བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > བོད་སོག་ནང་ཆོས་ཀྱི་རྨང་གཞི། > རིམ་པ། ༢། ལམ་རིམ། > བདག་གཞན་མཉམ་བརྗེའི་སེམས་སྐྱེད་ཚུལ།

བདག་གཞན་མཉམ་བརྗེའི་སེམས་སྐྱེད་ཚུལ།

སེར་ཀོང་མཚན་ཞབས་རིན་པོ་ཆེ། ༡
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་བསྒྱུར།
རྒྱ་གར། དྷ་རམ་ས་ལ། ཕྱི་ལོ་ ༡༩༨༣ ཟླ་ ༦ ཚེས་ ༤ ཉིན།

གཞན་སེམས་ཅན་གྱི་ཆེད་དུ་མཐའ་གཅིག་ཏུ་བསྔོ་བ་དང་དེ་དག་ལ་ཕན་འདོགས་ཆེད་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བརྩོན་པའི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྲོལ་རྒྱུན་གཉིས་ཡོད་དེ། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱོང་བ་དང་བདག་གཞན་མཉམ་བརྗེའི་སྒོ་ན་སྦྱོང་བ་ཡིན། དེ་གཉིས་སོ་སོར་སྔོན་འགྲོའི་བཏང་སྙོམས་ཀྱི་བློ་སྦྱོང་བའི་ཚུལ་ཐ་དད་ཡོད། མ་གཞི་བཏང་སྙོམས་ཞེས་པའི་མིང་གཅིག་པ་ཡིན་ཀྱང་གང་སྦྱངས་པའི་བཏང་སྙོམས་གཉིས་མི་འདྲ།

༡) རྒྱུ་འབྲས་མན་ངག་བདུན་གྱི་བློ་སྦྱོང་ཚུལ་ནང་སེམས་ཅན་ཐམས་ཅད་རང་གི་མ་བྱེད་མྱོང་ཡོད་པ་ངོས་འཛིན་བྱེད་པའི་སྔོན་དུ་སྐྱེད་དགོས་པའི་བཏང་སྙོམས་ནང་རང་གི་མཉེན་དང་། དགྲ། བར་མའི་སེམས་ཅན་དམིགས་རྣམ་དུ་བྱེད་པ་གཏོགས་ཡོད་པ་དང་། བཏང་སྙོམས་དེ་ལ་བརྟེན་ནས་ང་ཚོས་ཆགས་ཞེན་དང་འཁོན་འཛིན་གྱི་ཚོར་བ་སྤོང་བར་བྱེད། མདོར་ན་དེའི་མིང་གཅིག་ནི་བཏང་སྙོམས་ཙམ་ཞེས་བྱ་ཞིང་། རང་གི་གཉེན་དང་། དགྲ། བར་མའི་སེམས་ཅན་ལ་ཆགས་པ་དང་སྡང་བ་ཟློག་པར་བྱེད། འདིར་ཙམ་སྒྲས་སེམས་སྦྱོང་གི་ཐབས་གཉིས་པ་དེའི་ནང་འགྲེལ་བཤད་ལྷག་པོ་ཡོད་པར་བསྟན།

གཞན་ཡང་བཏང་སྙོམས་དང་པོའི་མིང་ནི་ཉན་རང་དང་ཐུན་མོང་བའི་བཏང་སྙོམས་སྦྱོང་བའི་ཚུལ་ལ་བརྟེན་ནས་བསྐྱེད་པའི་བཏང་སྙོམས་ཙམ་ཞེས་བྱ། ཉན་རང་ནི་སངས་རྒྱས་ཀྱི་ཆོས་ནས་གསུང་པའི་ཐེག་དམན་གྱི་ཉམས་ལེན་པ་རིགས་གཉིས་ཡིན། འདིར་ཙམ་སྒྲས་ང་ཚོར་མེད་པ་དང་བྱང་ཆུབ་སེམས་ཀྱི་མ་ཟིན་པའི་བཏང་སྙོམས་ཤིག་སྟོན་གྱི་ཡོད།

༢) བདག་གཞན་མཉམ་བརྗེའི་སྔོན་འགྲོར་སྦྱོང་བའི་བཏང་སྙོམས་དེ་ནི་བཏང་སྙོམས་གོང་ན་མེད་པ་ཙམ་མ་ཟད་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང་དེ་དག་གི་དཀའ་ངལ་སེལ་བའི་རང་གི་ཡིད་དམ་ངག་གི་བྱ་སྤྱོད་ཀྱི་ཐོག་ནས་ཉེ་རིང་ཅི་ཡང་མེད་པའི་བཏང་སྙོམས་ཤིག་ཡིན། དེ་ནི་ཁྱད་དུ་འཕགས་པ་ཞིག་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་བཏང་སྙོམས་སྦྱོང་ལུགས་ཤིག་ཡིན།

བཏང་སྙོམས་ཙམ།

རྒྱུ་འབྲས་མན་ངག་བདུན་གྱི་བློ་སྦྱོང་ཚུལ་ནང་སེམས་ཅན་ཐམས་ཅད་རང་གི་མ་བྱེད་མྱོང་ཡོད་པ་ངོས་འཛིན་བྱེད་པའི་སྔོན་དུ་སྐྱེད་དགོས་པའི་བཏང་སྙོམས་དེ་སྦྱོང་ཚུལ་གང་རེད་ཅེས་དྲིས་ན། དེའི་ནང་གཤམ་གྱི་རིམ་པ་ཚུད་ཡོད།

གང་ཟག་མི་འདྲ་གསུམ་སྒོམ་པ།

དང་པོ། ང་ཚོས་གང་ཟག་མི་འདྲ་བ་གསུམ་ཡིད་ལ་བྱེད་དགོས། ང་ཚོས་མཐའ་གཅིག་ཏུ་མི་དགའ་བའམ་འཁོན་འཛིན་ཡོད་ཅིང་དགྲར་བརྩི་བ་གང་ཟག་ཅིག་དང་། ཧ་ཅང་ཆགས་ཞེན་ཆེན་པོ་བྱེད་སའི་གང་ཟག་ཅིག དེ་ནས་སྡང་འཛིན་དང་ཆགས་ཞེན་གཉིས་ཀ་མེད་པའི་གང་ཟག་ངོ་མི་ཤེས་པའམ་བར་མའི་གང་ཟག་ཅིག་བཅས་བསམ་བློ་གཏོང་དགོས། ང་ཚོས་གསུམ་ཀ་དམིགས་རྣམ་དུ་བྱེད་དགོས།

དེ་དག་སོ་སོར་བསམ་བློ་བཏང་བའི་རྗེས་དེ་མ་ཐག་རང་འགུལ་གྱི་རྣམ་འགྱུར་གང་འདྲ་ཞིག་ཐོན་གྱི་ཡོད་དམ་ཞེ་ན། ང་ཚོས་མི་དགའ་སའི་གང་ཟག་དེ་དང་འབྲེལ་ནས་མི་བདེ་བ་དང་། སྡང་འཛིན། མི་དགའ་བ་མངོན་དུ་འགྱུར་གྱི་ཡོད། དེ་ནས་རང་གིས་གཅེས་པར་འཛིན་པའི་གང་ཟག་དེ་དང་འབྲེལ་ནས་ཡིད་དུ་འོང་བ་དང་ཆགས་ཞེན་སྐྱེད་ཡོང་གི་ཡོད། མཐར་བར་མའི་གང་ཟག་དེ་དང་འབྲེལ་ནས་དོ་སྣང་མེད་པ་དང་རོགས་པའམ་གནོད་པའི་བསམ་བློ་ཅི་ཡང་འཁོར་གྱི་མེད། གང་ཡིན་ཟེར་ན་ངོ་མི་ཤེས་པ་དེ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་གང་ཡང་མཐོང་གི་མེད།

རང་གིས་མི་དགའ་སའི་གང་ཟག་ལ་ཡིད་དུ་མི་འོང་བ་སྤོང་བ།

[དབྱིན་སྐད་ནང་གོ་སྡུར་སླ་བའི་ཆེད། གང་ཟག་གསུམ་ཀ་བུད་མེད་དུ་སོམས།]

དང་པོ་ང་ཚོས་སོ་སོས་མི་དགའ་ཞིང་དགྲ་བོར་བརྩི་བའི་གང་ཟག་སྐོར་གླེང་བར་བྱ།

༡) བུད་མེད་དེ་ཡིད་དུ་མི་འོང་བ་དང་སྣང་བ་མི་འགྲོ་བ་མཐོང་བའི་སྐབས་ཚོར་སྣང་དེ་ངོས་འཛིན་དགོས།

༢) དེ་ནས་ཚོར་སྣང་དེའི་ཐོག་ནས་ཁོ་མོར་སྡུག་ཅག་ཅིག་འབྱུང་ན་བསམ་པའམ་རང་གིས་མི་འདོད་པའི་དངོས་པོ་ཞིག་དང་འཕྲད་ན་བསམ་པའི་རང་གི་ཚོར་བར་དོ་སྣང་བྱེད་དགོས།

༣) དེ་ལྟའི་ཚོར་སྣང་ངན་པ་དང་འདོད་པ་དེའི་རྒྱུ་མཚན་ལ་བརྟག་ཞིབ་བྱེད་དགོས། སྤྱིར་བཏང་རྒྱུ་མཚན་ནི་ཁོ་མོས་ང་ལ་གནོད་པ་བྱེད་ཀྱི་འདུག ང་ལ་གནོད་པ་བྱས་བྱུང་། ཡང་ན་ངའམ་ངའི་གྲོགས་པོར་ཚིག་ངན་པ་སྨྲས་བྱུང་ཟེར་བ་དེ་དག་ཡིན། དེར་བརྟེན་ཁོ་མོར་སྡུག་ཅག་ཅིག་འབྱུང་ན་བསམ་པ་དང་མོ་རང་གིས་འདོད་པའི་དོན་མ་སྒྲུབ་པར་ཤོག་ཅེས་བསམ་གྱི་ཡོད།

༤) དེ་ནས་སོ་སོས་མི་དགའ་སའི་བུད་མེད་དེར་སྡུག་ཅག་ཅིག་བྱུང་ན་བསམ་པའི་རྒྱུ་མཚན་དེར་བསམ་བློ་བཏང་ནས་རྒྱུ་མཚན་དེ་ཡང་དག་པ་ཞིག་ཡིན་མིན་བལྟ་དགོས། དེའང་ང་ཚོས་གཤམ་གསལ་ལྟར་བསམ་བློ་གཏོང་དགོས།

  • འདས་པའི་སྐྱེ་བ་སྔོན་མའི་དུས་སུ། ད་ལྟ་ང་ཚོས་དགྲར་བརྩི་བའི་བུད་མེད་དེས་ལན་མང་པོ་རང་གི་ཕ་མ་བྱེད་མྱོང་བ་མ་ཟད་རང་གི་གཉེན་དང་གྲོགས་བྱེད་མྱོང་ཡོད། སྐབས་དེ་དུས་ཁོ་མོས་ང་ལ་ཕན་གྲངས་མེད་བཏགས་ཡོད།
  • ཚེ་འདིར། ཕྱིས་སུ་གང་འབྱུང་མིན་ཆ་མ་མཆིས། ཚེ་མཇུག་ཏུ་ཁོ་མོ་རང་ལ་ཕན་འདོགས་མཁན་ཞིག་དང་རང་གི་གྲོགས་པོ་ཞིག་ཏུ་འགྱུར་སྲིད་པ་ཡིན། དེ་ལྟར་འབྱུང་བ་སྲིད་པ་ཡིན།
  • གང་ལྟར་ཡང་ང་དང་ཁོ་མོར་མ་འོངས་པའི་སྐྱེ་བ་གྲངས་མེད་ཡོད་པ་དང་དུས་ཤིག་ལ་ཁོ་མོ་ངའི་ཕའམ་མར་འགྱུར་རྒྱུ་ནི་ངེས་པ་ཡིན། དེས་ན་ཁོ་མོས་རང་ལ་ཕན་ཐོགས་རླབས་ཆེན་བྱེད་རྒྱུ་ཡིན་ཞིང་། རང་གི་རེ་བ་བཅོལ་ས་ཁོ་མོ་ཉིད་ཡིན། དེར་བརྟེན་འདས་པའི་དུས་དང་། ད་ལྟ། མ་འོངས་པའི་ནང་ཕྱོགས་མང་པོ་ནས་ཁོ་མོས་རང་ལ་ཕན་བཏགས་པ་དང་། འདོགས་བཞིན་པ། གདག་པར་འགྱུར། མཐར་རང་གི་གྲོགས་སུ་འགྱུར་གྱི་ཡོད། དེ་ནི་ངེས་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས། དཔེར་ན་ཁོ་མོས་ཚེ་འདིར་ང་ལ་ཐེངས་ཤིག་གནོད་པ་སྐྱེལ་བྱུང་ཞེས་པའི་རྒྱུ་མཚན་ཆུང་ཆུང་ཞིག་གིས་རྐྱེན་པས། རང་གིས་ཁོ་མོ་སོ་སོའི་དགྲར་བལྟ་བ་དང་ངན་སེམས་བཅངས་ཀྱི་ཡོད། དེ་ལྟར་རྩ་བ་ནས་བྱ་རྒྱུ་མེད།

༥) ང་ཚོས་དཔེ་ཁ་ཤས་ལ་བསམས་ན། དཔེར་ན། རང་ལ་དངུལ་མང་པོ་སྦྱིན་ཐུབ་མཁན་དང་། ནུས་པ་ཡོད་པ་བཞིན་སྦྱིན་འདོད་ཡོད་མཁན། སྔོན་ཆད་དེས་རང་ལ་དངུལ་ཕྲན་བུ་བྱིན་མཁན་དངུལ་ཁང་གི་ལས་བྱེད་པ་ཞིག་ངམ་མི་ཕྱུག་པོ་ཞིག་གི་ལ་ཆ་བཞག་ན། ཉིན་གཅིག་ཁོ་པ་ཁོང་ཁྲོ་ཟ་ནས་རང་ལ་འགྲམ་ལྕག་ཅིག་གཞུས་སྐབས། རང་ཉིད་ཁོང་ཁྲོ་ཟ་ནས་རླུང་ལངས་པའི་རྣམ་འགྱུར་འདྲ་བསྟན་ན། དེ་ལ་བརྟེན་ནས་རང་ལ་དངུལ་སྦྱིན་རྒྱུའི་མི་དེའི་འདོད་པ་བརླག་འགྲོ་ཉེན་ཆེ། མ་ཟད་མི་དེའི་བསམ་བློ་གྱུར་ནས་དངུལ་དེ་མི་གཞན་ལ་སྦྱིན་རྒྱུའི་ཉེན་ཁའང་ཡོད། ཕྱོགས་གཞན་ཞིག་ནས། ཅི་སྟེ་འགྲམ་ལྕག་གཞུས་པར་རང་གིས་བཟོད་སྒོམ་བྱས་ཏེ། རྣམ་འགྱུར་གང་ཡང་མ་བསྟན་པར་ཁ་བཙུམས་ནས་བསྡད་ན། མི་དེ་དགའ་པོ་བྱུང་ནས་ཕྱིས་སུ་རླུང་ལང་གི་མེད། གཅིག་བྱས་ན་ཁོ་པས་ཐོག་མའི་བསམ་པ་ལས་ལྷག་རང་ཉིད་ལ་དངུལ་སྔར་བས་མང་བ་སྦྱིན་ངེས་ཡིན། གང་ལྟར་གལ་ཏེ་རང་ཉིད་རླུང་ལངས་བ་དང་རྣམ་འགྱུར་དྲག་པོ་བསྟན་ན། དེ་ནི་བོད་པའི་ཁ་རྒྱུན་དུ། ཟས་ཁ་ནང་དུ་ཡོད་སྐབས། ལྕེས་འབུད་རྒྱག་བརྒྱབ་ཟེར་བ་ལྟར་འགྱུར་ངེས་ཡིན།

༦) དེར་བརྟེན་རང་གིས་མི་དགའ་སའི་མི་དེར་ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་གཏོང་དགོས། དེ་ག་ནང་བཞིན་སེམས་ཅད་ཐམས་ཅད་ལའང་གཅིག་པ་ཡིན། ཕུགས་རྒྱང་རིང་པོའི་ཐོག་ནས་ཁོང་ཚོའི་རང་ལ་ཕན་འདོགས་པ་ནི་བརྒྱ་ཆ་བརྒྱ་ཐམ་པ་ངེས་པ་ཡིན། སོང་ཙང་གནོད་པ་ཆུང་ཙག་ཅིག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་མི་དེར་ཁོང་ཁྲོའི་ཡུལ་དུ་འཛིན་པ་ནི་རྦད་དེ་མི་འོས་པ་ཡིན།

༧) དེ་རྗེས་ང་ཚོས་ སྡིག་པ་ར་ཙ་དང་། བདག་མེད་སྲོག་ཆགས། ཡང་ན་གདོན་འདྲེ་ཞིག་ཁོང་ཁྲོ་ལངས་ཏེ་དེ་མ་ཐག་ཚུར་རྒོལ་ལན་སློག་པར་བསམ་བློ་ཐོངས་དང་། དེ་ནས་ང་ཚོ་རང་ཉིད་ལ་བསམ་བློ་བཏང་ནས། སྲོག་ཆགས་དེ་དག་ནང་བཞིན་བྱེད་པ་ནི་མི་འོས་པ་ཞིག་ཡིན་ཚུལ་མཐོང་ཐུབ། དེ་ལྟར་ང་ཚོས་སོ་སོའི་ཁོང་ཁྲོ་ཞི་བར་བྱེད་ཐུབ། མི་ཆེ་གེ་མོ་ཞིག་གིས་རང་ལ་གནོད་པ་ཅི་ཞིག་བྱས་ཀྱང་གང་ཡང་མེད། རང་ངོས་ནས་ཁོང་ཁྲོ་ནམ་ཡང་བཟའ་རིན་མེད། དེ་མིན་རང་ཉིད་སྡིག་པ་ར་ཙ་དང་དུད་འགྲོ་དང་ཁྱད་པར་གང་ཡང་མི་འདུག་ཅེས་བསམ་བློ་གཏོང་དགོས།

༨) མཐའ་དོན་ང་ཚོས་དེ་དག་ཚང་མར་རྒྱུ་མཚན་བཀོད་དེ། གཞན་གྱིས་རང་ལ་གནོད་པ་ཆུང་ཙག་ཅིག་བྱས་པ་རྒྱུ་མཚན་དུ་བྱས་ཏེ་ཁོང་ཁྲོ་བཟའ་གི་མིན་ཞེས་ཐག་གཅོད་དགོས། གང་ཡིན་ཟེར་ན།

  • འདས་པའི་དུས་དུ་ཁོང་ཚོ་རང་གི་ཕ་མ་བྱེད་མྱོང་ཡོད།
  • ཚེ་འདིའི་མཇུག་ཏུའང་ཁོང་ཚོ་རང་གི་མཛའ་གྲོགས་སུ་འགྱུར་མིན་ངེས་པ་མེད།
  • མ་འོངས་པར་སྐབས་ཤིག་ཁོང་ཚོ་རང་གི་ཕ་མར་གྱུར་ནས་རང་ལ་ཕན་འདོགས་སྲིད། དེར་བརྟེན་འདས་ད་ལྟ་མ་འོངས་པ་གསུམ་གྱི་ནང་ཁོང་ཚོ་རང་ལ་དྲིན་ཆེན་པོ་ཡིན།
  • གལ་ཏེ་ངས་ཕར་ཁོང་ཁྲོ་བྱས་ན། ང་རང་དུད་འགྲོ་དང་ཁྱད་མེད་ཆགས་ཉེན་ཆེ། དེར་བརྟེན་ཚེ་འདིར་ཁོང་ཚོས་རང་ལ་གནོད་པ་ཆུང་ཆུང་ཞིག་བྱས་པར་ངས་ཁོང་ཁྲོ་བཟའ་རིན་མི་འདུག་ཅེས་དྲན་དགོས།

རང་གིས་དགའ་སའི་གང་ཟག་ལ་ཆགས་པ་སྤོང་བ།

༡) ང་ཚོས་སྔོན་དུ་དམིགས་རྣམ་དུ་བྱས་ཟིན་པའི་གང་ཟག་རིགས་གསུམ་གྱི་ཁྲོད་ནས་སོ་སོའི་གྲོགས་པོའམ་དགའ་ས་དེ་ཡིད་ལ་བྱེད་དགོས།

༢) ང་ཚོས་མི་དེར་ཆགས་ཞེན་གྱི་བསམ་པ་མངོན་དུ་བྱེད་དགོས།

༣) ང་ཚོས་མི་དེར་བཅངས་པའི་ཚོར་བ་སྔར་བས་ཤུགས་ཆེ་རུ་འགྲོ་བཅུག་པ་དང་། དེ་དང་དུས་རྟག་དུའགྲོགས་འདོད་ཀྱི་བློ་སྐྱེད་དེ་ནས་ང་ཚོས།

༤) དེ་ལྟར་ཆགས་ཞེན་བྱེད་པའི་སོ་སོའི་རྒྱུ་མཚན་ལ་བརྟག་དཔྱད་བྱེད་དགོས། དེའི་རྒྱུ་མཚན་ནི་ཁོ་མོས་རང་ལ་ཚེ་འདིར་ཕན་ཐོགས་ཕྲན་བུ་བྱས་པ་དང་། རང་ལ་ཡག་པོ་བྱས་པ། རང་ལ་ཚོར་སྣང་ཡག་པོ་སྟེར་བ། ཡང་ན་དེ་དང་འདྲ་བའི་ཆ་ནས་ཡིན། བྱས་ཙང་རང་ཉིད་ཁོ་མོར་ཆགས་པ་དང་དགའ་ཡི་ཡོད།

༥) དེ་རྗེས་ཚོར་བ་དེ་འདྲ་ཡོད་པའི་རྒྱུ་མཚན་ཡང་དག་པ་ཡིན་མིན་ལ་བལྟ་དགོས། དེ་ཡང་རྒྱུ་མཚན་ཡང་དག་པ་ཞིག་མ་ཡིན། གང་ཡིན་ཟེར་ན།

  • སྐྱེ་བ་སྔོན་མ་དག་གི་ནང་ཁོ་མོ་རང་གི་དགྲ་བྱས་ཏེ། རང་ལ་གནོད་པ་དང་། རང་གི་ཤ་ཟས་པ། རང་གི་ཁྲག་བཏུང་ཡོད་པར་ཐེ་ཚོམ་མེད།
  • ཚེ་འདིའི་མཇུག་ཏུའང་ཁོ་མོ་རང་གི་དགྲ་སྡུག་ཤོས་ཤིག་ཏུ་འགྱུར་མི་སྲིད་པ་མ་རེད།
  • སྐྱེ་བ་ཕྱི་མར་ཡང་སྐབས་རེ་ཁོ་མོས་རང་ལ་གནོད་པའི་ལས་བྱེད་སྲིད་པ་གཏན་གཏན་ཡིན།

༦) ཁོ་མོས་ཚེ་འདིར་རང་ལ་ཕན་ཐོགས་ཆུང་ཙག་ཅིག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། གལ་ཏེ་རང་ཉིད་ཁོ་མོར་རྦད་དེ་ཆགས་པ་དང་དགའ་ན། སྲིན་མོའི་༼མི་ཤ་ཟ་མཁན་གྱི་བུད་མེད་གླུ་མའི་༽གཞས་ཀྱི་བསླུ་བྲིད་བཏང་བའི་སྐྱེས་པ་དེ་དག་དང་ཁྱད་པར་གང་ཡང་མེད། གླུ་མ་དེ་དག་གི་བྱད་བཞིན་ནི་ཧ་ཅང་མཛེས་པ་དང་། སྐྱེས་པ་ཚོ་བསླུ་བྲིད་བྱས་ཏེ། ཕྱིས་སུ་ཁོང་ཚོ་བཟའ་གི་ཡོད།

༧) དེ་ལྟར་ཚེ་འདིར་རང་ལ་ཕན་ཐོགས་ཕྲན་བུ་བྱས་པའི་རྒྱུ་མཚན་གྱིས་མི་དེར་ནམ་ཡང་ཆགས་ཞེན་བྱེད་རྒྱུ་མེད་པ་ཐག་གཅོད་དགོས།

བར་མའི་དེར་དོ་སྣང་མེད་པ་སྤོང་དགོས།

གསུམ་པ། རང་གི་དགྲ་དང་གཉེན་གང་ཡང་མིན་པའི་བར་མའི་མི་དེའི་ཕྱོགས་སུ་བརྒྱུད་རིམ་གཅིག་མཚུངས་ལག་བསྟར་བྱེད་དགོས།

༡) ང་ཚོ་དམིགས་རྣམ་བྱེད་པ་ལས་མི་དེར་དོ་སྣང་བྱེད་དགོས།

༢) མི་དེར་གནོད་པའམ་ཕན་འདོགས་པ། མེད་པ་བཟོ་རྒྱུ་སོགས་བསམ་བློ་ཅི་ཡང་འཁོར་མ་བཅུག

༣) སྔར་བས་སྣང་མེད་གཏོང་བའི་ཚོར་ཤུགས་སྐྱེད་འཇུག

༤) དེ་ལྟའི་རང་གི་ཚོར་སྣང་གི་རྒྱུ་མཚན་ལ་བརྟག་དཔྱད་བྱེད། རྒྱུ་མཚན་ནི་ཁོ་མོས་རང་ལ་ཕན་བཏགས་མེད་པ་ལ་གནོད་པའང་སྐྱེལ་མེད་པ་དང་། འབྲེལ་བའང་གང་ཡང་མེད་པ་དེ་ཡིན།

༥) དེ་ནས་ང་ཚོས་ཚོར་སྣང་དེར་རྒྱུ་མཚན་ཡང་དག་པ་ཞིག་འདུག་མི་འདུག་དཔྱད་ན། ཁོ་མོ་ནི་མཐའ་གཅིག་ཏུ་ངོ་མི་ཤེས་པའམ་བར་མའི་གང་ཟག་ཅིག་མ་ཡིན་པ་ཤེས་ཐུབ། གང་ཡིན་ཟེར་ན། སྐྱེ་བ་སྔོན་མ་དང་། ཚེ་འདིའི་ཚེ་མཇུག སྐྱེ་བ་ཕྱི་མར་ཁོ་མོ་རང་གི་གཉེན་ཉེ་དང་། གྲོགས་པོ་སོགས་ཆགས་མི་སྲིད་པ་མ་ཡིན།

དེ་ལྟར་བྱས་ན་ང་ཚོས་དགྲ་དང་། གཉེན། བར་མའི་སེམས་ཅན་ལ་དམིགས་པའི་ཁོང་ཁྲོ་དང་། འདོད་ཆགས། སྣང་མེད་བྱེད་པའི་བསམ་པ་ཚང་མ་སྤོང་ཐུབ་པ་ཡོང་གི་ཡོད། དེ་ནི་ཉན་རང་ཐུན་མོང་དུ་ཡོད་པའི་བཏང་སྙོམས་སྦྱོང་བའི་ཐབས་ཡིན་པ་དང་། དེ་ནི་བྱང་ཆུབ་སེམས་སྐྱེད་པའི་ཐབས་རྒྱུ་འབྲས་མན་ངག་བདུན་གྱི་ནང་གསུང་པ་བཞིན་སེམས་ཅན་ཐམས་ཅད་རང་གི་ཕ་མ་བྱེད་མྱོང་བ་ངོས་འཛིན་པའི་སྔོན་འགྲོར་གསུང་གི་ཡོད།

ཐེག་པ་ཆེན་པོའི་བཏང་སྙོམས་རྣམ་པར་དབྱེ་བ།

བདག་གཞན་མཉམ་བརྗེའི་སྒོ་ནས་བཏང་སྙོམས་སྦྱོང་བའི་ཐབས་གཉིས་སུ་ཕྱེས།

༡) ཀུན་རྫོབ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ་དང་།

༢) དོམ་དམ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ།

ཀུན་རྫོབ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ་ལ་གཉིས།

༡) རང་གི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ་དང་།

༢) གཞན་གྱི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ།

རང་གི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ་ལ་གསུམ་ལས།

༡) སྐྱེ་བ་གྲངས་མེད་པའི་ནང་སེམས་ཅན་གྲངས་མེད་པ་ལ་རང་རང་སོ་སོའི་ཕ་མ་དང་། གཉེན། གྲོགས་པོ་ཡོད་སྟབས། ཁ་ཤས་ལ་ཉེ་པོ་ཚོར་བ་དང་ཁ་ཤས་ལ་རྒྱང་ཐག་རིང་པོ་ཚོར་བ་ནི་ལུགས་མཐུན་མ་ཡིན། འདི་གྲོགས་རེད་ཅེས་དང་འདི་དགྲ་རེད་ཅེས་བསུ་བ་དང་དོར་བ་ནི་ཡག་པོ་མ་ཡིན། གལ་སྲིད་ངས་སྐར་མ་བཅུ་དང་། ལོ་བཅུ། སྐྱེ་བ་བཅུའི་ནང་རང་གི་མ་མཐོང་མེད་ན་ཁོ་མོ་ནི་ད་དུང་རང་གི་མ་ཡིན་པར་ང་ཚོས་བསམ་བློ་གཏོང་དགོས།

༢) གང་ལྟར་སེམས་ཅན་འདི་དག་གིས་རང་ལ་ཕན་བཏགས་པ་བཞིན། སྐབས་ཤིག་ལ་དེ་དག་གིས་རང་ལ་གནོད་པའང་བྱས་ཡོད་པ་སྲིད། ཁོང་ཚོས་རང་ལ་ཕན་བཏགས་པའི་དུས་ཀྱི་གྲངས་ཚད་དང་ཕན་མང་ཉུང་ཇི་ཙམ་བཏགས་པ་དང་བསྡུར་ན། གནོད་པ་བྱས་པ་ནི་ཧ་ཅང་ཆུང་ཆུང་ཡིན། དེར་བརྟེན་གཅིག་ལ་བསུ་བ་ཞུ་བ་དང་གཅིག་ལ་རྒྱང་རིང་དུ་དོར་བ་ནི་ཏག་ཏག་སྡོད་ཀྱི་མེད།

༣) ང་ཚོ་ཚང་མ་ནམ་ཞིག་འཆི་རྒྱུ་ངེས། འོན་ཀྱང་འཆི་བའི་དུས་དེ་ངེས་པ་མེད། དཔེར་ན། ང་ཚོ་སང་ཉིན་སྲོག་ཐོག་གཏོང་རྒྱུར་ཁྲིམས་ཐང་བཅད་པར་ཆ་ཞོག སོ་སོའི་ཉིན་མཐའ་མ་དེ་གཞན་ལ་ཁོང་ཁྲོ་སློང་བ་དང་གནོད་པ་སྐྱེལ་རྒྱུར་བཏང་ན་ཆོ་མེད་པ་ཞིག་ལས་མ་འདས། རྒྱུ་མཚན་ཆུང་ཙག་ཅིག་ལ་བསམས་ནས། ང་ཚོས་སོ་སོའི་མི་ཚེའི་མཐའ་མཇུག་ཏུ་དགེ་བའི་བྱ་བ་རླབས་ཆེན་ཞིག་གསོག་ཐུབ་རྒྱུའི་གོ་སྐབས་འཕྲོ་བརླག་གཏོང་གི་ཡོད། དཔེར་ན། ཐེངས་གཅིག་དཔོན་པོ་ཞིག་ཡོད་པ་དེ་མི་གཞན་ཞིག་ལ་ཁོང་ཁྲོ་དྲག་པོ་ལངས་ཏེ་ཕྱི་ཉིན་དེར་མི་དེར་ཉེས་ཆད་ལྗིད་པོ་ཞིག་གཅོད་རྒྱུའི་བསམ་བློ་འཁོར། ཉིན་དེ་ཆ་ཚང་ཉེས་ཆད་གང་ཞིག་གཅོད་དགོས་མིན་ཐད་འཆར་གཞི་བསྒྲིགས་པ་དང་ཕྱི་ཉིན་ཞོགས་པ་དེར། ཉེས་ཆད་མ་བཅད་སྔོན་གློ་བུར་དུ་ཁོ་རང་ཤི་བ་རེད། ཁོ་པའི་ཁོང་ཁྲོ་ནི་རྦད་དེ་ཆོ་མེད་པ་ཞིག་ཡིན། དེ་ནི་སང་ཉིན་འཆི་ལ་ངེས་པའི་མི་ཞིག་ལའང་གཅིག་པ་ཡིན། དེ་རིང་གཞན་ལ་གནོད་པ་བྱེད་པ་དེར་སྙིང་པོ་ཅི་ཡང་མེད།

གཞན་གྱི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ་ལ་གསུམ་ལས།

༡) རང་གིས་ཐ་ན་རྨི་ལམ་ཚུན་ཆད་ནང་སྡུག་བསྔལ་མི་འདོད་པ་དང་། བདེ་བ་ཇི་ཙམ་ཡོད་ཀྱང་གང་ཡང་མེད། འདོད་པ་ནམ་ཡང་ཁེངས་ཀྱི་མེད་ཅེས་རང་ལ་སྦྱར་ནས་བསམ་བློ་གཏོང་དགོས། དེ་ག་ནང་བཞིན་གཞན་ལའང་གཅིག་པ་ཡིན། ཐ་ན་འབུ་སྲིན་ཕྲ་མོ་ཡན་ཆད་ཐེ་བའི་སེམས་ཅན་གྲངས་ལས་འདས་པ་རྣམས་ཀྱིས་བདེ་བ་འདོད་པ་ལས་སྡུག་བསྔལ་ནམ་ཡང་མི་འདོད། དེར་བརྟེན་འགའ་ཞིག་ལ་བསུ་བ་བྱེད་པ་དང་འགའ་ཞིག་ལ་སྣང་མེད་བྱེད་པ་ནི་ཆོ་མེད་པ་རང་ཡིན།

༢) སྤྲང་པོ་བཅུ་རང་གི་སྒོ་འགྲམ་དུ་བསླེབས་པར་ཆ་ཞོག སྐབས་དེར་ཁ་ཤས་ལ་ཟས་བྱིན་ནས་ཁ་ཤས་ལ་མ་བྱིན་པ་ནི་ལུགས་བཟང་མ་ཡིན། ཁོང་ཚོས་བཀྲེས་སྐོམ་གྱིས་མནར་བ་གཅིག་པ་དང་ཟས་དགོས་པ་གཅིག་པ་ཡིན། དེ་ག་ནང་བཞིན་མ་རིག་པའི་སྐྱོན་མ་འགོས་པའི་བདེ་སྐྱིད་ལ་མཚོན་ན། དེ་སུ་ལ་ཡོད། འོན་ཀྱང་མ་རིག་པས་བསླད་པའི་བདེ་སྐྱིད་དེ་ཡང་སེམས་ཅན་གྲངས་མེད་པ་དང་། བདེ་བ་དོན་གཉེར་བྱེད་པ་ནི་ཚང་མ་གཅིག་གྱུར་ཡིན། དེར་བརྟེན་ཁ་ཤས་ལ་སྣང་མེད་བྱེད་པ་དང་ཁ་ཤས་ལ་དགའ་པོ་བྱེད་པ་ཏག་ཏག་མ་ཡིན།

༣) གཞན་ཡང་དཔེ་ཞིག་ནི། ནད་པ་བཅུ་ཡོད་པ་ཆ་ཞོག ཁོང་ཚོ་ཚང་མར་ཡ་ང་བ་དང་ཐབས་སྐྱོ་བའི་གནས་སྟངས་གཅིག་པ་ཡོད། དེར་བརྟེན་ཁ་ཤས་ལ་ཡག་པོ་བྱེད་པ་དང་ཁ་ཤས་ལ་ཡག་པོ་མི་བྱེད་པ་ནི་དྲང་པོ་མིན། དེ་ག་ནང་བཞིན་སེམས་ཅན་ཐམས་ཅད་ལ་འཁོར་བ་སྤྱིའི་སྡུག་བསྔལ་དང་ཡང་སྒོས་སོ་སོ་སྒེར་གྱི་སྡུག་བསྔལ་ཡོད་པ་གཅིག་མཚུངས་ཡིན། རྒྱུ་མཚན་དེ་ལ་བརྟེན་འགའ་ཞིག་ལ་སྣང་ཆུང་བྱེད་པ་དང་འགའ་ཞིག་ལ་དགའ་པོ་བྱེད་པ་ནི་དྲང་པོ་དང་ལུགས་མཐུན་མ་ཡིན།

དོམ་དམ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱ་ཚུལ་ལ་གསུམ་ལས།

༡) ང་ཚོའི་མ་རིག་པའི་རྐྱེན་གྱིས་སོ་སོར་རོགས་རམ་མམ་ཡག་པོ་བྱེད་མཁན་དང་། སོ་སོར་སྡུག་ཅག་བྱེད་མཁན་གྱི་དགྲར་བརྩི་བ་རྣམས་ལ་སྒྲོ་འདོགས་བྱེད་ཚུལ་ལ་ང་ཚོས་བསམ་བློ་གཏོང་དགོས། གང་ལྟར་ཅི་སྟེ་དེ་དག་ང་ཚོས་རྟོག་པས་སྒྲོ་བཏགས་པ་བཞི་བདེན་པར་གྲུབ་ཡོད་ན། དེ་བཞིན་གཤེགས་པ་སངས་རྒྱས་ཀྱིས་དེ་ལྟར་གཟིགས་ངེས་པ་ཡིན་ཀྱང་མ་གཟིགས། སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་པའི་ནང་། སངས་རྒྱས་ཀྱི་སྐུའི་གཞོགས་གཅིག་ལ་དྲི་ཆབ་སྒྲོན་མཁན་དང་གཞོགས་གཅིག་ལ་རལ་གྲིས་ལྷེབ་གཞོག་རྒྱག་མཁན་གཉིས་ལ་སངས་རྒྱས་ཀྱིས་ཉེ་རིང་རྩ་བ་ནས་མེད་པར་གཅིག་པ་གཅིག་རྐྱང་གནང་གི་ཡོད་ཅེས་གསུངས།

ང་ཚོས་ཉེ་རིང་མེད་པའི་དཔེ་མཚོན་གཞན་ཞིག་ནི་སངས་རྒྱས་ཀྱིས་གང་གི་སྤུན་མཆེད་ལྷས་བྱིན་གནང་ལུགས་ཐོག་ནས་ཤེས་གསལ་རེད། ལྷས་བྱིན་གྱིས་རྟག་ཏུ་ཕྲག་དོག་དང་བཅས་སངས་རྒྱས་ལ་གནོད་པ་སྐྱེལ་མཁན་ཞིག་ཡིན། དེར་བརྟེན་ང་ཚོས་ཕྱོགས་ཞེན་ཅན་བྱེད་མི་རུང་བ་དང་མ་རིག་པའི་གཞན་དབང་དུ་སོང་ནས་གཞན་རྣམས་བདེན་པར་གྲུབ་པར་སྒྲོ་བཏགས་ནས་དེ་དག་གི་ཕྱོགས་འཛིན་རྒྱུ་མེད། བདེན་པར་གྲུབ་པ་སུ་གཅིག་ཀྱང་མེད། ང་ཚོས་རང་རྒྱུད་ཀྱི་བདེན་འཛིན་སྤོང་དགོས་པ་ཡིན། འཛིན་པ་དེ་ནི་ཆོས་རྣམས་བདེན་པར་མ་གྲུབ་ཀྱང་བདེན་པར་གྲུབ་པ་ལྟ་བུར་སྣང་བའི་མ་རིག་པ་ལ་བྱུང་།

༢) དེར་མ་ཟད་ང་ཚོས་འཛིན་པ་ལྟར། གལ་སྲིད་སེམས་ཅན་དེ་དག་རང་གི་གཉེན་དང་དགྲ་ཞེས་པའི་སྡེ་ཚན་ནང་དུ་བདེན་པར་གྲུབ་ཡོད་ན། དུས་རྟག་ཏུ་དེ་ལྟར་གནས་དགོས་ཀྱི་ཡོད། དཔེར་ན། དུས་ཚོད་ཏག་ཏག་སྟོན་མཁན་གྱི་ཆུ་ཚོད་ཅིག་ལ་བསམ་བློ་གཏོང་དང་། དེ་སྐབས་རེ་རྐྱེན་ཞིག་ལ་བརྟེན་ནས་ཏག་ཏག་འགྲོ་གི་ཡོད་ཀྱང་སྐབས་རེ་རྐྱེན་གཞན་ཞིག་ལ་བརྟེན་རྗེས་ལུས་ཐེབས་པ་དེ་འདྲ་ཡོང་སྲིད་པ་ལྟར། གཞན་གྱི་གནས་སྟངས་ཀྱང་རང་སོར་ནམ་ཡང་མི་གནས་པར་འགྱུར་བ་འགྲོ་གི་ཡོད། གལ་སྲིད་ང་ཚོས་རང་དབང་མེད་པར་བསྐྱར་དུ་བྱུང་བའི་འཁོར་བའི་གནས་སྟངས་འདིའི་ངེས་གཏན་མེད་པའི་དོན་དངོས་དང་འབྲེལ་བའི་དམ་ཆོས་ཤིག་ལ་བསམ་བློ་བཏང་ན། བུ་ཞིག་གིས་རང་གི་ཕའི་ཤ་བཟའ་བ་དང་། རང་གི་མ་ལ་གཞུ་བ། དགྲ་ལ་བྱམས་པའི་དཔེ་ལྟར་རོགས་བྱེད། དཔེ་དེ་ནི་ལམ་རིམ་གྱི་སྐྱེས་བུ་འབྲིང་གི་བསམ་པ་སྦྱོང་བའི་བསླབ་བྱའི་སྐབས་ཐོན་གྱི་ཡོད།

ཐེངས་གཅིག་སངས་རྒྱས་ཀྱི་སློབ་མ་འཕགས་པ་ཀཱ་དྱཱ་ཡ་ན་ཁྱིམ་ཞིག་ཏུ་ཕེབས་པ་དང་། དེར་ཕ་ཞིག་གྲོངས་ནས་རྫིང་བུ་ཞིག་གི་ནང་ཉའི་སྐྱེ་བ་བླངས་པ་དང་ཁོ་རང་གི་བུས་དེས་ཉ་དེ་བཟས། ཡང་བུ་དེས་རང་གི་མའི་སྐྱེ་བ་ཡིན་མཁན་ཁྱི་ཞིག་ལ་ཉ་དེའི་རུས་པས་གཞུས་ཤིང་། རང་གི་དགྲ་བོ་ཡིན་མཁན་ཕྲུ་གུ་ཞིག་པང་དུ་བླངས་ནས་གཅེས་ཉར་བྱས། འཕགས་པ་ཀཱ་དྱཱ་ཡ་ནས་དེ་མཐོང་བ་དང་འཁོར་བའི་སེམས་ཅན་རྣམས་ཀྱི་ཡིད་གཏན་མེད་པའི་གནས་སྟངས་ལ་གད་མོ་ཤོར། དེས་ན་ང་ཚོས་རང་གི་དགྲ་ཞེས་མཐའ་གཅིག་ཏུ་སྡང་འཛིན་བྱེད་མི་རུང་བ་དང་། གཉེན་ཞེས་མཐའ་གཅིག་ཏུ་ཞེན་འཛིན་མི་རུང་བ་ཡིན།

༣) བསླབ་པ་ཀུན་བཏུས་ཀྱི་འགྲེལ་པའི་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། རང་དང་གཞན་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་ཚུལ་འགྲེལ་བརྗོད་མཛད་ཡོད། རི་ཉེ་པོ་དང་རིང་པོ་ཞེས་པའི་དཔེ་ལྟར། རང་གཞན་ཚང་མ་ཕན་ཚུན་བརྟེན་པའམ་ལྟོས་བཅས་ཀྱི་གནས་ཡོད། ང་ཚོ་རི་ཐག་ཉེ་པོ་ཞིག་སྟེང་ཡོད་སྐབས། རི་གཞན་དེ་ཐག་རིང་པོར་ཚོར་བ་དང་འདི་ཉེ་པོ་ཚོར་གྱི་ཡོད། དེ་ནས་ཕྱོགས་གཞན་དེའི་སྟེང་ཕྱིན་ནས་བལྟས་ན། འདི་ཐག་རིང་པོ་དང་དེ་ཉེ་པོ་ཚོར་གྱི་ཡོད། དེ་ག་ནང་བཞིན་ང་ཚོ་རང་ཉིད་སོ་སོའི་ཕྱོགས་དེར་རང་ཞེས་ཚུགས་ཐུབ་ཏུ་གནས་མེད། གང་ཡིན་ཟེར་ན། མི་གཞན་གྱི་ཕྱོགས་དེ་ནས་བལྟས་ན་རང་ཉིད་གཞན་ཆགས་ཡོད། དེ་མཚུངས་དགྲ་དང་གཉེན་ཞེས་པ་མི་ཞིག་གི་ངོས་ནས་ལྟ་སྟངས་མི་འདྲ་བ་ཙམ་ཡིན། མི་གཅིག་དེ་ག་རང་རང་གི་གྲོགས་དང་གཞན་ཞིག་གི་གཉེན་ཡོང་སྲིད། རི་ཉེ་པོ་དང་རིང་པོ་ལྟ་བུ། དེ་ཚོ་ཚང་མ་ང་ཚོའི་ལྟ་སྟངས་ཀྱིས་ཁྱད་པར་བཟོ་གི་ཡོད།

ཐག་ཆོད་པ་ལྔ།

གོང་གི་གནད་དོན་ལྔའི་ཐོག་བསམ་བློ་འདི་འདྲའི་ཐོག་ནས་ང་ཆོས་ཐག་ཆོད་ལྔ་བྱེད་དགོས།

ངས་ཕྱོགས་ཞེན་ཅན་བྱེད་ཀྱི་མིན།

ང་ཚོས་ལྟོས་བཅས་དང་གཏིང་ཟབ་པའི་ལྟ་ཚུལ་གང་གི་ཐོག་ནས་བལྟས་ཀྱང་། མི་འགའ་ཞིག་རང་གི་གཉེན་དང་འགའ་ཞིག་དགྲར་བརྩི་བར་རྒྱུ་མཚན་ཅི་ཡང་མེད། དེར་བརྟེན་ངས་ཕྱོགས་ཞེན་ཅན་བྱེད་ཀྱི་མིན་ཞེས་ཐག་གཅོད་བརྟན་པོ་ཞིག་བྱེད་དགོས། རང་གིས་མི་དགའ་སའི་མི་ལ་རིང་བའི་ཚོར་བ་དང་དགའ་ས་རྣམས་ལ་ཞེན་ཆགས་ཀྱི་མིན་ཞེས་དམ་བཅའ་འཇོག་དགོས། གང་ཡིན་ཟེར་ན། སྡང་འཛིན་དང་ཆགས་ཞེན་གྱིས་འདི་ཕྱི་གཉིས་ཀ་དང་འཕྲལ་ཕུགས་གཉིས་ཀར་རང་ལ་གནོད་པ་ལས་ཁེ་ཕན་ཅི་ཡང་མེད། དེ་དག་ནི་སྡུག་བསྔལ་བརྒྱ་ཕྲག་གི་རྩ་བ་ཡིན། དེ་དག་ནི་འཁོར་བའི་བཙོན་རའི་སྒོ་སྲུང་བ་ཞིག་གི་རང་ཉིད་དེའི་ནང་བཅུག་ནས་ཉར་བ་ལྟ་བུ་ཡིན།

ཕྱི་ལོ་ ༡༩༥༩ ལོར་ཞི་བའི་གྱེན་ལངས་བྱས་པའི་རྗེས་ཀྱི་བོད་ནང་བཞུགས་པའི་བོད་མི་ཚོར་བསམ་བློ་ཐོངས་དང་། སོ་སོའི་དགོན་པ་དང་། རྒྱུ་ནོར། བདག་དངོས། ཁྱིམ་ཚང་། སྤུན་མཆེད། གྲོགས་པོ་སོགས་ལ་ཆགས་ཞེན་ཡོད་པ་རྣམས་དེ་དག་རྒྱབ་ཏུ་གཡུག་རྒྱུར་བཟོད་ཐུབ་མེད། དེའི་འབྲས་བུར་ཆགས་ཞེན་གྱིས་རྐྱེན་པས་མི་ལོ་ཉི་ཤུ་ལྷག་ཙམ་རིང་ཁོང་ཚོ་བཙོན་ཁང་ངམ་བཙོན་པའི་གསོག་སྒར་ནང་བཅུག་ཡོད། དེ་ལྟའི་ཆགས་ཞེན་གྱིས་རྐྱེན་པས་ཕྱོགས་ལྷུང་གི་ཚོར་བ་ནི་ང་ཚོ་དམྱལ་བ་ཚ་དམྱལ་ནང་ལྷུང་འཇུག་མཁན་གྱི་བཤན་པ་ལྟ་བུ་རེད། དེ་དག་ནི་མཚན་མོར་ང་ཚོ་གཉིད་ཡག་པོ་ཁུག་མི་འཇུག་མཁན་གྱི་འདྲེ་དང་འདྲ་བའི་རང་རྒྱུད་ཀྱི་སྡང་སེམས་ཡིན། ང་ཚོས་ངེས་པར་དུ་དེ་དག་རྩ་མེད་གཏོང་དགོས།

ཕྱོགས་གཞན་ཞིག་ནས་མི་ཚང་མར་བདེ་བ་དང་ལྡན་ཅིང་སྡུག་བསྔལ་དང་བྲལ་བར་ཤོག་ཅེས་པའི་བློའི་འཁྱེར་སོ་དང་བཅས་ཚང་མར་ཉེ་རིང་མེད་པར་བལྟ་བའི་སྤྱོད་ཚུལ་ནི་འཕྲལ་ཕུགས་གང་ནས་བལྟས་ཀྱང་ཧ་ཅང་གལ་ཆེན་པོ་ཡིན། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དུ་བགྲོད་པའི་ལམ་ཆེན་ཡིན། དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་ཐུགས་འདོད་ཡིན། དེར་བརྟེན་ང་ཚོས་གང་ཟག་སུ་འདྲ་ཞིག་གིས་རང་ལ་གནོད་འཚེ་དང་ཕན་པ་ཅི་བྱས་ཀྱང་ཁྱད་མེད། རང་ངོས་ནས་ཕར་ལན་གང་ཡང་སློག་གི་མིན་ཞེས་པའི་བསམ་བློ་དགོས། ངས་ཁོང་ཁྲོ་དང་ཆགས་ཞེན་བྱེད་ཀྱི་མིན་ཞེས་པ་དང་། ཁ་ཤས་ལ་དགའ་པོ་དང་ཁ་ཤས་ལ་སྡང་འཛིན་བྱེད་ཀྱི་མིན་ཞེས་པའི་ཆོད་སེམས་དགོས། དེ་ལས་ལྷག་པའི་དཀའ་ངལ་གདོང་ལེན་བྱ་ཚུལ་གཞན་ཞིག་མེད། དེ་ལྟར་རང་ངོས་ནས་ཐག་གཅོད་དགོས། རང་གིས་ཇི་ལྟར་འདོད་པ་དང་བྱེད་པ་ལྟར་གཞན་སེམས་ཅན་ལའང་སྤྱོད་ཚུལ་གཅིག་མཚུངས་འཛིན་དགོས། གང་ཡིན་ཟེར་ན། མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད། དེ་ནི་ངས་འབྱུང་འགྱུར་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱ་རྒྱུའི་གནད་ཅིག་ཡིན། ཨོའོ། དགེ་བའི་བཤེས་གཉེན་མཆོག ང་ལ་བློ་སྟོབས་གནང་རོགས་མཁྱེན། ང་ཚོ་བླ་མ་མཆོད་པའི་ཚིག་བཅད་ཤོ་ལོ་ཀ་དང་པོ་ལྔ་ཁ་ནས་འདོན་པའི་ཡིད་ལ་བཟུང་དགོས་པའི་བསམ་བློ་གཏོང་ཚུལ་དེ་ཡིན།

སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་། །བདེ་ལ་ནམ་ཡང་ཆོག་ཤེས་མེད་པ་ནི། །

བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས། །གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས།

དེས་ན། ཚིག་སུ་བཅད་པ་དང་འདི་དང་མཉམ་དུ་ང་ཚོས་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་ཆ་ནས་དེ་དག་ལ་བདེ་བ་སྐྲུན་པ་དང་སྡུག་བསྔལ་མེད་པ་བཟོ་རྒྱུའི་ཀུན་སློང་གི་ཐོག་ནས་རང་གི་སེམས་དང་ལས་གཉིས་ཀར་གཞན་ལ་དམིགས་པའི་ཉེ་རིང་གི་བསམ་པ་མེད་པའི་སྤྱོད་ཚུལ་ཞིག་གོང་སྤེལ་གཏོང་དགོས། དེ་ལྟའི་སྤྱོད་ཚུལ་ནི་ང་ཚོས་གཙིགས་སུ་འཛིན་པའི་བཏང་སྙོམས་སུ་གྱུར་བ་ཡིན། ང་ཚོས་སྤྱོད་ཚུལ་དེ་རང་རྒྱུད་དུ་གོང་འཕེལ་ཡོང་བ་བྱེད་དགོས། དཔེར་ན། དངོས་ཆས་ཤིག་ཧ་ཅང་ཡིད་དུ་འོང་བ་མཐོང་ན་དེ་ཉོ་བར་ཐག་གཅོད་པ་བཞིན་བྱེད་དགོས།

ངས་རང་རྒྱུད་ཀྱི་རང་གཅེས་འཛིན་སྤོང་གི་ཡིན།

དེ་རྗེས་རང་གཅེས་འཛིན་གྱི་ཉེས་དམིགས་ལ་བསམ་བློ་གཏོང་དགོས། རང་གཅེས་འཛིན་གྱི་གཞན་དབང་དུ་སོང་ནས་ང་ཚོས་གནོད་འཚེ་ཅན་གྱི་ལས་བྱེད་ཅིང་། མི་དགེ་བའི་ལས་བཅུ་གསོག་གི་ཡོད། དེའི་མཇུག་འབྲས་སུ་རང་ཉིད་ངན་འགྲོའི་གནས་སུ་ལྷུང་གི་ཡོད། དེ་ནས་དགྲ་བཅོམ་པའི་གོ་འཕང་དུ་འགྲོ་བའི་ལམ་གྱི་གནས་སྐབས་སུ་གཅེས་འཛིན་དེས་རང་གི་བདེ་བ་འཕྲོག་གི་ཡོད། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་ཐག་ཉེ་པ་ཡོད་ཀྱང་ཁག་ཅིག་གཞན་ལས་ཐག་ཉེ་བ་ཡོད། ཁྱད་པར་རྒྱུད་ལ་ཡོད་པའི་རང་གཅེས་འཛིན་ཤུགས་ཆེ་ཆུང་ལ་ཐུག་ཡོད། རྒྱལ་ཁབ་ནང་ཕན་ཚུན་གྱི་རྩོད་རྙོགས་དང་དགེ་བའི་བཤེས་གཉེན་དང་སློབ་མ། ནང་མི། གྲོགས་པོ་བཅས་ཀྱི་བར་མི་མཐུན་པ་བྱུང་བ་ནི་ཐམས་ཅད་རང་གཅེས་འཛིན་ལ་ཐུག་ཡོད། དེར་བརྟེན་རང་གཅེས་འཛིན་དང་རང་ཤེས་ཀྱི་བློ་དེ་མ་སྤངས་ན་གཏན་གྱི་བདེ་བ་འཐོབ་པའི་ཐབས་གཞན་ཅི་ཡང་མི་འདུག་ཅེས་ང་ཚོས་བསམ་བློ་གཏོང་དགོས། དེ་ལྟར་རང་གཅེས་འཛིན་གྱི་གཞན་དབང་དུ་མི་འགྲོ་བ་བྱ་དགོས། ཨོའོ། དགེ་བའི་གཤེས་གཉེན་མཆོག་ རང་གཅེས་འཛིན་སྤོང་ཆེད་བདག་ལ་བློ་སྟོབས་འཕེལ་བའི་མགོན་སྐྱབས་གནང་རོགས་མཁྱེན། དེ་དག་ནི་ཚིག་བཅད་ཤོ་ལོ་ཀ་གཉིས་པའི་སྐབས་ཡིད་ལ་བྱེད་དགོས།

རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི། །མི་འདོད་སྡུག་བསྔལ་སྐྱེད་པའི་རྒྱུར་མཐོང་ནས།།

ལེ་ལན་འདས་ལ་འཁོན་དུ་བཟུང་བྱས་ཏེ། །བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས།།

དེས་ན། ཤོ་ལོ་ཀ་གཉིས་པ་དང་མཉམ་དུ་ང་ཚོས་རང་རྒྱུད་ཀྱི་རང་གཅེས་འཛིན་སྤོང་གི་ཡིན་ཞེས་ཐག་གཅོད་བྱེད་དགོས།

ངས་གཞན་གཅེས་འཛིན་དེ་རང་གི་ཉམས་ལེན་གྱི་སྙིང་པོར་འཛིན་གྱི་ཡིན།

དེ་ནས་ང་ཚོས་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་བློ་གཏོང་དགོས། ཚེ་འདིར་བདེ་བ་དང་ཐམས་ཅད་ཚགས་ཚུད་བྱུང་བ་དང་། མ་འོངས་པར་མིའམ་ལྷ་རུ་སྐྱེ་བ། སྤྱིར་བཏང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་གཏན་གྱི་བདེ་བར་ལོངས་སྤྱོད་བྱ་རྒྱུ་ནི་རྩ་བ་གཞན་གཅེས་འཛིན་ལ་ཐུག་ཡོད། དེ་ཡང་ང་ཚོས་དཔེ་མཚོན་མང་པོ་ཞིག་གི་ཐོག་ནས་དེ་ལ་བསམ་བློ་གཏོང་དགོས། དཔེར་ན། ཀུན་གྱི་དགའ་བའི་ལས་བྱེད་པ་ཞིག་གི་སྙན་གྲགས་ནི་གཞན་གཅེས་པར་འཛིན་པ་དང་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱས་པའི་འབྲས་བུ་ཡིན། དེ་བཞིན་གཞན་གྱི་སྲོག་མི་གཅོད་པ་དང་མ་བྱིན་པར་ལེན་པ་སྤོང་བ་ནི་་སྡོམ་སེམས་དང་ལྡན་པའི་བཟང་སྤྱོད་ལས་བྱུང་། དེ་ལ་བརྟེན་ཕྱི་མ་མིའི་སྐྱེ་བ་ལེན་ཐུབ།

དཔེར་ན། ༸གོང་ས་ཏཱ་ལའི་བླ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་གཞན་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་ཐུགས་ཁུར་མཛད་པ་དང་། གང་གི་ཁྱད་དུ་འཕགས་པའི་ཡོན་ཏན་དེ་དག་ཚང་མ་གཞན་གཅེས་འཛིན་ལས་བྱུང་། བྱང་ཆུབ་སེམས་དཔའ་ཐོགས་མེད་བཟང་པོར་འདོད་ལྷ་ཀརྨས་བར་ཆད་ག་ཚོད་བྱས་ཀྱང་གནོད་ཐུབ་ཀྱི་མེད། བོད་ཀྱི་རྣལ་འབྱོར་པ་ཆེན་པོ་འདི་རིགས་ཀྱིས་ཐ་ན་འབུ་སྲིན་ཞིག་མེའི་ནང་མཆོང་བ་གཟིགས་ཀྱང་སྤྱན་ཆབ་ཤོར་གྱི་ཡོད། ཁོང་གིས་གཞན་སེམས་ཅད་ཐམས་ཅད་ལ་བཅོས་མིན་གྱི་དོ་ཁུར་བྱེད་པས། ཐ་ན་གདོན་འདྲེ་དང་བར་ཆད་བྱེད་མཁན་དེ་རིགས་ཀྱིས་ཁོང་ལ་རྩ་བ་ནས་གནོད་ཐུབ་ཀྱི་མེད། གང་ཡིན་ཞེ་ན། གཟུགས་མེད་དེ་ཚོས་ཀྱང་ཁོང་ལ་གཞན་གཅེས་འཛིན་དང་གཞན་ཕན་གྱི་བསམ་བློ་འབའ་ཞིག་འདུག་ཅེས་བརྗོད་ཀྱི་ཡོད།

སྔོན་སྟོན་པ་སངས་རྒྱས་ཀྱི་སྐུ་ཚེ་གཅིག་གི་རིང་ལ་ཁོང་གིས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེ་བ་བཞེས། སྐབས་དེ་དུས་ལྷ་དང་ལྷ་མ་ཡིན་བར་འཁྲུགས་རྩོད་ཤོར་ཏེ། ལྷ་མ་ཡིན་རྣམས་རྒྱལ་ཁ་ཐོབ་པ་དང་བརྒྱ་བྱིན་དེ་ཤིང་རྟ་འཁོར་ལོའི་ནང་བྲོས་ཕྱིན། བརྒྱ་བྱིན་བྲོས་འགྲོ་བའི་སྐབས་ཕུག་རོན་མང་པོ་འཛོམས་པའི་ས་ཆ་ཞིག་ལ་སླེབས་པ་དང་། ཕུག་རོན་བརྫི་དོགས་ཀྱིས་ཤིང་རྟ་འཁོར་ལོ་བཀག དེ་མཐོང་བ་དང་ལྷ་མ་ཡིན་ཚོས་བརྒྱ་བྱིན་གྱིས་ཤིང་རྟ་འཁོར་ལོ་བཀག་ནས་སླར་ཡང་ཁོང་ཚོར་ཁ་གཏད་གཅོག་པར་ཡོང་གི་འདུག་བསམ་ནས་ལྷ་མ་ཡིན་རྣམས་བྲོས་ཕྱིན། གལ་ཏེ་ང་ཚོས་དེ་ལ་བརྟག་དཔྱད་བྱས་ན། ལྷ་མ་ཡིན་རྣམས་བྲོས་དགོས་པའི་རྒྱུ་མཚན་ནི་བརྒྱ་བྱིན་གྱི་གཞན་གཅེས་འཛིན་བྱས་པའི་དབང་གི་ཡིན། དེ་ལྟར་ཕྱོགས་མང་པོ་ཞིག་ནས་ང་ཚོས་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་བསམ་ཞིབ་བྱེད་དགོས།

རྫོང་དཔོན་ཞིག་གམ་དཔོན་རིགས་སུ་འདྲ་ཞིག་ཡིན་རུང་རང་གི་ལས་ཁུངས་ནང་བརྗིད་ཆགས་པོར་སྡོད་པའི་སྐབས། དེ་ལྟར་བྱུང་བ་ཐམས་ཅད་གཞན་ལ་བརྟེན་ནས་བྱུང་། དཔེ་འདིའི་ནང་གཞན་གནས་པ་ཙམ་གྱི་རང་ལ་དྲིན་ཆེན་པོ་ཡིན། གལ་ཏེ་རང་ཉིད་མ་གཏོགས་གཞན་སུ་གཅིག་ཀྱང་མེད་ན། མི་དེ་རྫོང་དཔོན་བྱེད་མི་ཐུབ་ཅིང་། གང་ཡང་བྱེད་མི་ཐུབ། དེར་མ་ཟད་ཅི་སྟེ་མི་གཞན་གནས་ཀྱང་སུ་གཅིག་ཀྱང་ཁོ་པའི་དྲུང་དུ་མ་ཡོང་ཚེ། རྫོང་དཔོན་རང་སོར་སྡོད་པ་ལས་གང་ཡང་བྱེད་མི་ཐུབ། ཕྱོགས་གཞན་ཞིག་ནས་གལ་སྲིད་མི་མང་པོ་ཁོ་པའི་དྲུང་དུ་སླེབས་ནས། ཁོང་ཚོའི་གནད་དོན་སེལ་རོགས་ཞེས་ཞུས་ན། དེ་དག་ལ་བརྟེན་ནས་ཁོ་པས་ཡག་པོ་བྱས་བསྡད་དེ་ཞབས་ཞུ་སྒྲུབ་ཀྱི་ཡོད། དེ་ག་ནང་བཞིན་བླ་མ་ཞིག་ལའང་གཅིག་མཚུངས་ཡིན། གཞན་ལ་བརྟེན་ནས་བཞུགས་ཁྲིའི་སྟེང་བཞུགས་ནས་ཆོས་གསུང་གི་ཡོད། ཁོང་གི་གནས་སྟངས་ཚང་མ་གཞན་ལ་བརྟེན་ནས་བྱུང་། དེས་ན་བླ་མ་དེས་གཞན་ལ་ཕན་འདོགས་ཕྱིར་ཁོང་ཚོར་ཆོས་བཤད་བྱེད་ཀྱི་ཡོད། དེ་ལྟའི་ཕན་པ་དེ་སྒྲུབ་པར་གཞན་མེད་ན་ཇི་ལྟར་སྒྲུབ། དེས་ན་ཁོང་གིས་གཞན་གྱི་བཀའ་དྲིན་དེ་རིགས་དྲན་པའི་ཐོག་ནས་ཆོས་གསུང་གི་ཡོད།

དེ་དང་ཕྱོགས་མཚུངས་གཞན་གཅེས་འཛིན་ལས་བརྩེ་བ་དང་སྙིང་རྗེ་སྐྱེ་ཞིང་། དེ་ལ་བརྟེན་ནས་ང་ཚོར་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་ཀྱི་ཡོད། དཔེར་ན། དགྲ་བོ་ཞིག་གིས་རང་ལ་གནོད་ནའང་། རང་ངོས་ནས་བཟོད་པ་བསྒོམས་ན། སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་འགྲོ་གི་ཡོད། དེའང་གཞན་གཅེས་འཛིན་ལས་བྱུང་། དེས་ན། ཚད་མེད་པའི་སེམས་ཅན་རྣམས་བདེ་བ་དང་བདེ་དོན་གྱི་གཞི་རྟེན་དང་རྩ་བ་ཡིན་པས། དེ་དག་གིས་རང་ལ་གནོད་པ་ཇི་བྱས་སམ་ཇི་ལྟར་གནོད་མིན་ལ་མ་ལྟོས་པར་རང་ངོས་ནས་དུས་རྟག་ཏུ་གཞན་གཅེས་པར་འཛིན་དགོས། དེ་བཞིན་གཞན་སེམས་ཅན་རྣམས་རང་གི་དགེ་བའི་བཤེས་གཉེན་དང་། སངས་རྒྱས། དཀོན་མཆོག་གསུམ་ལྟ་བུའི་གང་ཟག་ལ་རང་གིས་གཅེས་པར་འཛིན་ཚུལ་ནི། གལ་ཏེ་དེ་དག་ལ་རྐྱེན་ངན་འདྲ་བྱུང་ཚེ་བློ་ཕམ་བྱེད་པ་དང་། རང་གིས་དེ་དག་གི་བཀའ་དྲིན་ཚོར་ནས་སེམས་པ་བཟང་པོ་བྱེད་དགོས། ཐུགས་རྗེ་གཟིགས། སློབ་དཔོན་མཆོག་ ང་ལ་བློ་སྟོབས་འཕེལ་བའི་འཕྲིན་ལས་སྩོལ་རོགས་གནང་ཞེས་གསོལ་བ་འདེབས་དགོས། དེ་ལྟའི་བློ་དེ་དང་གཞན་ཕན་གྱི་བློ་གཉིས་སྐད་ཅིག་ཙམ་ཡང་བྲལ་དུ་འཇུག་མི་ཉན། དེ་ནི་ཚིག་བཅད་གསུམ་པ་འདིའི་དོན་ཡིན།

མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ། །མཐའ་ཡས་ཡོད་ཏན་འབྱུང་བའི་སྒོར་མཐོང་ནས། །

འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང་། །སྲོག་ལས་གཅེས་པར་འཛིན་པ་བྱིན་གྱིས་རློབས། །

འདི་ལྟར་ང་ཚོས་གཞན་གཅེས་འཛིན་གྱི་ཉམས་ལེན་འདི་དོན་གྱི་སྙིང་པོར་བརྩི་དགོས།

རང་ལ་བདག་གཞན་མཉམ་བརྗེའི་ནུས་པ་ཡོད།

རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་སྒོ་ཀུན་ནས་བསམ་བློ་བཏང་བ་བརྒྱུད་ང་ཚོས་སོ་སོའི་ཡོན་ཏན་རྣམས་རང་གིས་གཅེས་པར་འཛིན་སའི་མི་དེར་བརྗེ་པོ་རྒྱག་དགོས་བསམ་པ་དང་། དེ་ནས་ང་ཚོས་དེ་ལྟར་ཐུབ་མིན་སོམ་ཉི་ཡོང་གི་ཡོད། ང་ཚོས་གཏན་གཏན་ཐུབ་ཀྱི་རེད། ང་ཚོས་བརྗེ་པོ་རྒྱག་ཐུབ། རྒྱུ་མཚན་ནི་སངས་རྒྱས་ཉིད་ཀྱང་སྔོན་སངས་མ་རྒྱས་པའི་གོང་ང་ཚོ་དང་འདྲ་བར་འཁོར་བའི་སྐྱེ་བ་རྒྱུན་མར་བླངས་ཏེ་བཞུགས་ཡོད། དེ་ལྟ་ནའང་ཐུབ་པ་སངས་རྒྱས་ཀྱིས་གཞན་གཅེས་འཛིན་གྱི་ཐོག་ནས་བདག་གཞན་མཉམ་བརྗེའི་ཉམས་ལེན་མཛད་དེ། མཐར་རང་གཞན་གཉིས་ཀའི་མཐར་ཐུག་གི་འདོད་པ་སྐོང་ཐུབ་པ་བྱུང་ཡོད།

དེ་ལས་ལྡོག་སྟེ་ང་ཚོས་རང་གཅེས་པར་བཟུང་ནས་གཞན་ཡལ་བར་དོར། གཞན་ལ་ཕན་འདོགས་པའི་བྱ་བ་གང་ཡིན་རུང་ཟུར་དུ་བསྐྱུར། དེ་ལྟར་ང་ཚོས་རང་ཉིད་ལའང་ཕན་ཐོགས་པའི་གྲུབ་འབྲས་གང་ཡང་སོན་མེད། རང་གཅེས་པར་འཛིན་པ་དང་གཞན་ཡལ་བར་དོར་བས་ང་ཚོ་རྦད་དེ་ཅི་བྱ་གཏོལ་མེད་ཆགས་པ་དང་། དོན་དངོས་སུ་ཅི་ཡང་ལེགས་གྲུབ་མི་ཐུབ་པ་ཡོང་གི་ཡོད། དེ་བཞིན་སོ་སོའི་སྡུག་བསྔལ་ལས་ཐར་བར་འདོད་པའི་ངེས་འབྱུང་གི་བསམ་པའམ་ཆོད་སེམས་མངོན་དུ་བྱེད་མི་ཐུབ། ཐ་ན་ང་ཚོས་རང་ཉིད་སྐྱེ་བ་ཕྱི་མ་ངན་འགྲོའི་གནས་སུ་མི་ལྷུང་བའང་བྱེད་མི་ཐུབ། དེ་ལྟར་རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་བློ་གཏོང་དགོས། ཅི་སྟེ་སངས་རྒྱས་ཀྱིས་སྔོན་རང་གི་སྤྱོད་པར་འགྱུར་བཅོས་བཏང་ཐུབ་པ་བྱུང་ན། ང་ཚོས་ཀྱང་རང་གི་སྤྱོད་པ་འགྱུར་བཅོས་གཏོང་ཐུབ།

དེར་མ་ཟད་གོམས་འདྲིས་པ་བསྟེན་ནས་ང་ཚོས་རང་གི་ལུས་ལ་གཅེས་པར་འཛིན་པ་བཞིན་གཞན་གྱི་ལུས་ལའང་གཅེས་པར་འཛིན་ཐུབ་པ་སྲིད་པ་ཡིན། མཐར་ང་ཚོས་རང་གི་ཕ་མ་ལྟ་བུ་གང་ཟག་གི་ལུས་ལས་ཁམས་དཀར་དམར་བླངས་ཏེ་དེ་དག་སོ་སོའི་ལུས་ལྟར་གཅེས་འཛིན་བྱེད། དེ་དག་ནི་ཐོག་མ་ནས་རང་གི་མ་ཡིན། དེར་བརྟེན་རང་གི་སྤྱོད་ཚུལ་འགྱུར་བཅོས་གཏོང་རྒྱུ་དེ་མི་སྲིད་པ་ཞིག་མ་ཡིན་པར་བསམ་དགོས། རང་དང་གཞན་ལ་བཅངས་པའི་སྤྱོད་ཚུལ་དེ་ངས་འགྱུར་བ་གཏོང་ཐུབ། སོང་ཙང་རང་གི་སྤྱོད་ལམ་ལ་ལེགས་བཅོས་མ་བཏང་བར་དེ་ལྟར་མི་ཐུབ། དེ་ནི་ངས་བྱེད་ཐུབ་པ་ཞིག་ཡིན་པ་ལས་མི་ཐུབ་པ་ཞིག་མིན། རྒྱུ་མཚན་དེ་ལ་སོང་། སློབ་དཔོན་མཆོག་ དེ་ལྟར་ཐུབ་པར་ང་ལ་མགོན་སྐྱབས་གནང་རོགས་མཛོད། འདི་ནི་ཚིག་བཅད་བཞི་པའི་དོན་ཡིན།

མདོར་ན་བྱིས་པ་རང་དོན་ཁོ་ན་དང་། །ཐུབ་དབང་གཞན་དོན་འབའ་ཞིག་མཛད་པ་ཡི། །

སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློས། །བདག་གཞན་མཉམ་བརྗེ་ནུས་པ་བྱིན་གྱིས་རློབས།

དེས་ན། འདིར་ང་ཚོའི་ཐག་གཅོད་ནི་ང་ཚོས་བདག་གཞན་མཉམ་བརྗེ་ཐུབ་པར་ཐེ་ཚོམ་མེད།

ངས་ངེས་པར་དུ་བདག་གཞན་མཉམ་པར་བརྗེ་གི་ཡིན།

བསྐྱར་དུ་ང་ཚོས་རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་དགོས། འོན་ཀྱང་འདིར་ང་ཚོས་བྱེད་སྟངས་གཞན་ཞིག་སྟེ་དེ་གཉིས་ཟུང་དུ་འབྲེལ་ནས་བྱེད་དགོས། ཡང་ན་ང་ཚོས་མི་དགེ་བ་བཅུ་དང་དགེ་བའི་ལས་བཅུ་པོ་རེ་རེ་བྱས་བསམ་བློ་བཏང་ནས། རང་གཅེས་འཛིན་དང་གཞན་གཅེས་འཛིན་དང་འབྲེལ་བའི་ཐོག་ནས་དེ་དག་གི་མཇུག་འབྲས་ལ་བསམ་བློ་གཏོང་དགོས། དཔེར་ན། གལ་སྲིད་ངས་རང་ཉིད་གཅེས་པར་བཟུང་ན། གཞན་གྱི་སྲོག་གཅོད་པར་ཐེ་ཚོམ་པ་དང་། དེ་ལ་བརྟེན་ནས་ངན་འགྲོའི་གནས་སུ་ལྷུང་བ་དང་ཐ་ན་ཕྱིས་སུ་མིར་སྐྱེས་ནའང་ཚེ་ཐུང་བ་དང་ནད་མང་བ་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་གཞན་གཅེས་པར་བཟུང་ན། གཞན་སྲོག་གཅོད་པ་སྤོང་ཞིང་། དེ་ལ་བརྟེན་ནས་ཕྱི་མ་སྐྱེ་བ་བཟང་པོ་ཞིག་ཏུ་ལེན་ཐུབ་སྟེ། ཚེ་རིང་བ་སོགས་ཡོང་གི་ཡོད། དེ་རྗེས་ང་ཚོས་མ་བྱིན་པར་ལེན་པ་དང་དེ་སྤོང་བ། ལོག་གཡེམ་དང་དེ་སྤོང་བ་སོགས་ཀྱི་ཐོག་ལ་གཅིག་མཚུངས་ལག་བསྟར་བྱེད་དགོས། མདོར་ན། ཚིག་བཅད་ལྔ་པས།

རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །

དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ། །ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །

ཐག་ཆོད་པ་ལྔ་པ་ནི། ངས་ངེས་པར་དུ་བདག་གཞན་མཉམ་པར་བརྗེ་གི་ཡིན་ཞེས་པ་དེ་ཡིན། དེའི་དོན་ནི་ད་ལྟ་ང་རང་དང་རང་ང་བྱེད་དགོས་ཟེར་གྱི་མེད། དེས་རང་གིས་གཅེས་འཛིན་བྱེད་སའི་གང་ཟག་ལ་རང་གི་ལྟ་སྟངས་འགྱུར་བཅོས་གཏོང་དགོས་པ་ལ་ཟེར། རང་གཅེས་པར་བཟུང་ནས་གཞན་ཡལ་བར་དོར་རྒྱུའི་ཚབ་ཏུ་ང་ཚོས་རང་ཉིད་ཡལ་བར་དོར་ནས་གཞན་གཅེས་པར་འཛིན་དགོས། གལ་སྲིད་དེ་ལྟར་བྱེད་མི་ཐུབ་ན། གང་ཡང་སྒྲུབ་མི་ཐུབ། འོན་ཀྱང་ཅི་སྟེ་ང་ཚོས་འགྱུར་བ་དེ་འདྲ་བཏང་བ་ན། དེའི་ཐོག་ནས་བཅོས་མིན་གྱི་བརྩེ་བ་དང་སྙིང་རྗེ་སྐྱེད་ཆེད། ང་ཚོས་སོ་སོའི་བདེ་བ་རྣམས་གཞན་ལ་བསྔོ་བ་དང་གཞན་གྱི་སྡུག་བསྔལ་རྣམས་རང་གིས་ལེན་པ་དམིགས་རྣམ་དུ་བྱས་ཏེ་སྦྱོང་བརྡར་བྱེད་ཐུབ། དེའི་སྟེང་གཞི་བཞག་སྟེ་གཞན་ལ་སྡུག་བསྔལ་བཟོད་ཡང་དུ་བཏང་ནས་བདེ་བ་བསྐྲུན་ཆེད་ལྷག་བསམ་དང་བྱང་ཆུབ་ཀྱི་སེམས་གོང་སྤེལ་གཏོང་ཐུབ་པ་ཡོང་གི་ཡོད། དེ་གཉིས་ནི་ང་ཚོས་ཇི་ལྟར་འདོད་པ་ལྟར་བྱེད་ཐུབ་སླད་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་རྒྱུད་དུ་སྐྱེད་དགོས་པ་ཡིན།

ཆོས་དེ་དག་གི་འབྱུང་ཁུངས་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་ཆོས། ༸པན་ཆེན་སྐུ་ཕྲེང་དང་པོས་མཛད་པའི་བླ་མ་མཆོད་པ་བཅས་ཡིན། དེ་དག་ཀྱང་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་གསུང་འབུམ་ནང་སྡེ་ཚན་བྱས་ཐོན་གྱི་ཡོད། ཁོང་གི་༸གོང་ས་མཆོག་གི་ཡོངས་འཛིན་དམ་པ་ཞིག་ཡིན། འོན་ཀྱང་ས་བཅད་དང་གྲངས་སོགས་ལ་དགའ་མོས་ཆེན་པོ་བྱེད་པ་ཙམ་ནི་ང་ཚོས་སྡེར་མའི་ནང་མོག་མོག་བདུན་བསྒྲིགས་ཏེ་མ་བཟས་པར་འགྲམ་ཆུ་ལྡང་བ་དང་འདྲ། ང་ཚོས་དེ་དག་ཇི་ལྟར་ཡོད་མེད་དང་། དེ་དག་གི་བཟོ་དབྱིབས་གང་ནང་བྱུང་བ་སོགས་ར་སྤྲོད་བྱེད་དགོས། དེ་ཡང་མར་བསྡད་དེ་བཟའ་དགོས།