བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > བོད་སོག་ནང་ཆོས་ཀྱི་རྨང་གཞི། > རིམ་པ། ༢། ལམ་རིམ། > ལུས་རྟེན་གྱི་གྲུབ་ཆ་དང་རྒྱུ་མཚན་རིགས་པ་ལ་བརྟེན་པའི་སྙིང་རྗེ།

ལུས་རྟེན་གྱི་གྲུབ་ཆ་དང་རྒྱུ་མཚན་རིགས་པ་ལ་བརྟེན་པའི་སྙིང་རྗེ།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
ཅེག་སྤྱི་མཐུན་རྒྱལ་ཁབ (Czech Republic)། པེ་ར་གྷུ་ (Prague)། ཕྱི་ལོ་ ༢༠༠༦ ཟླ་ ༡༠ ཚེས་ ༡༡ ཉིན་
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་ཕབ་སྒྱུར་དང་ཕྱོགས་སྒྲིག་རོབ་ཙམ་ཞུས།

ལས་གང་ཡང་རུང་བའི་འབྲས་བུ་ནི་དེའི་སྐུལ་སློང་ལ་རག་ལུས་ཀྱི་ཡོད། ལས་དེའི་རྒྱབ་རྟེན་དུ། དགེ་མི་དགའིེ་བློ་གང་ཞིག་ཡོད་དང་མེད་ལ་བརྟེན་ནས། ལས་དེ་ཉིད་ཀྱི་འབྲས་བུ་སྣ་ཚོགས་ཤིག་གྲུབ་ཀྱི་ཡོད་པ་རེད། དེ་བཞིན་དུ། དཔེར་ན། སྙིང་རྗེ་ལྟ་བུའི་སྤྱིར་བཏང་གི་ཚོར་མྱོང་ཞིག་གིས་ལས་གང་ཞིག་ཀུན་ནས་སློང་པ་ན། སེམས་དང་ཚོར་མྱོང་དེ་དང་འབྲེལ་བའི་ཚོར་མྱོང་དག་གིས་ཀྱང་འབྲས་བུ་ཅི་འདྲ་བ་ཞིག་འགྲུབ་མིན་ལ་ཁྱད་ཞུགས་ཀྱི་ཡོད་པ་རེད།

དཔེར་ན། སྙིང་རྗེ་ལ་མཚོན་ན། རིགས་གསུམ་ཡོད།

  • དང་པོས་ནི། རང་གི་སྤུན་གཉེན་དང་། དགའ་ཉེ་བློ་དཀར་ལ་དམིགས་པ་གཏད་ཀྱི་ཡོད། འོན་ཀྱང་། དེ་འདྲ་བ་དེ་ནི། ཆགས་ཞེན་གྱི་བློ་ཞིག་ལ་གཞི་བཅོལ་བ་ཡིན་པས། དམིགས་པའི་ཁྱབ་ཚད་ཚད་ཅན་ཞིག་ཡིན། འཕྲལ་རྐྱེན་ཆུང་ངུ་ཞིག་གིས་ཀྱང་། ལམ་སེང་ཁོང་ཁྲོ་དང་། ཐ་ན་ཞེ་སྡང་དུ་འགྱུར་སྲིད་པ་ཞིག་རེད།
  • སྙིང་རྗེ་རིགས་གཉིས་པས་ནི། སྡུག་ངལ་བའི་སེམས་ཅན་ལ་དམིགས་པ་གཏད་ཀྱི་ཡོད། འདི་ལྟ་བུའི་སྙིང་རྗེས་ནི། ང་ཚོས་སེམས་ཅན་དེ་དག་ཡ་ང་ཤ་ཚའི་བདག་ཉིད་ཅན་ཞིག་ཏུ་ངོས་འཛིན་བྱེད་པ་དང་། དེ་དག་རང་ཉིད་ལས་དམན་པའི་ངང་ཚུལ་ཅན་ཞིག་ཏུ་ངོས་འཛིན་གྱིས་ཏེ། རང་ཉིད་ཀྱི་གནས་བབས་དེ་དག་ལ་ལྟོས་ཏེ་ལེགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། སྙིང་རྗེ་རིགས་དེ་གཉིས་ཀ་ཉོན་མོངས་པ་ལས་སྐྱེ་བ་ཞིག་ཡིན་པས་སྡུག་བསྔལ་བསྟེར་བར་བྱེད།
  • སྙིང་རྗེ་རིགས་གསུམ་པ་ནི། ཕྱོགས་ལྷུང་བྲལ་བའི་སྙིང་རྗེ་ཡིན། དེ་ནི་གོ་རྟོགས་དང་། བརྩི་བཀུར་ལ་བརྟེན་ནས་སྐྱེ་བ་ཞིག་ཡིན། འདིས་ནི། ང་ཚོས་གཞན་སེམས་ཅན་ཐམས་ཅད་རང་དང་གཅིག་མཚུངས་ཡིན་པར་ངོ་འཕྲོད་ནས། ཁོང་ཚོར་ཡང་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པའི་ཐོབ་ཐང་དང་། རང་དབང་ཡོད་པ་གཅིག་མཚུངས་ཡིན་པའི་ངོས་འཛིན་བྱེད། གོ་རྟོགས་དེ་ལ་བརྟེན་ནས་ང་ཚོས་གཞན་སེམས་ཅན་ལ་བྱམས་བརྩེ་དང་། སྙིང་རྗེ། སེམས་ཐག་ཉེ་བའི་ཚོར་བ་ཞིག་སྐྱེས་ཀྱི་ཡོད། སྙིང་རྗེ་རིགས་གསུམ་པ་དེ་ནི་བརྟན་པོ་ཡོད། ཉམས་ལེན་དང་། ཐོས་བསམ། རྒྱུ་མཚན་རིགས་པ་བཅས་ལ་བརྟེན་ནས་སྐྱེས་ཀྱི་ཡོད། སྙིང་རྗེ་དེ་ཇི་ཙམ་གྱིས་བརྟན་པ་ཡོད་པ་དེའིེ་ཚོད་ཀྱིས་ཕན་རླབས་ཆེ་བ་ཡོང་གི་ཡོད་པ་རེད།

སྙིང་རྗའིེ་རིགས་གསུམ་པོ་འདི་དག་སྤྱིར་སྡེ་ཚན་གཉིས་ཀྱི་ནང་དུ་འདུ་བ་ཡིན། སྙིང་རྗེའིེ་རིགས་དང་པོ་གཉིས་ནི། ཉོན་མོངས་ཅན་གྱི་སེམས་ལྟ་བུ་ཞིག་ལས་ལྷན་སྐྱེས་ཀྱིས་སྐྱེས་པའི་ཚོར་མྱོང་ཡིན། གསུམ་པ་དེ་རྒྱུ་མཚན་རིགས་པ་ལ་བརྟེན་ནས་སྐྱེས་པའི་ཚོར་མྱོང་ཞིག་ཡིན་པ་རེད།

རྒྱུ་མཚན་རིགས་པ་ལ་བརྟེན་ནས་སྐྱེས་ཤིང་། ཕྱོགས་ལྷུང་བྲལ་བའི་སྙིང་རྗེ་ནི་རང་བཞིན་གྱིས་ནུས་ཤུགས་ཆེ་རུ་འགྲོ་ཡི་ཡོད། འགྲོ་བ་མི་དང་། ནུ་གསོ་སེམས་ཅན། ཡང་ན། བྱ་བྱེའུ་གང་ཡིན་ཀྱང་རུང་ངོས་རང་ནས་རྒྱ་མཚོའི་རུས་སྦལ་དང་། ཕྱེ་མ་ལེབ་སྐོར་ཤོད་མི་ཤེས། ང་ཚོ་ཚང་མ་མ་ཡི་མངལ་ནས་བཙའ་བའི་ཚེ། མ་གཞི་དེ་དུས་སོ་སོའི་ཨ་མ་ངོ་ཤེས་ཀྱི་མེད་ཀྱང་། ཨ་མའི་ཕྱོགས་སུ་ངམ་ངམ་ཤུགས་ཤུགས་ཀྱིས་ཕྱོགས་ལྷུང་བྲལ་བའི་བརྩེ་བ་ཞིག་སྐྱེ་ཞིང་། སོ་སོའི་ཨ་མར་ལྷན་སྐྱེས་ཀྱི་བརྩེ་བ་དང་། སེམས་ཐག་ཉེ་བའི་ཚོར་བ་དང་། བརྩེ་གདུང་སླེབས་ཀྱི་ཡོད། ཨ་མའི་ངོས་ནས་ཀྱང་རང་ལ་གསར་དུ་སྐྱེས་པའི་བྱིས་པར་རང་བཞིན་གྱིས་སེམས་ཐག་ཉེ་བའི་ཚོར་བ་དང་། བརྩེ་གདུང་ཞིག་སླེབས་ཀྱི་ཡོད། དེ་འདྲ་སོང་ཙང་། ཁོ་མོས་བྱིས་པ་དེར་ལྟ་སྐྱོང་དང་གཅེས་སྤྲས་བྱེད་ཅིང་། དེ་ལྟའི་བྱམས་བརྩེ་ལྡན་པའི་ལྟ་སྐྱོང་ནི་ཕྲུ་གུ་དེ་བདེ་ཐང་ངང་འཚར་ལོངས་བྱེད་པའི་གཞི་རྟེན་ཞིག་ཡིན་པ་རེད།

གོང་གསལ་ལས། ལུས་རྟེན་གྲུབ་སྟངས་ཀྱི་གཞི་རྩ་ལ་བརྟེན་ནས་བྱུང་བའི་སེམས་ཐག་ཉེ་བའི་ཚོར་བ་དང་། བྱམས་བརྩེ་སོགས་ནི། སྙིང་རྗེའི་ས་བོན་ཞིག་ཡིན་པ་ང་ཚོས་ཤེས་རྟོགས་ཐུབ་ཀྱི་ཡོད། ཡོན་ཏན་དེ་དག་ནི། ང་ཚོར་རང་གི་ཨ་མ་ཁོ་ན་ལས་ཐོབ་པའི་རིན་ཐང་ཆེ་ཤོས་ཀྱི་ལེགས་སྐྱེས་དག་ཡིན། ང་ཚོས་ས་བོན་དེ་དག་རྒྱུ་མཚན་རིགས་པ་དང་། ཐོས་བསམ་སློབ་གཉེར་གྱི་ཐོག་ནས་གསོ་སྐྱོང་བྱས་ཚེ། སྙིང་རྗེ་དངོས་གནས་པ་ཞིག་ཏུ་འཕེལ་སྐྱེས་བྱེད་ཐུབ་པ་ཡིན། དེ་ཡང་། ཕྱོགས་ལྷུང་བྲལ་ཞིང་། ཚང་མར་གཅིག་ཏུ་ཆ་སྙོམས་དུ་འཛིན་པའི་དམིགས་པ་བཏང་སྙོམས་ཀྱི་གོ་སྟོབས་གཞི་ལ་བཞག་པའི་ཐོག་ནས་འབྱུང་དགོས་པ་ཡིན།

བྱིས་པ་ཚོར་མཚོན་ན། བརྩེ་གདུང་ནི། ཆོས་ལུགས་དང་། ཁྲིམས་ལུགས། ཡང་ན། ཉེན་རྟོག་པའི་སྐུལ་འདེད་བྱས་པའི་སྒོ་ནས་བྱུང་བ་ཞིག་མིན་ལ། དེ་དག་རང་བྱུང་ཁོ་ན་ཡིན། དེར་བརྟེན། མ་གཞི་ཆོས་ལུགས་ཀྱི་བསླབ་བྱ་ནས་བཤད་པའི་སྙིང་རྗེ་དེར་དགེ་མཚན་ཆེ་ཡང་། སྙིང་རྗེའི་ས་བོན་དང་གཞི་རྟེན་ངོ་མ་ནི་ལུས་རྟེན་གྲུབ་སྟངས་ཀྱི་ཆ་ནས་ཡོང་བ་ཞིག་ཡིན། འདི་ནི། ངོས་ཀྱིས་ “ ཆོས་དང་མ་འབྲེལ་བའི་བཟང་སྤྱོད་” ཅེས་འགྲེལ་བརྗོད་བྱེད་པའི་གཞི་རྟེན་ཡང་ཡིན། ཆོས་ལུགས་ཀྱིས་དེ་འདྲ་བའི་ས་བོན་ལ་ཤུགས་གནོན་རྒྱག་དགོས།

མི་ཁ་ཅིག་གིས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆོས་ལུགས་ཀྱི་དད་པ་དག་སྣང་འབའ་ཞིག་ལ་གཞི་བཅོལ་དགོས་པར་བསམ་གྱི་ཡོད། གཞན་ཁ་གཅིག་གིས། ཐོས་བསམ་སློབ་གཉེར་བརྒྱུད་བཟང་སྤྱོད་གོང་འཕེལ་གཏོང་དགོས་པར་སེམས། ཡང་ཁ་ཤས་ཀྱིས། “ ཆོས་དང་མ་འབྲེལ་བའི་བཟང་སྤྱོད་” ཟེར་དུས་ཆོས་ཁས་མི་ལེན་པ་ལ་བརྩི་ཡི་ཡོད། ཡང་འགའ་ཤས་ཀྱིས། “ ཆོས་དང་མ་འབྲེལ་བའི་བཟང་སྤྱོད་” ཟེར་དུས་རྒྱ་གར་གྱི་རྩ་ཁྲིམས་དགོངས་དོན་ལྟར། ཆོས་ལུགས་ལ་དད་གུས་མེད་མཁན་ཐེ་བས་ཆོས་ལུགས་ཚང་མར་ཕྱོགས་ལྷུང་མེད་པའི་གུས་བརྩི་ཡོད་དགོས་པ་ལ་བསམ་གྱི་ཡོད། བཟང་སྤྱོད་ཀྱི་རིགས་ཕྱི་མ་འདི། དམིགས་བསལ་སྙིང་རྗེའི་གཞི་རྟེན་ཅན་གྱི་བཟང་སྤྱོད་ཞིག་ཡིན། བློ་ལྷན་སྐྱེས་ཤིག་ཀྱི་རྩ་བར་བརྟེན་པ་ཞིག་ཡིན་པ་རེད། དཔེར་ན། ཨ་མ་ཞིག་དང་རང་གི་གསར་སྐྱེས་བུ་ཕྲུག་གཉིས་ཀྱི་དབར་གྱི་གནད་དོན་ར་ཁྲོད་ཡོང་བཞིན་པ་ལྟར། འཚོ་གནས་སྐྱེད་སྲིང་གི་དགོས་མཁོའི་རྒྱུ་མཚན་ཞིག་ལ་བརྟེན་ནས་རང་བཞིན་ལྷན་སྐྱེས་ཀྱིས་སྐྱེ་ཡོང་གི་ཡོད་པ་རེད། དེ་ནི་ལུས་རྟེན་གྲུབ་སྟངས་ཀྱི་ཆ་ནས་ཡོང་གི་ཡོད་པས་བརྟན་པ་ཡོད།

ཕྲུ་གུ་རྣམས་ཀྱིས་རྩེད་མོ་རྩེ་སྐབས། ཁོང་ཚོས་ཆོས་དང་། མི་རིགས། ཆབ་སྲིད། ཡང་ན་ཁྱིམ་ཚང་གི་རྒྱབ་ལྗོངས་ལོ་རྒྱུས་སོགས་ལ་བསམ་བློ་གཏོང་གི་མེད། རང་གི་རྩེད་གྲོགས་སུ་ཡིན་མིན་ལ་མི་ལྟོས་པར་། འཛུམ་མདངས་སྟོན་མཁན་དེ་ལ་ཡི་རངས་བྱེད་ཀྱི་རེད། དེའི་ལན་དུ། འཆམ་མཐུན་བྱེད། ཁོང་ཚོའི་སེམས་ཕྱི་གསལ་ནང་གསལ་ཡིན། དེ་ལས་ལྡོག་སྟེ། རྒན་པ་རྣམས་ཀྱིས་སྤྱིར་བཏང་ནས་རིགས་རུས་དང་ཆབ་སྲིད་ཀྱི་དབྱེ་ལ་སོགས་པར་དོ་ནན་བྱེད། རྒྱུ་མཚན་དེའི་ཕྱིར། ཁོང་ཚོའི་སེམས་གུ་དོག་པ་ཡོད།

དེ་གཉིས་ཀྱི་ཁྱད་པར་ལ་གཅིག་གཟིགས་དང་། ང་ཚོའི་རྒྱུད་ལ་སྙིང་རྗེའི་བསམ་པ་ཇི་ཙམ་གྱིས་ཤུགས་ཆེ་བ་དེའི་ཚོད་ཀྱིས། ང་ཚོའི་སེམས་གུ་ཡངས་པ་དང་། གཞན་དང་འགྲོགས་འདྲིས་བྱེད་བདེ་བ་ཡོད། གལ་ཏེ་རང་གཅེས་འཛིན་གྱིས་བཅིངས་ནས་ཡོད་ན། ང་ཚོའི་སེམས་གུ་དོག་ཅིང་གཞན་དང་འགྲོགས་འདྲིས་བྱེད་ཁག་པོ་ཡོད། ཁོང་ཁྲོས་ནད་འགོག་མ་ལག་གི་སྟོབས་ཞན་དུ་གཏོང་བ་དང་། སྙིང་རྗེ་དང་། བྱམས་བརྩེས་ནད་འགོག་མ་ལག་གི་སྟོབས་བཟང་དུ་གཏོང་གི་ཡོད། ཁོང་ཁྲོ་དང་འཇིགས་སྣང་ཡོད་ན། ང་ཚོར་གཉིད་མི་ཁུག གལ་ཏེ་གཉིད་ཁུག་པའི་དབང་དུ་བཏང་ནའང་། དངངས་འཚབ་ཆེ་བའི་སྣང་བ་ཤར་ཡོང་བ་ཡིན། ང་ཚོའི་སེམས་ལྷོད་བདེར་ཡོད་ན། ང་ཚོར་གཉིད་ལེགས་པ་ཁུག་ཐུབ་ཅིང་། ཞི་སྨན་སོགས་གང་ཡང་གཏོང་མི་དགོས་པ་ཡིན། གང་ལགས་ཤེ་ན། ནུས་པ་ཆ་སྙོམས་དུ་གནས་ཀྱི་ཡོད་པ་རེད། དངངས་སེམས་ཡོད་ན། ང་ཚོའི་ནུས་པ་གང་སར་རྒྱུག་སྟེ་ཚ་གི་ཚི་གེ་ཆགས་ཀྱི་ཡོད།

གནད་ལུགས་གང་ཞིག་གསལ་པོ་བྱས་ཏེ་མཐོང་བ་དང་རྟོགས་འདོད་ན། ང་ཚོར་སེམས་ལྷོད་བདེ་བ་ཞིག་དགོས། ཅི་སྟེ་ང་ཚོའི་སེམས་འཁྲུགས་པ་ཡིན་ཚེ། དངོས་པོའི་གནས་ལུགས་ཇི་བཞིན་མཐོང་མི་ཐུབ་ཡིན། དེར་བརྟེན་དཀའ་ངལ་ཕལ་ཆེ་བ། ཐ་ན་གོ་ལའི་སྒང་གི་དཀའ་ངལ་དེ་དག་ཀྱང་། མིས་བཟོས་པའི་དཀའ་ངལ་ཡིན་ཞིང་། དེ་དག་གི་ཡོང་རྐྱེན་ནི། དངོས་པོའི་གནས་ལུགས་མ་མཐོང་བའི་དབང་གིས་ཡིན་པ་རེད། གནས་སྟངས་གང་ཡིན་དེ་ལ་གདོང་ལེན་ཡག་པོ་བྱེད་ཀྱི་མེད། ང་ཚོའི་བྱ་སྤྱོད་རྣམས་ཞེད་སྣང་དང་། ཁོང་ཁྲོ། དངངས་སྐྲག་བཅས་ཀྱིས་གཞི་རྩར་བྱས་ནས་ཡོད་ཅིང་། སེམས་ལ་དངངས་ཚབ་ཆེན་པོ་ཞེ་དྲག་ཡོད། ང་ཚོའི་བློའི་འཛིན་སྟངས་འཁྲུལ་ནས་ཡོད། དེའི་རྒྱུ་མཚན་ནི། ང་ཚོའི་སེམས་དྲི་མས་བསླད་ཡོད། ཚོར་མྱོང་མ་རུང་པ་དག་གིས་སེམས་གུ་དོག་ཏུ་གཏོང་གི་ཡོད་པ་དང་། དེ་ཡིས་དཀའ་ངལ་བཟོ་ཡི་ཡོད་ལ། དེའི་རྐྱེན་པས་འབྲས་བུ་འདོད་བློ་ཁེངས་པ་ཞིག་ནམ་ཡང་མི་འོང་བ་ཡིན།

ཕྱོགས་གཞན་ཞིག་ནས། སྙིང་རྗེས། སེམས་ལྷོད་བདེ་དང་གུ་ཡངས་ཤིག་བསྐྲུན་གྱི་ཡོད། དེས་དབང་གིས། ང་ཚོས་དངོས་པོའི་གནས་ལུགས་མཐོང་ཐུབ་ཅིང་། ཀུན་གྱི་འདོད་པའི་དངོས་པོ་གང་དང་གང་ཡིན་པ་དེ་དག་གྲུབ་པ་དང་། མི་འདོད་པའི་དངོས་པོ་གང་དང་གང་ཡིན་པ་དེ་དག་བསལ་བའི་ཐབས་ལམ་ཞིག་རྙེད་ཐུབ་པ་ཡིན། དེ་ནི་གལ་ཆེའི་གནད་དོན་ཞིག་ཡིན་པ་དང་། རྒྱུ་མཚན་རིགས་པ་ལ་བརྟེན་པའི་སྙིང་རྗེའི་ཁེ་ཕན་ཆེན་པོ་ཞིག་ཀྱང་ཡིན། དེར་བརྟེན་ལུས་རྟེན་གྲུབ་སྟངས་ཀྱི་ཚན་རིག་གཞི་ལ བཞག་པའི་སྟེང་དུ། རྒྱུ་མཚན་རིགས་པས་རྒྱབ་རྟེན་ལ་བརྟེན་ནས། ཨ་མ་དང་ཕྲུག་གུ་གཉིས་ཀྱི་དབར་གྱི་ལྷན་སྐྱེས་ཀྱིས་གྲུབ་པའི་བྱམས་བརྩེ་དང་། བརྩེ་གདུང་གིས་འགྲོ་བ་མིའི་རིན་ཐང་གོང་སྤེལ་དུ་གཏོང་རྒྱུར་ཤིན་ཏུ་གལ་ཆེ་བའི་ལེགས་སྐྱེས་ཤིག་འབུལ་གྱི་ཡོད།། །།