤོས་དེ་ཡིན། ཁྲིམས་དེའི་རིགས་མང་པོ་ཞིག་ད་དུང་ཧིན་དྷུའི་ཆོས་ལུགས་ནང་གི་གནས་ངེས་མེད་ཀྱི་བྲམ་ཟེ་དེ་ཚོས་ཀྱང་ལག་བསྟར་བྱེད་ཀྱི་ཡོད། ཁོང་ཚོའི་ཉམས་ལེན་ནི་སངས་རྒྱས་ཀྱི་དུས་སྐབས་ཀྱི་བསོད་སྙོམས་ལ་བརྟེན་པའི་དགེ་སྦྱོང་རྣམས་ཀྱི་སྲོལ་རྒྱུན་གྱི་བརྒྱུད་པ་ཡིན།

ཐེག་ཆེན་གྱི་གྲུབ་མཐའ་ནང་དུ་དེ་དང་ཕྱོགས་མཚུངས་སྦྱངས་པའི་ཡོན་ཏན་ (dhutaguna) བཅུ་གཉིས་ཞེས་པ་ཞིག་ཡོད། དེའི་ནང་བསོད་སྙོམས་ལ་ཕེབས་སྐབས་ཁྱིམ་གཅིག་ཀྱང་མ་ལུས་པར་འགྲོ་དགོས་ཞེས་པ་མེད་པ་བཟོས་ནས། ཕྱག་དར་གྱི་སྣོད་ནང་དུ་ཡོད་པའི་གོས་གྱོན་དགོས་ཞེས་པ་དང་། བསོད་སྙོམས་ལ་ཕེབས་གྲངས་བརྩི་བ། བསོད་སྙོམས་འབའ་ཞིག་ལ་སྟེན་དགོས་པ་བསྣན། སྒྲིག་ལམ་གཙོ་ཆེ་བ་ཕྱིས་སུ་ཐེག་ཆེན་དང་ཧིན་དྷུའི་ཆོས་ལུགས་གཉིས་ཀའི་ནང་རྒྱ་གར་སྲོལ་རྒྱུན་ཁྲོད་ཀྱི་གྲུབ་ཐོབ་ཆེན་པོ་ (mahasiddha) རྣམས་ཀྱི་ཉམས་ལེན་གནང་གི་ཡོད།

ནང་པའི་སྲོལ་རྒྱུན་སྲ་བརྟན་ཡོད་པ་ཞིག་ནས་ཁ་གྱེས་ཏེ་རྒྱུད་པ་གཞན་ཞིག་ཆགས་པའི་རྗེས། དཔེར་ན། དེང་སང་ཆོས་ཚོགས་ཟེར་བ་བཙུགས་ཡོད་ཀྱང་དཀའ་ངལ་མ་ཡིན། དེ་ལྟར་བྱེད་པས་དགེ་འདུན་གྱི་ཚོགས་པ་གསར་པ་ཤིག་ཚུགས་ན་ཟུར་གྱེས་གཏོང་བ་མ་ཡིན། དགེ་འདུན་དབྱེན་འབྱེད་ནི་མཚམས་མེད་ལྔའི་ནང་ནས་གཅིག་ཡིན། དེ་ལྟར་ལྷས་བྱིན་གྱིས་དེ་ལྟ་བུའི་ཆོས་ལུགས་ཟུར་གྱེས་དང་མཚམས་མེད་ཀྱི་ལས་བསགས་ཡོད། གང་ཡིན་ཞེ་ན། ཁོ་པས་ཆོས་ལུགས་ཁ་ཐོར་བཏང་ནས་སངས་རྒྱས་ཀྱི་དགེ་འདུན་གྱི་སྡེ་ལ་གནོད་འཚེ་བཏང་བ་དང་སྐྱོན་འཛུགས་དྲག་པོ་བྱས་ཡོད། འགྲེལ་བ་འགའ་ཞིག་ལ་གཟིགས་ན། དེ་ལྟ་བུའི་ཆོས་ལུགས་ཟུར་གྱེས་དེ་དུས་རབས་ཁ་ཤས་རིང་གནས་འདུག །

ཆོས་ལུགས་ཟུར་གྱེས་ཀྱི་འགྲེལ་པར་གཟིགས་ཚེ་སངས་རྒྱས་ཀྱིས་དེ་ལ་བཟོད་སྲན་གནང་བ་ལས་དད་པའི་རྗེས་འབྲངས་པ་ཡིན་པ་སྟོན་གྱི་མེད། གལ་ཏེ་ཁོང་གི་རྗེས་འཇུག་རྣམས་ཀྱིས་བསླབ་ཁྲིམས་ནན་པོ་ཞིག་དགོས་འདོད་བྱས་ཚེ་གང་ཞིག་གཏན་ལ་ཕབ་ཀྱང་འགྲིགས་པ་ཞིག་དང་། གལ་སྲིད་ཁོང་ཚོས་དགོས་འདོད་མེད་ཚེ། དེ་ཡང་འགྲིགས་ཀྱི་རེད་ཅེས་གསུངས་ཀྱི་ཡོད། ནང་ཆོས་བྱེད་དགོས་ཞེས་སུ་གཅིག་ལའང་བཙན་བཀའ་གཏོང་གི་མེད། ཐ་ན་དགེ་འདུན་ཕོ་མོ་སུ་ཡིན་རུང་ཆོས་རྒྱུད་དེ་ལས་ཟུར་དུ་དོན་གྱི་ཡིན་ཞེ་ན། དེ་ལ་དགའ་པོའི་ངང་སྣང་བ་མཛད་ཀྱི་ཡོད། གང་ལྟར་གནོད་ཚབས་ཆེ་ཤོས་ནི་ནང་པའི་སྡེ་པ་ཁ་ཐོར་གཏོང་བ་དང་ལྷག་པར་དགེ་འདུན་གྱི་སྡེ་ཁ་ཐོར་བཏང་ནས། གཅིག་གིས་གཅིག་ལ་གནོད་སྐྱོན་དང་མི་འདོད་པ་བྱེད་པ་དེ་ཡིན། ཐ་ན་གཅིག་གིས་གཅིག་ལ་ཕན་ཚུན་འཐབ་རེས་བྱེད་པའི་སྡེ་ཚན་དེ་དག་མཉམ་རུབ་བྱེད་པ་དང་གཞན་སྡེར་གནོད་འཚེ་བྱེད་པ་ནི་མཐར་གནོད་སྐྱོན་ཆེ། གང་ལྟར་ཡང་གལ་སྲིད་སྡེ་པ་གཅིག་གིས་གནོད་ཚབས་ཆེ་བ་དང་གནོད་སྐྱོན་ཆེ་བའི་སྒྲིག་ལམ་ནང་འཇུག་ན། སྙིང་རྗེས་མི་རྣམས་ལ་ཉེན་ཁ་དེ་ལས་ཟློག་དགོས་པའི་སྐུལ་ཅག་བྱེད། འོན་ཀྱང་དེ་ལྟར་བྱེད་རྒྱུའི་སྐུལ་སློང་དེ་ཁོང་ཁྲོ་དང་། ཞེ་སྡང་། ཡང་ན་འཁོན་འཛིན་གྱིས་མ་བསླད་པ་བྱེད་དགོས།

སངས་རྒྱས་མྱང་ངན་ལས་འདས་པ།

མ་གཞི་སངས་རྒྱས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱས་ཟིན་པས། རང་དབང་མེད་པར་འཆི་བའི་རྒྱུན་ལས་ཐར་ནའང་། དགུང་གྲངས་ ༨༡ ལ་སྐུ་ལུས་དང་བྲལ་ནས་འཆི་བ་མི་རྟག་པ་སྟོན་ན་དགེ་མཚན་ཆེ་བར་གཟིགས་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། དེའི་སྔོན་དུ་གང་གི་སྐུ་འཁོར་ཀུན་དགའ་བོར་ (Ananda) དྲི་བ་འདྲི་བའི་གོ་སྐབས་གནང་། འོན་ཀྱང་ཀུན་དགའ་བོས་སངས་རྒྱས་ཀྱི་དགོངས་པ་མ་མཁྱེན། དེས་འདུལ་བྱ་རྣམས་ཀྱིས་ཆོས་སྟོན་རོགས་ཞེས་གསོལ་བཏབ་པའི་ཚེ་སངས་རྒྱས་ཀྱིས་ཆོས་སྟོན་པ་སྣང་། དེ་ལྟར་གསོལ་བ་མ་བཏབ་པའམ་དོ་དབྱིངས་མེད་ན། སེམས་ཅན་གཞན་གྱི་སླད་དུ་མཛད་འཕྲིན་རླབས་ཆེ་བ་ཡོང་བར་དགོངས་ནས་གཤེགས། སྟོན་པ་དང་བསྟན་པ་གནས་མི་གནས་ནི་སློབ་མ་རང་ལ་རག་ལས་ཡོད།

ཀུ་ཤའི་གྲོང་ཁྱེར་ (Kushinagara, གནས་རྩྭ་མཆོག) ནང་ཙུནྡའི་ (Chunda) ཁྱིམ་དུ་ཁྱིམ་བདག་དེ་དང་རྗེས་འཇུག་དགེ་འདུན་ཁག་ཅིག་གིས་ཕུལ་བའི་ཟས་བཞེས་པ་དང་སངས་རྒྱས་ནད་ཀྱིས་མནར་བའི་ཚུལ་མཛད། བཞུགས་འཁྲིའི་སྟེང་བཞུགས་ནས་དགེ་འདུན་པ་རྣམས་ལ། ཁྱེད་ཚོར་དྲི་བ་དང་དོགས་འཆར་འདྲ་ཡོད་ན་དྲིས་ཤོག་ཅེས་དང་། གང་གིས་གསུངས་པའི་ཆོས་དང་ཚུལ་ཁྲིམས་ལ་ཡིད་རྟོན་དགོས་ཞེས་བཀའ་གནང་། དེས་ན་སངས་རྒྱས་ཀྱིས་མི་སོ་སོས་སོ་སོའི་གནད་དོན་གང་ཡོད་གསལ་འདོན་དགོས་པ་དང་། ལན་ཚང་མ་འདི་ཡིན་ཞེས་ངེས་བརྟན་མེད་ཅེས་གསུངས་ཏེ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།

ཙུནྡ་རྦད་དེ་མགོ་རྨོངས་ནས་ཁོ་པས་སངས་རྒྱས་ལ་མི་རུང་བ་བྱས་སོང་བསམ་ནསའགྱོད། འོན་ཀྱང་ཁྱིམ་པ་རྣམས་ཀྱིས་སངས་རྒྱས་མྱ་ངན་ལས་འདས་ཁར་ཞལ་ཟས་ཕུལ་ནས་དགེ་བ་བསགས་ཡོད་ཅེས་ཀུན་དགའ་བོས་ཁྱིམ་པ་རྣམས་ལ་སེམས་གསོ་བཏང་། སངས་རྒྱས་ཀྱི་སྐུ་མེར་བསྲེགས་ནས་སྐུ་ལུས་ཀྱི་ཐལ་བ་རྣམས་མཆོད་རྟེན་ནང་བཞུགས་སུ་གསོལ་ཞིང་ལྷག་པར་ནང་པའི་གནས་ཆེན་བཞི་སྟེ།

  • ལུམ་བི་ནི་ (Lumbini) དང་།
  • སངས་རྒྱས་སའི་གནས་རྡོ་རྗེ་གདན།
  • ཝཱ་རཱ་ཎ་སཱི་ (Sarnath, སཱ་ར་ནཱ་ཐ་) །
  • ཀུ་ཤའི་གྲོང་ཁྱེར་བཅས་སུ་བཞུགས།

མཇུག་སྡོམ།

ནང་པའི་ཆོས་རྒྱུད་འདྲ་མིན་གྱིས་སངས་རྒྱས་ཀྱི་རྣམ་ཐར་སྣ་ཚོགས་གསུང་སྲོལ་ཡོད། དེ་དག་གི་ཁྱད་པར་ནི་སངས་རྒྱས་ཀྱི་མཛད་འཕྲིན་ལ་ཆོས་ལུགས་སོ་སོའི་གོ་བ་ལེན་ཕྱོགས་དང་གང་གི་བླ་ན་མེད་པའི་མཛད་པ་ལས་སེམས་ཅན་གྱི་མོས་པ་དང་བསྟུན་ནས་གསུངས་པ་སྟོན་གྱི་ཡོད།

  • ཐེག་དམན་གྱི་ལུགས་ལྟར་ལོ་རྒྱུས་ཐོག་བྱུང་བའི་སངས་རྒྱས་གཅིག་པུའི་ཐོག་ནས་འགྲེལ་ཞིང་། དེ་ཡང་ཇི་ལྟར་སངས་རྒྱས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཆེད་སྐུ་ལས་སྐྱོན་པ་བཞིན། ང་ཚོས་ཀྱང་འབད་བརྩོན་སྟེན་དགོས་ཚུལ་སྟོན་གྱི་ཡོད།
  • སྤྱིར་ཐེག་ཆེན་གྱི་འགྱུར་ནང་། བདག་ཅག་གི་སྟོན་པ་ནི་སྐལ་པ་མང་པོའི་་སྔོན་ནས་སངས་རྒྱས་ཟིན་པ་སྟོན། དེ་ཡང་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་བརྩོན་ངང་གིས་བསྟེན་དགོས་ཚུལ་གསུང་།
  • གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་རྒྱུད་ (anuttarayoga tantra) ཀྱི་ནང་། བདག་ཅག་གི་སྟོན་པ་སངས་རྒྱས་པ་དང་དུས་མཉམ་དུ་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པ་དང་རྡོ་རྗེ་འཆང་གི་རྣམ་པར་སྔགས་ཀྱི་ཆོས་གསུངས། དེས་ནི་སྔགས་ཀྱི་ཉམས་ལེན་ནི་དབུ་མའི་ (Madhyamaka) སྟོང་ཉིད་ཀྱི་ལྟ་བའི་ཐོག་གཞི་བཞག་ཡོད་པ་སྟོན་གྱི་ཡོད།

དེས་ན། ང་ཚོས་སངས་རྒྱས་ཀྱི་མཛད་རྣམ་ཀྱི་རིགས་ཡོད་དོ་ཅོག་ལ་ཐོས་བསམ་སྒོམ་གསུམ་དང་རིམ་པ་འདྲ་མིན་ཐོག་སེམས་ཤུགས་འཕེལ་ཆེད་ཕན་ཐོགས་ཤིན་ཏུ་ཆེ་བའི་བསླབ་བྱ་ལེན་ཐུབ།། །།