བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > བོད་སོག་ནང་ཆོས་ཀྱི་རྨང་གཞི། > རིམ་པ། ༢། ལམ་རིམ། > སྙིང་རྗེ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན།

སྙིང་རྗེ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
དབྱིན་ཡུལ། ནོ་ཊིང་ཧེམ།
ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༥ ཉིན།
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་ཕབ་སྒྱུར་དང་ཕྱོགས་སྒྲིག་རོབ་ཙམ་ཞུས།
སྦྲགས་ཤད་གུག་ཁ་གང་མའི་ནང་དུ་གསལ་བཤད་བསྟན་ཡོད།

མི་ཚེའི་དགོས་དོན་ནི་བདེ་སྐྱིད་འཚོལ་ཕྱིར་ཡིན།

ང་ཚོ་འདིར་འཚོ་གནས་བྱེད་པ་དང་འཚོ་གནས་བྱེད་པའི་ཐོབ་ཐང་ཡོད། ཐ་ན་སེམས་ཅན་མ་ཡིན་པའི་མེ་ཏོག་ལ་སོགས་པར་ཡང་འཚོ་གནས་བྱ་རྒྱུའི་ཐོབ་ཐང་ཡོད། གལ་སྲིད་དེ་དག་ལ་གནོད་སྐྱོན་ཞིག་བཏང་པ་ན། རྫས་ འགྱུར་གྱི་ འགྱུར་ལྡོག་གི་རིམ་པའི་ཐོག་ནས། ཁོང་ཚོས་འཚོ་གནས་བྱ་ཕྱིར་སླར་གསོ་བྱེད་ཀྱི་ཡོད། འོན་ཀྱང་སྲོག་ཆགས་འབུ་སྲིན་དང་སེམས་ཅན་ཆུང་ཤོས་སྦུབ་གཅིག་དུམ་སྐྱེས་ (amoebas) ཚུད་ང་ཚོ་འགྲོ་བ་མི་རྣམས་སེམས་ཅན་དུ་བརྩི་གི་ཡོད། [སེམས་ཅན་ཡིན་པའི་ཆ་ནས། འཚོ་གནས་ཐུབ་ཕྱིར་ང་ཚོར་རོགས་རམ་བྱེད་མཁན་གྱི་ཆ་ལག་མང་བ་ལྡན།]

ང་དང་ཚན་རིག་པ་ལྷན་དུ་བགྲོ་གླེང་བྱུང་བ་ལ་གཞིགས་ན། སོ་སོ་རང་གི་འདོད་པའམ་འདུན་པའི་དབང་གིས་དངོས་རྣམས་བཀོལ་སྤྱོད་བྱེད་ཐུབ་པ་ནི་སེམས་ཅན་ཞེས་པའི་དོན་ཡིན། སེམས་ཅན་ཞེས་པའི་གོ་དོན་ནི་རིག་ཚོར་གྱི་རིམ་པའི་ཐོག་ནས་རིག་ཚོར་ཅན་ནམ་མི་ཡིན་དགོས་པའི་ངེས་པ་མེད། མ་གཞི་བྱས་ན་རྣམ་ཤེས་སམ་རིག་ཚོར་ཅན་ཞེས་པ་འགྲེལ་བརྗོད་བྱ་རྒྱུ་ཁག་པོ་རེད། རྒྱུན་དུ་དེའི་དོན་ནི་སེམས་ཀྱི་གསལ་ཆ་དོད་ཤོས་ཀྱི་ཆ་དེ་ཡིན། འོན་ཀྱང་ང་ཚོར་དྲན་ཤེས་མེད་པའམ་ཕྱེད་བག་ལ་ཉལ་བའི་སྐབས་རྣམ་ཤེས་མེད་པའི་དོན་ཡིན་ནམ། འབུ་སྲིན་རྣམས་ལ་རྣམ་ཤེས་ཡོད་དམ། གཅིག་བྱས་ན་རྣམ་ཤེས་ཞེས་བརྗོད་རྒྱུའི་ཚབ་ལ་འཛིན་རྟོག་གི་ནུས་པ་ཞེས་བརྗོད་ན་ལེགས།

གང་ལྟར་ཡང་། ང་ཚོས་འདིར་འཛིན་རྟོག་གི་ནུས་པ་ཞེས་བརྗོད་པའི་དོན་ངོ་མ་དེ་ནི་བདེ་སྡུག་བཏང་སྙོམས་གསུམ་མྱོང་བའི་ནུས་པ་ཞིག་ལ་ཟེར། ངོ་མ་བྱས་ན་བདེ་བ་དང་སྡུག་བསྔལ་ཞེས་པ་ནི་ང་ཚོས་བརྟག་དཔྱད་གཏིང་ཟབ་པོ་བྱེད་དགོས། དཔེར་ན། སེམས་ཅན་ཚང་མར་འཚོ་སྡོད་བྱེད་པའི་ཐོབ་ཐང་ཡོད། འཚོ་གནས་བྱེད་པ་ཟེར་དུས་བདེ་བར་དོན་གཉེར་གྱི་འདོད་པ་ཡོད་པའམ་ལྡན་ཅིང་། རྒྱུ་མཚན་དེ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱིས་འཚོ་གནས་ལ་འབད་ཀྱིན་ཡོད། དེར་བརྟེན་ང་ཚོའི་འཚོ་གནས་ནི་ལེགས་པ་ཞིག་སྟེ་བདེ་བ་འཐོབ་འདོད་ཀྱི་རེ་བ་ཞིག་གི་ཐོག་ལ་གཞི་བཅོལ་ཡོད། དེ་འདྲ་སོང་ཙང་མི་ཚེའི་དགོས་དོན་ནི་བདེ་སྐྱིད་ཡིན་པར་ངས་རྟག་ཏུ་མཇུག་སྡོམ་བྱེད་ཀྱི་ཡོད། རེ་བ་ཞིག་དང་ཚོར་བ་བདེ་བ་ཞིག་དང་མཉམ་དུ། ང་ཚོའི་གཟུགས་པོའི་གནས་སྟངས་ཀྱང་ལེགས་པོ་ཆགས། དེས་ན། རེ་བ་དང་བདེ་སྐྱིད་ནི་འཕྲོད་བསྟེན་གྱི་མཐུན་པའི་རྐྱེན་ཡིན་ཅིང་། འཕྲོད་བསྟེན་ནི་སེམས་ཀྱི་གནས་སྟངས་ཡག་པོ་ཞིག་ལ་རག་ལུས་ཡོད།

ཕྱོགས་གཞན་ཞིག་ནས། ཁོང་ཁྲོ་ནི་བརྟན་ཆ་མེད་པའི་ཚོར་བ་ཞིག་གི་ཐོག་གཞི་བཅོལ་ཏེ་ང་ཚོར་འཇིགས་སྣང་སྟེར། ང་ཚོར་གནས་ཚུལ་ཡག་པོ་ཕྲད་པ་ན་བདེ་མོ་ཚོར་ཞིང་། གང་ཞིག་གིས་ང་ཚོར་འཇིགས་སྣང་བསྐུལ་ཚེ། བརྟན་ཆ་མེད་པར་ཚོར་ཏེ་ཁོང་ཁྲོ་སློང་བར་བྱེད། ཁོང་ཁྲོ་ནི་ང་ཚོའི་འཚོ་གནས་ལ་གནོད་སྐྱོན་ཅི་ཞིག་བྱས་ཀྱང་དེ་ལས་འགོག་སྲུང་བྱེད་པའི་སེམས་ཀྱི་ཆ་ཤས་ཤིག་ཡིན། འོན་ཀྱང་ཁོང་ཁྲོས་[མི་བདེ་བའི་ཚོར་བྱིན་ཏེ་མཐར་]ང་ཚོའི་འཕྲོད་བསྟེན་ལ་གནོད་ཚབས་ཆེ།

ཆགས་ཞེན་ནི་འཚོ་གནས་ལ་ཕན་ཐོགས་པའི་ཆ་རྐྱེན་ཅིག་ཡིན། དེར་བརྟེན་ཐ་ན་རྩེ་ཤིང་ཞིག་ལ་རྣམ་ཤེས་མེད་ཀྱང་། ད་དུང་རྫས་འགྱུར་གྱི་རྣམ་པ་ལྡན་པ་ལ་བརྟེན་ནས་རང་གིས་རང་སྲུང་སྐྱོབ་དང་འཚར་ལོངས་བྱེད་པར་རོགས་རམ་བྱེད། ང་ཚོའི་གཟུགས་པོ་ནི། ཕྱིིའི་ལུས་ཀྱི་ཐོག་ནས་གཅིག་པ་ཡིན། འོན་ཏང་མི་ཡིན་པའི་ཆ་ནས། ང་ཚོའི་གཟུགས་པོར་ཡང་མྱོང་ཚོར་གྱི་ཐོག་ནས་མཐུན་པའི་རྐྱེན་ཞིག་ལྡན་ནས། མི་གང་ཞིག་ལ་ཆགས་པའམ་སོ་སོའི་བདེ་སྐྱིད་ལ་ཆགས་ཞེན་ཡོང་གི་ཡོད། ཕྱོགས་དེ་མིན་ནས། ཁོང་ཁྲོའི་གནོད་སྐྱོན་གྱིས། བདེ་སྐྱིད་ཚུད་དངོས་པོ་རྣམས་ནས་རིང་དུ་འབུད་ཅིང་། ཕྱིའི་ལུས་ཀྱི་ཐོག་ལ། དགའ་བས་བདེ་སྐྱིད་སྐྲུན་པས་གཟུགས་པོར་ཕན་ཐོགས་ཆེ། ཆབས་ཅིག་ཁོང་ཁྲོས་མི་བདེ་བའི་རྐྱེན་བྱེད་ཅིང་གནོད་ཚབས་ཆེ། དེར་བརྟེན། [འཚོ་གནས་ལ་འབུང་བའི་ལྟ་ཚུལ་ཐོག་ནས་]མི་ཚེའི་དགོས་དོན་ནི་མི་ཚེ་སྐྱིད་པོ་ཡོང་རེར་དམིགས་པ་དེ་ཉིད་ཡིན།

ངས་བརྗོད་བཞིན་པ་དེ་ནི་མིའི་གཞི་རྩའི་རིམ་པ་ཡིན་པ་ལས། ངས་ཆོས་ལུགས་ཀྱི་རིམ་པ་སྟེ། རིམ་པ་གཉིས་པའི་སྐོར་ཤོད་ཀྱི་མེད། ཆོས་ལུགས་ཀྱི་ཐོག་ལ། ཨ་ཅང་ཅང་མི་ཚེའི་དགོས་དོན་ཐད་འགྲེལ་བརྗོད་འདྲ་མིན་ཡོད། རིམ་པ་གཉིས་པ་དེ་ནི་དོན་དངོས་སུ་རྙོག་འཛིངས་ཆེ། དེར་བརྟེན། མིའི་གཞི་རྩའི་རིམ་པའི་ཐོག་ལ་གོ་བསྡུར་བྱས་ན་ལེགས།

བདེ་སྐྱིད་ཅེས་པ་གང་རེད།

ང་ཚོའི་མི་ཚེའི་དམིགས་ཡུལ་དང་དགོས་དོན་ནི་བདེ་སྐྱིད་སོང་ཙང་། བདེ་སྐྱེད་ཅེས་པ་གང་རེད། སྐབས་རེ་ལུས་ཀྱི་སྡུག་བསྔལ་གྱིས་ཀྱང་འདོད་པ་ཚིམས་པའི་ཚོར་སྣང་གཏིང་ཟབ་པ་སྦྱིན་གྱི་ཡོད། [རྩེད་འགྲན་པ་ཞིག་སྦྱོང་བརྡར་རྗེས་དཀའ་ལས་ཆེན་པོ་ཁག་པ་ལྟར།] དེར་བརྟེན་བདེ་སྐྱིད་ཅེས་པ་ནི་གཙོ་བོ་ཞེ་ནས་འདོད་པ་ཚིམས་པའི་ཚོར་སྣང་ཞིག་ཡིན། དེས་ན་ང་ཚོའི་མི་ཚེའི་དམིགས་ཡུལ་ལམ་དགོས་དོན་སྙིང་པོ་ནི་ཡིད་ཚིམ་པ་བྱ་རྒྱུ་དེ་ཡིན།

བདེ་སྐྱིད་དང་། ཡིད་སྐྱོའམ་སྡུག་བསྔལ་གང་ལྟར་ཡང་དེ་དག་ལ་རིམ་པ་གཉིས་ཡོད། ཚོར་བའི་རིམ་པ་དང་སེམས་ཀྱི་རིམ་པ། ཚོར་བའི་རིམ་པ་ནི་ནུ་གསོ་སེམས་ཅན་དང་སྦྲང་བུ་ལྟ་བུའི་འབུ་སྲིན་ཆུང་རིགས་དང་གཅིག་པ་ཡིན། གནམ་གཤིས་གྲང་བའི་ས་ཁུལ་ཞིག་གི་ནང་། ཉི་མ་ཤར་བའི་ཚེ། སྦྲང་བུས་བདེ་སྐྱིད་ལྡན་པའི་རྣམ་པ་སྟོན་ཅིང་དགའ་པོའི་ངང་གཡས་གཡོན་དུ་འཕུར་ལྡིང་བྱེད། ཁང་པ་གྲང་མོ་ཞིག་གི་ནང་། ཉོབ་སྣང་དང་། ཡིད་སྐྱོ་བའི་རྣམ་འགྱུར་སྟོན། འོན་ཀྱང་གལ་སྲིད་རྙོག་འཛིངས་ཆེ་བའི་ཀླད་པ་ཞིག་ཡོད་ན། ཐ་ན་བདེ་བའི་ཚོར་བ་ཤུགས་ཆེ་བ་ཡོད། དེར་མ་ཟད་རྙོག་འཛིངས་ཆེ་བའི་ང་ཚོའི་ཀླད་པ་ནི་བཀོད་པ་ཆེ་ཤོས་ཡིན་ཅིང་། དེ་ལ་བརྟེན་ནས་ང་ཚོར་བློ་གྲོས་ཀྱང་ལྡན།

ཕྱིའི་འཇིགས་སྣང་གི་ཚོར་བ་མེད་པའི་འགྲོ་བ་མིའི་གནད་དོན་ལ་བསམ་ཞིབ་བྱས་ན། ཁོང་ཚོས་མི་ཚེ་སྐྱིད་པོ་ཞིག་དང་བདེ་པོ། གྲོགས་བཟང་། གླ་ཕོགས། སྙན་གྲགས་བཅས་ཡོད། འོན་ཀྱང་དཔེར་ན། འབྱོར་ལྡན་དུང་ཕྱུར་བདག་པོ་འགས་སོ་སོ་སྤྱི་ཚོགས་ནང་གི་ཆ་ཤས་གལ་འགངས་ཆེ་བ་ཞིག་ཡིན་པར་བསམ་གྱི་ཡོད་པ་ང་ཚོས་དོ་སྣང་ཡོང་གི་ཡོད། འོན་ཀྱང་རྒྱུན་དུ་མི་རིགས་ནི་སྐྱིད་པོ་མེད་པའི་མི་ཞིག་ཡིན། སྐབས་རེ་ངོས་དང་མི་ཕྱུག་བདག་དང་དབང་ཤུགས་ཅན་འགའ་ཐུག་འཕྲད་བྱུང་སྐབས། ཁོང་ཚོས་དཀའ་ངལ་ཆེ་བའི་རྣམ་པ་སྟེ། སེམས་ཀྱི་གཏིང་ན་དཀའ་རྙོག་གིས་ཁེངས་པ་དང་ཁེར་རྐྱང་གི་ཚོར་ཤུགས་ཆེ་བ། གནོན་ཤུགས་ཆེ་བ། སེམས་འཁྲལ་ཆེ་བ་བཅས་འདུག དེར་བརྟེན་སེམས་པའི་རིམ་པའི་ཐོག་ལ་ཁོང་ཚོར་སྡུག་བསྔལ་ཡོད།

ང་ཚོར་ད་དུང་ངོ་མཚར་ཅན་གྱི་བློ་གྲོས་ཡོད། དེར་བརྟེན་ང་ཚོའི་ནང་སེམས་ཀྱི་རིམ་པའི་མྱོང་བ་ནི་ཕྱི་ལུས་ཀྱི་རིམ་པ་ལས་ཤུགས་ཆེ་བ་དང་། དེ་ལ་བརྟེན་ནས་ཕྱི་ལུས་ཀྱི་སྡུག་བསྔལ་ཆུང་དུའམ་གནོན་པར་ནུས། དཔེ་ཆུང་ཙག་ཅིག་ནི། སྐབས་ཤིག་ལ་ངོས་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་བྱུང་། དེ་ནི་ངོས་ཀྱི་རྒྱུ་མའི་ནང་ན་ཟུག་ཆེན་པོ་འདུག སྐབས་དེར་ངོས་རྒྱ་གར་གྱི་མངའ་སྡེ་སྐྱོ་ཤོས་བྷི་ཧར་ (Bihar) ནང་ཡོད་ཅིང་། རྡོ་རྗེ་གདན་དང་ནཱལནྡ་ (Nalanda) བརྒྱུད་ཕྱིན་པ་ཡིན། དེར་ངོས་ནས་ཕྲུ་གུ་ཉམ་ཐག་མང་པོ་ཡོད་པ་མཐོང་བྱུང་། ཁོང་ཚོས་བ་ཕྱུགས་ཀྱི་ལྕི་བ་སྒྲུག་ནས་སྡོད་པ་དང་། སློབ་སྦྱོང་གི་མཐུན་རྐྱེན་མེད་སྟབས་ངོས་ལ་སེམས་སྡུག་ཆེན་པོ་བྱུང་། དེ་རྗེས་མངའ་སྡེའི་རྒྱལ་ས་པཊ་ནའི་ (Patna) ཉེ་འགྲམ་དུ་སླེབས་སྐབས་ངོས་ཀྱི་ལུས་ལ་ན་ཟུག་ཆེན་པོ་དང་རྔུལ་ཆུ་མང་པོ་ཤོར་སོང་། ཆབས་ཅིག་ངོས་ནས་གོས་དཀར་པོ་ཧ་ཅང་བཙོག་པ་གྱོན་པའི་རྒས་པོ་ནད་པ་ཞིག་མཐོང་བྱུང་། ཁོང་ལ་སུ་གཅིག་གིས་ཀྱང་ཁ་ཡ་བྱེད་མཁན་མི་འདུག དེ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་སྣང་། དེའི་མཚན་མོ་ངོས་ཀྱི་འགྲུལ་ཁང་ནང་མ་གཞི་ངོས་ཀྱི་ལུས་པོའི་ན་ཟུག་ཧ་ཅང་ཆེ་ནའང་སེམས་ནང་རྒས་པོ་དེ་དང་ཕྲུ་གུ་དེ་དག་འཁོར་ནས། བསམ་བློ་དེས་ངོས་ཀྱི་ན་ཟུག་ཆུང་དུ་གཏོང་ཐུབ་པ་བྱུང་།

ཨོ་ལིམ་པིག་རྩེད་འགྲན་པ་རྣམས་སྦྱོང་བརྡར་བྱེད་པའི་དཔེ་མཚོན་ལ་གཞིགས་ན། ཁོང་ཚོས་ཤུགས་དྲག་ཆེ་བའི་སྦྱོང་བརྡར་བྱེད་ཅིང་། ལུས་ལ་ན་ཟུག་དང་མི་བདེ་བ་གང་བྱུང་ཀྱང་གང་ཡང་མེད། ཁོང་ཚོའི་སེམས་ནང་སྐྱིད་པའི་ཚོར་སྣང་ཅིག་ཡོང་གི་ཡོད། དེར་བརྟེན། ནང་སེམས་ཀྱི་རིམ་པ་དེ་ཕྱི་ལུས་པོའི་རིམ་པ་དེ་ལས་གལ་ཆེ་བ་ཡོད། དེས་ན། མི་ཚེའི་གལ་ཆེ་བ་དེ་ག་རེ་ཡིན་ཞེ་ན་བདེ་སྐྱིད་དང་ཡིད་ཚིམས་པ་བྱ་རྒྱུ་དེ་ཡིན།

བདེ་སྐྱིད་ཀྱི་རྒྱུ།

ད་བདེ་སྐྱིད་ཀྱི་རྒྱུ་གང་དག་རེད་དམ། ངོས་ཀྱི་བསམ་པར་ལུས་འདིའི་གྲུབ་ཆ་རྣམས་ཞི་འཇམ་གྱི་སེམས་དང་མཉམ་དུ་ལེགས་པར་གནས་པ་ལས། བསུན་གཙེར་ཅན་གྱི་སེམས་དང་གནས་ཀྱི་མེད། དེར་བརྟེན་ཞི་འཇམ་གྱི་སེམས་ནི་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོའི་ཕྱི་ལུས་ཀྱི་གནས་སྟངས་གང་ལྟར་ཡང་། གལ་ཆེ་ཤོས་ནི་ཞི་འཇམ་གྱི་སེམས་ཆགས་ཡོད། དེས་ན་ང་ཚོས་ལྷིང་འཇགས་ཀྱི་སེམས་ཇི་ལྟར་སྐྲུན་ཐུབ་བམ།

ད་དཀའ་ངལ་ཚང་མ་སེལ་བ་ནི་མི་སྲིད་པ་ཞིག་ཡིན་ཅིང་། སེམས་ཐིབ་ཏུ་བཅུག་པ་དང་དཀའ་ངལ་རྣམས་གཏིང་བརྗེད་དུ་གཏོང་བ་ལའང་ལམ་ལྷོང་ཡོང་མི་ཐུབ། ང་ཚོས་སོ་སོའི་དཀའ་ངལ་གསལ་པོ་ཤེས་པ་བྱས་ཏེ། ཐབས་ཤེས་བྱ་དགོས། འོན་ཀྱང་དུས་མཚུངས་ང་ཚོས་སེམས་ལྷོད་པོར་ཉར་ཐུབ་པ་ན་དོན་དངོས་དང་མཐུན་པའི་རྣམ་འགྱུར་ཞིག་སྟོན་ཐུབ་ནས་དེ་དག་ལ་སྒྲུབ་ཕྱོགས་ནས་ཡ་ལན་བྱེད་ཐུབ།

ཞི་བྱེད་ཀྱི་སྨན་སྟེན་མཁན་རྣམས་ཀྱི་ཐད་ངོས་ལ་ཉམས་མྱོང་མེད། ཞི་བྱེད་སྤྱོད་པའི་ཚེ་མི་རྣམས་ཀྱི་བློ་གྲོས་རྣོ་པོའམ་རྟུལ་པོ་ཡོད་མེད་ངོས་ནས་ཤེས་ཀྱི་མེད། ངོས་ཀྱིས་སྐད་ཆ་འདྲི་དགོས་པ་ཆགས་ཡོད། དཔེར་ན། ཕྱི་ལོ་ ༡༩༥༩ ལོར་ངོས་མ་སུ་རི་ (Mussoorie) ལ་ཡོད་པའི་སྐབས། ངོས་ཀྱི་ཨ་མ་ལགས་སམ་ཕལ་ཆེར་མི་གཞན་ཞིག་ལ་བསུན་གཙིར་དང་སེམས་ནང་དངངས་སྐྲག་བྱུང་སྟེ་གཉིད་ཐེབས་ཀྱང་བཅག སྨན་པས་སྨན་གང་རུང་བཟས་ན་འགྲིགས། འོན་ཀྱང་དེས་སེམས་ཐིབ་པ་ལྟ་བུ་བཟོ་ངེས་ཞེས་འགྲེལ་བརྗོད་གནང་སོང་། སྐབས་དེར་ངོས་ཀྱི་བསམ་པར་དེ་ཡག་པོ་མི་འདུག་བསམས་བྱུང་། ཕྱོགས་གཅིག་ནས་རང་ལ་སེམས་ཞི་ལྷོད་འོང་ཀྱང་གཞན་ཞིག་ནས་སེམས་ཉོབ་པར་བྱེད་ཀྱི་ཡོད། དེ་ཡག་པོ་མ་རེད། དེར་བརྟེན་ངོས་ནས་ལམ་གཞན་ཞིག་འདམ་ག་བྱས་པ་ཡིན། ཡིད་ལ་བསུན་གཙིར་མེད་པར་རྣམ་དཔྱོད་ཀྱི་བྱེད་ལས་ཧུར་པོ་དང་དོ་སྣང་ཅན། གྲུང་པོ་ཞིག་བདམས་པ་ཡིན། སེམས་ཀྱི་ཞི་བདེར་བསུན་གཙིར་མེད་པ་ནི་ལེགས་ཤོས་ཡིན།

དེ་ལ་སྙིང་རྗེ་དང་ལྡན་པའི་འགྲོ་བ་མིའི་བརྩེ་བ་གལ་ཆེན་པོ་ཡིན། ང་ཚོའི་སེམས་ཇི་ཙམ་གྱི་སྙིང་རྗེས་བརླན་པ་དེ་ཚོད་ཀྱིས་ཀླད་པས་བྱ་བ་ལེགས་པ་བྱེད། གལ་སྲིད་སེམས་ནང་ཞེད་སྣང་དང་ཁོང་ཁྲོ་འཕེལ་བ་ན། ག་རེ་ཡོང་གི་རེད་ཅེས་ན། ཀླད་པས་བྱ་བ་སྐྱོ་བ་བྱེད། སྐབས་ཤིག་ངོས་ལ་ལོ་ན་བརྒྱ་བཅུ་ལྷག་ཏུ་སོན་པའི་ཚན་རིག་པ་ཞིག་ཐུག་བྱུང་། ཁོང་གིས་རང་ཉིད་ཀྱི་དཔེ་དེབ་ངོས་ལ་སྤྲད་བྱུང་། ཕལ་ཆེར་དེབ་དེའི་མིང་ལ་ང་ཚོ་ཁོང་ཁྲོའི་བཙོན་པ་ཡིན་ཞེས་པ་འདྲ་པོ་ཡོད། ཁོང་གི་ཉམས་མྱོང་ཐད་གོ་བསྡུར་བྱེད་པ་དང་ཆབས་ཅིག་ཁོང་གིས། ང་ཚོས་ཡུལ་གང་ཞིག་གི་ཕྱོགས་ལ་ཁོང་ཁྲོ་ལང་སྐབས། ཡུལ་དེ་ཧ་ཅང་མི་མཛེས་པ་ཞིག་ཏུ་སྣང་གི་ཡོད། འོན་ཀྱང་མི་ལེགས་པའི་ཆ་བརྒྱ་ཆ་དགུ་བཅུ་ཙམ་ང་ཚོའི་སེམས་ཀྱིས་བཏགས་བཞག་པ་རེད། དེ་ནི་ཁོང་སྒེར་གྱི་ཉམས་མྱོང་ཡིན་ཅེས་གསུངས།

ནང་ཆོས་ཀྱིས་ཀྱང་གཅིག་མཚུངས་གསུང་གི་ཡོད། ཉོན་མོངས་ཅན་གྱི་བློ་མངོན་དུ་འགྱུར་སྐབས། ང་ཚོས་དངོས་པོའི་གནས་ལུགས་མཐོང་མི་ཐུབ། ང་ཚོས་གནད་དོན་ཅིག་ཐག་གཅོད་བྱ་དགོས་པ་དང་སེམས་ཁོང་ཁྲོའི་དབང་དུ་གྱུར་ཚེ། ང་ཚོས་ཐག་གཅོད་ནོར་བ་ཞིག་བཟོ་ཉེན་ཤིན་ཏུ་ཆེ། མི་སུ་འདྲ་ཞིག་གིས་ཀྱང་ཐག་གཅོད་ནོར་བ་བྱེད་འདོད་མེད། འོན་ཀྱང་སྐབས་དེར་ལེགས་ཉེས་བླང་དོར་འབྱེད་པ་དང་ཐག་གཅོད་ཡག་པོ་བྱེད་པའི་ང་ཚོའི་རྣམ་དཔྱོད་དང་ཀླད་པའི་ཆ་ཤས་ཤིག་གིས་བྱ་བ་ཏག་ཏག་བྱེད་ཀྱི་མེད། ཐ་ན་རླབས་ཆེན་གྱི་འགོ་ཁྲིད་ཚོར་ཡང་མྱོང་བ་དེ་འདྲ་ཡོད།

དེར་བརྟེན་སྙིང་རྗེ་དང་བརྩེ་བས་ཀླད་པས་བྱ་བ་ཚགས་ཚུགས་པོ་བྱེད་པར་རོགས་རམ་བྱེད་ཀྱི་ཡོད། ཞར་བྱུང་དུ་ང་ཚོའི་སེམས་ནང་སྟོབས་ཤུགས་སྦྱིན་ཅིང་། རང་གིས་རང་ལ་གདེང་ཚོད་བྱེད་ཐུབ་པ་དང་དེ་ལས་ཞེད་སྣང་ཟློག་པར་བྱེད། དེ་ལས་ང་ཚོའི་སེམས་བརྟན་ལྷིང་ཡོང་ཐུབ། རྒྱུ་མཚན་དེ་བས་ན། སྙིང་རྗེ་ལ་བྱེད་ལས་གཉིས་ཡོད་པ་ནི། ཀླད་པས་བྱ་བ་ཡག་པོ་བྱེད་པར་སྐུལ་བ་དང་ནང་གི་སྙིང་སྟོབས་སྦྱིན། དེ་དག་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན། ངོས་ཀྱིས་དེ་འདྲ་བསམ་གྱི་འདུག

མཐུན་རྐྱེན་གཞན་ཀྱང་བདེ་སྐྱིད་ལ་ཕན་ཐོགས་ཆེན་པོ་ཡོད་པ་བརྗོད་མི་དགོས། མི་ཚང་མ་དངུལ་ལ་དགའ་པོ་ཡོད། དཔེར་ན། གལ་ཏེ་ང་ཚོར་དངུལ་ཡོད་ན། ང་ཚོས་མཐུན་རྐྱེན་སྣེ་ཁ་འཛོམས་པོ་ལོངས་སུ་སྤྱོད་ཐུབ། སྤྱིར་བཏང་ང་ཚོས་དེ་གལ་ཆེ་ཤོས་ཡིན་པར་བསམ་གྱི་ཡོད། ངོས་ཀྱིས་དེ་ལྟར་རེད་བསམ་གྱི་མི་འདུག ཕྱི་དངོས་པོའི་བདེ་བ་དེ་ལུས་ཀྱི་ནུས་ཤུགས་ལས་ཡོང་ཐུབ། འོན་ཀྱང་སེམས་ཀྱི་བདེ་སྐྱིད་ནི་སེམས་ཀྱི་ནུས་པ་ལ་བརྟེན་ནས་ཡོང་དགོས། གལ་ཏེ་ང་ཚོས་ཚོང་ཁང་གཅིག་ནང་ཕྱིན་ཏེ་ཚོང་པར་ང་ཚོར་བདེ་སྐྱིད་ཉོ་དགོས་ཞེས་དངུལ་སྤྲད་ཀྱང་། ཚོང་རྒྱུ་མེད་བརྗོད་ཀྱི་ཡོད། སྐབས་དེར་ཚོང་པ་མང་པོ་ཞིག་མི་དེ་སྨྱོ་བ་མིན་ནམ་ཞེས་བསམ་པ་དང་ང་ཚོར་བགད་མོ་ཤོར་གྱི་ཡོད། སྨན་ཁབ་དང་སྨན་གང་ཞིག་གིས་གནས་སྐབས་ཙམ་བདེ་བའམ་སེམས་ལྷོད་པོར་བཟོ་ཐུབ་ནའང་། རྟག་ཐུབ་འཕེར་བ་མེད། སེམས་ཁམས་རིག་པའི་དཔེ་མཚོན་དེ་ལས་བགྲོ་གླེང་དང་རྒྱུ་མཚན་འགོད་པ་བརྒྱུད་ང་ཚོས་མྱོང་ཚོར་ལ་ཐབས་ཤེས་བྱེད་དགོས་པ་ང་ཚོས་མཐོང་ཐུབ། དེ་ལྟ་ན། ང་ཚོས་སེམས་ཀྱི་ཐབས་ལམ་ཞིག་བེད་སྤྱོད་བྱེད་དགོས། དེའི་ཕྱིར་ངོས་ནས་ག་དུས་གཏམ་བཤད་བྱས་ཀྱང། དེང་དུས་ཀྱི་མི་རྣམས་ཀྱིས་ཕྱི་དངོས་པོའི་ཡར་རྒྱས་ཐོག་ཧ་ཅང་རིག་པ་སྒྲིམ་གྱི་འདུག་ཅེས་ཤོས་ཀྱི་ཡོད། གལ་སྲིད་ང་ཚོས་རིམ་པ་དེ་གཅིག་པུའི་ཐོག་དོ་སྣང་བྱས་ན། མི་འགྲིགས། དོན་དམ་པའི་བདེ་སྐྱིད་དང་ཡིད་ཚིམས་ངེས་པར་དུ་སེམས་ནང་ནས་ཡོང་དགོས།

དེའི་ཕྱིར་གཞི་རྩའི་གྲུབ་ཆ་ནི་སྙིང་རྗེ་དང་འགྲོ་བ་མིའི་བརྩེ་བ་ཡིན་ཅིང་། དེ་དག་ནི་ལུས་ཀྱི་གྲུབ་སྟངས་ཆ་ནས་ཡོང་གི་ཡོད། བྱིས་པ་ཞིག་ལ་མཚོན་ན། ང་ཚོའི་འཚོ་གནས་ནི་མཐའ་ཅིག་ཏུ་བརྩེ་བར་བརྟེན་ནས་ཡོད། གལ་སྲིད་དེར་བརྩེ་བ་ཡོད་ན། ང་ཚོས་བརྟན་ལྷིང་གི་ཚོར་བ་མྱོང་ཐུབ། དེ་མེད་ན་ང་ཚོས་དངངས་འཚབ་དང་བརྟན་ཆ་མེད་པ་ཚོར་གྱི་ཡོད། ང་ཚོ་སོ་སོའི་ཨ་མ་དང་ཁ་བྲལ་སྐབས། ང་ཚོས་ངུ་བ་དང་། ཨ་མའི་དཔང་དུ་ཡོད་ཚེ་ང་ཚོས་བདེ་བ་ཚོར་ཞིང་ཁུ་སིམ་པར་སྡོད་ཀྱི་ཡོད། བྱིས་པ་ཞིག་གི་ངོས་ནས་དེ་ནི་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་གི་ཡོད། དཔེར་ན་ངོས་ཀྱི་དགེ་རྒན་སྐྱེ་དངོས་ཚན་རིག་པ་ཞིག་ལ་དཔེ་མཚོན་ན། ཁོང་ནི་རྡུལ་ཕྲན་མཚོན་ཆར་འགོག་རྒོལ་བྱེད་མཁན་ཞིག་ཡིན། ཁོང་གིས་ང་ཚོ་བཙས་པ་རྗེས་གཟའ་འཁོར་ཁ་ཤས་རིང་ཨ་མའི་ལུས་ཀྱི་རེག་ཐུག་ནི་བྱིས་པའི་ཀླད་པ་དང་ཡར་རྒྱས་འགྲོ་བའི་ཐད་དམིགས་བསལ་གནད་འགག་ཆེན་པོ་ཡོད་པར་གསུངས། དེ་ལ་བརྟེན་ནས་སེམས་ནང་ཞི་བདེ་ལྷིང་འཇགས་ཀྱི་ཚོར་བ་སླེབས་པས། ཀླད་པ་ཚུད་ལུས་ཀྱི་འཚར་ལོངས་ཏག་ཏག་ཡོང་ཐུབ་ཀྱི་ཡོད།

དེར་བརྟེན་སྙིང་རྗེ་དང་བརྩེ་བའི་ས་བོན་ནི་ཆོས་ལུགས་ཀྱི་ཤོད་སྟངས་ཐོག་ནས་བྱུང་བ་ཞིག་མ་ཡིན་པར། ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་གི་ཡོད། ང་ཚོ་ཚང་མ་ཨ་མའི་མངལ་ལས་སྐྱེས་པ་དང་མའི་བྱམས་སྐྱོང་དང་བརྩེ་བ་ལ་བརྟེན་ནས་འཚོ་གནས་ཐུབ་ཀྱི་ཡོད། རྒྱ་གར་གྱི་རྒྱུན་སྲོལ་ཁྲོད། ང་ཚོས་སྐྱེ་བ་ནི་དག་ཞིང་ནང་མེ་ཏོག་པདྨ་ལས་ཡིན་པར་བསམ་གྱི་ཡོད། དེ་ནི་ཡག་པོ་ཡིན་ཀྱང་གཅིག་བྱས་ན་མི་རྣམས་ཀྱིས་མི་རྣམས་ལས་མེ་ཏོག་ལ་བརྩེ་བ་ཆེ་བ་ཡོད་སྲིད། བྱས་ཙང་མའི་མངལ་ལས་སྐྱེ་བ་ནི་ལེགས་པ་ཡིན། གང་ལགས་ཤེ་ན་སྙིང་རྗེའི་ས་བོན་དང་ཐོག་ནས་རྒྱུད་ལ་རང་ཆས་སུ་གྲུབ་ཡོད། དེ་བས་ན་དེ་དག་ནི་བདེ་སྐྱིད་ཀྱི་རྒྱུ་རྐྱེན་ཡིན་ནོ།། །།