རང་གཅེས་འཛིན་ལས་ཐར་ཚུལ་གྱི་བསླབ་བྱ།

རང་གིས་སོ་སོའི་སྒྲིག་གཞི་དང་། ཁྲིམས་ལུགས། རྩ་ཁྲིམས་བཅས་བཟོ་ཞིང་། གལ་ཏེ་གཞན་གྱིས་སོ་སོའི་ཁྲིམས་ལུགས་བཤིག་ན། འཛིན་བཟུང་བྱས་ཏེ་ཁྲིམས་ཆད་གཅོད་ཀྱི་ཡོད། འོན་ཀྱང་གལ་ཏེ་ཁྲིམས་ལུགས་དེ་སོ་སོས་བཤིག་ན། རང་ཉིད་དེ་ལས་གཡོལ་བཅུག་ནས་ཆད་པ་མི་གཅོད། བཀའ་གདམས་དགེ་བཤེས་ཤར་ར་བས། “ཇི་སྲིད་རང་གི་སྐྱོན་དང་ཞན་ཆ། དེ་བཞིན་བདག་ནི་རང་གི་དགྲ་ལྟར་མ་མཐོང་བར་དུ་ཕན་ཐོགས་ག་འདྲ་ཞིག་ལའང་གོ་ཤེས་ཅན་ཞིག་ནམ་ཡང་མི་ཡོང་།” ཞེས་གསུངས། ཅི་སྟེ་རང་གི་ཚོར་བ་གལ་ཆེ་ཤོས་སུ་བསམས་ན། མི་སུ་གཅིག་ཀྱང་རང་ལ་མི་འཁོར། ཐ་ན་ཐབས་མཁས་ནུས་རྩལ་ལྡན་པའི་བླ་མ་ཞིག་གིས་ཀྱང་རང་ཁོ་ན་བསམས་ནས་ཞེན་ཆགས་བྱེད་མཁན་མི་ཞིག་ལ་རོགས་བྱེད་མི་ཐུབ། དེ་གང་ཡིན་ཞེ་ན། བླ་མའི་བསླབ་བྱ་དང་རང་གཅེས་འཛིན་གཉིས་གདོང་ཐུག་ཤོར་གྱི་ཡོད། བླ་མས་རང་ལ་ཐར་ལམ་སྟོན་པར། ཐོག་མར་རང་ངོས་ནས་རང་གཅེས་འཛིན་གྱི་བསམ་ཕྱོགས་ཡོད་པའི་ཉེས་དམིགས་ཤེས་དགོས། རང་གཅེས་འཛིན་ཡོད་ན་མི་དགེ་བའི་ལས་ཀུན་བྱེད་པའི་རྒྱུ་མཚན་ལྡན་ཡོད། དེར་བརྟེན་རང་གི་བྱ་སྤྱོད་ལ་རྒྱུ་མཚན་གྱིས་ལེགས་ཉེས་དཔྱོད་དགོས། བླ་མས་རང་ལ་རོགས་རམ་བྱེད་མི་ཐུབ་པ་མ་ཟད། རྒྱུན་གཏན་གྱི་གྲོགས་པོ་ཚོས་ཀྱང་རོགས་བྱེད་མི་ཐུབ། གང་ཡིན་ཟེར་ན། སོ་སོས་ཁོང་ཚོའི་བསླབ་བྱར་ཉན་འཇོག་མི་བྱེད་པ་ཡིན།

ང་ཚོར་རང་གཅེས་འཛིན་གྱི་སྐྱོན་ཆ་ཡོད་པ་ཚང་མས་ཁས་ལེན་བྱེད་དགོས། སངས་རྒྱས་ཉག་ཅིག་ལ་དེའི་སྐྱོན་གྱི་དྲི་མ་མེད། དེར་བརྟེན་སྐྱོན་དེ་ང་ཚོའི་རྒྱུད་ལ་ཡོད་པ་ངོས་བཟུང་སྟེ་སྤོང་ཐབས་བྱེད་དགོས། མ་མཐར་རང་གཅེས་འཛིན་གྱི་བསམ་བློ་ཡོད་པ་ཤེས་ན་ཡར་རྒྱས་ཆེན་པོ་འགྲོ་ངེས། གཞན་གྱིས་རང་ལ་སྐྱོན་འཛུགས་བྱེད་སྐབས། དེ་དག་ཚང་མ་རང་རྒྱུད་ཀྱི་རང་གཅེས་འཛིན་གྱི་ལན་པ་རེད་ཅེས་རྒྱུན་དུ་བསམ་དགོས། རང་ངོས་ནས་དེ་མ་རྟོགས་ན་ཁོང་ཁྲོ་ཟ་ངེས་རེད། གལ་ཏེ་རང་གི་རྐང་པར་ཚེར་མ་ཞིག་ཟུག་སྐབས་ཁོང་ཁྲོ་བྱས་ཏེ་ཚེར་མ་ལ་ཕར་བཞུས་ན། གྱོང་སུ་ལ་རག་གམ། ད་ལྟ་ང་ཚོས་སྐྱོན་འཛུགས་དང་མི་བདེ་བ་ཕྲན་བུར་བཟོད་མི་ཐུབ་ན། ངན་སོང་གི་སྡུག་བསྔལ་ལ་ཇི་ལྟར་བཟོད་ནུས་སམ།

དགེ་བཤེས་སྤྱན་སྔ་བའི་ཞལ་ནས། ང་ཚོས་ངེས་པར་དུ་འབེན་ལྟ་བུའི་བཟོད་པ་གོང་འཕེལ་གཏོང་དགོས། དེ་ལྟར་བྱུང་ན་གཞན་གྱིས་སྐྱོན་བརྗོད་བྱས་ཀྱང་། དམིགས་སའི་འབེན་བརྟན་པོ་ཡོད་པས་ཅི་ཡང་མི་གནོད། ཅི་སྟེ་ཐོག་མར་དམིགས་སའི་འབེན་མེད་ན། མདའ་ནམ་ཡང་འཕངས་མེད་ངེས་རེད། ཤོད་སྲོལ་ཞིག་ལ། “ཞགས་ཐག་ནང་སྐེ་རྐྱོང་།” ཟེར་གྱི་ཡོད། སོ་སོའི་ངོས་ནས་ནོར་འཁྲུལ་གང་ཡང་མ་བྱས་པར་གཞན་གྱིས་སྐྱོན་འཛུགས་བྱས་ན། དེ་ནི་སྐྱེ་བ་སྔོན་མར་རང་ངོས་ནས་གཞན་ལ་མཐོང་ཆུང་བྱས་པའི་འབྲས་བུ་སྟེ། དཔེར་ན། ཐེངས་ཤིག་སངས་རྒྱས་ཀྱི་སློབ་མ་དགྲ་བཅོམ་པ་ཞིག་གིས་སྡོམ་པ་གསུམ་དང་འབྲེལ་བའི་ཉོན་མོངས་ཐམས་ཅད་སྤངས་ནའང་། ད་དུང་ཡང་མི་འགའ་ཞིག་གིས་དགྲ་བཅོམ་པ་དེས་སྡོམ་པ་སྲུང་གི་མི་འདུག་ཅེས་བཤད་དེ་ཁོ་རང་ལ་དཔང་པོ་རྫུན་མ་བྱས། དེ་ལ་སངས་རྒྱས་ཐུགས་ཕམ་ནས་དགྲ་བཅོམ་པ་དེས་སྡོམ་པ་གཏོང་མི་སྲིད་ཅེས་གསུངས་པ་དང་། སླར་ཡང་སངས་རྒྱས་ཀྱི་ཞལ་ནས། ཉམས་རྟོགས་ཕུལ་དུ་ཕྱིན་པའི་གང་ཟག་གིས་སྡོམ་པ་སྲུང་གི་མི་འདུག་ཅེས་སྐྱོན་འཛུགས་བྱེད་མཁན་རྣམས་ནང་པར་མི་བརྩི་བ་མ་ཟད། དེ་དག་ནི་ནང་པར་སྡིགས་ར་སྐུལ་མཁན་ཞིག་ཏུ་བརྩི་གི་ཡིན་ཞེས་གསུངས། གཞན་རྣམས་ཀྱིས་དགྲ་བཅོམ་པར་དེ་འདྲའི་སྐྱོན་འཛུགས་བྱེད་དོན་ཅི་ལགས་སམ་ཞེས་ཞུས་པས། དེ་ལ་སངས་རྒྱས་ཀྱིས་དེའི་རྐྱེན་ནི་དགྲ་བཅོམ་པ་དེས་རང་གི་སྐྱེ་བ་སྔོན་མའི་སྐབས་ངག་འཁྱལ་དང་སྐུར་འདེབས་ཀྱི་ལས་བསགས་པ་དང་། རྒྱལ་པོའི་ཆུང་མ་རྒྱང་འབུད་གཏོང་བའི་རྐྱེན་བྱས་སྟབས། དེ་དག་གི་འབྲས་བུ་ཡིན་ཞེས་གསུངས།

སྐྱོན་བརྗོད་བྱེད་པ་དང་། ངག་འཁྱལ་སྨྲ་བ། གཞན་ལ་ཉེས་འཛུགས་བྱེད་པ་རྣམས་ལ་ནི་ཧ་ཅང་གནོད་བྱེད་མི་དགེ་བའི་སྤྱོད་ལམ་ཡིན། གང་ཡིན་ཞེ་ན། དེ་དག་གིས་རང་གི་ཉམས་ལེན་ལ་ཕན་མི་ཐོགས་པ་མ་ཟད། གཞན་ལ་གནོད་པ་བྱེད་ཅིང་མགོ་རྨོངས་ཀྱི་རྐྱེན་བྱེད། སངས་རྒྱས་ཟིན་པའི་གང་ཟག་གཉིས་ཁོ་ནས་ཕན་ཚུན་དཔོག་ནུས་ཟེར་བ་ལྟར་ཡིན། གཞན་ལ་བདེན་བརྫུན་གང་ཡང་རུང་བའི་སྐྱོན་འཛུགས་བྱེད་པས་མི་དགེ་བའི་ལས་གསོག་པ་ཡིན། ཡང་ན་བྱང་ཆུབ་སེམས་དཔའ་ལ་སྐྱོན་འཛུགས་བྱས་ན་སྡིག་པ་ཤིན་ཏུ་ཆེ། སྐྱོན་འཛུགས་བྱེད་སྐབས་རྒྱུ་མཚན་ཡང་དག་པ་ཞིག་དགོས། དེ་མིན་འབྲས་བུ་མི་དགེ་བ་ཤ་སྟག་ཡོང་གི་ཡོད།

ག་དུས་ཡིན་ཀྱང་གཞན་ལ་སྐྱོན་བརྗོད་ཤ་སྟག་བྱེད་པར་གོམས་པའི་མི་རྣམས་ལ་རང་གཅེས་འཛིན་ཤུགས་ཆེན་པོ་ཡོད། དགེ་འདུན་པ་མང་པོ་ཞིག་གིས་ཆོས་མང་པོར་ཐོས་བསམ་སློབ་སྦྱོང་བྱས་ཡོད་ནའང་། དེ་དག་སོ་སོའི་ཉམས་ལེན་ནང་འཁྱེར་མི་ཐུབ་པའི་རྒྱུ་མཚན་ནི་སྐྱེ་བ་སྔོན་མར་རང་གཅེས་འཛིན་གྱི་བསམ་ཕྱོགས་ཤུགས་ཆེ་བའི་རྐྱེན་གྱིས་ཡིན། སོ་སོའི་དགྲ་ལ་གནོད་འཚེ་བྱེད་པ་དེའང་རང་གཅེས་འཛིན་གྱི་འབྲས་བུ་ཞིག་ཡིན།

སངས་རྒྱས་ཞལ་བཞུགས་པའི་སྐབས་ཐེངས་ཤིག་དགེ་འདུན་པ་ཞིག་རང་གི་གྲྭ་ཆས་ལ་ཚོས་རྒྱག་པའི་ཚེ། སྤྲེའུ་ཞིག་ཚོས་སྣོད་ནང་ལྷུང་ནས་ཤི་བ་རེད། དེ་རྗེས་དགེ་འདུན་པ་དེས་གྲྭ་ཆས་སྣོད་ལས་མར་བཏོན་པ་དང་། གྲྭ་ཆས་དེ་སྤྲེའུ་ཤར་གྱུར་བ་མཐོང་། མི་རྣམས་ཀྱིས་དགེ་འདུན་པ་དེས་སྤྲེའུ་མ་བྱིན་པར་བླངས་ཏེ་སྤྲེའུ་ཤ་བཙོས་འདུག་ཅེས་ཉེས་འཛུགས་བྱས། དེ་ནས་གྲྭ་པ་དེ་ཁྲིམས་ཁང་དུ་ཁྲིད་ནས་ཁྲིམས་ཆད་བཏང་། མི་རིང་བར་སྤྲེའུ་དེ་བསྐྱར་དུ་སླར་གསོན་པོར་གྱུར་ནས་དགེ་འདུན་པ་དེར་ནག་ཉེས་མེད་པ་ར་འཕྲོད་བྱུང་། དེ་ནས་དགེ་འདུན་པ་དེས་དེའི་རྒྱུ་མཚན་ཅི་ལགས་སམ་ཞེས་སངས་རྒྱས་ལ་བཀའ་འདྲི་ཞུས་པས། སྐྱེ་བ་སྔོན་མར་དགེ་འདུན་པ་དེས་དགེ་འདུན་པ་གཞན་ཞིག་ལ་སྤྲེའུ་མ་བྱིན་པར་བླངས་པའི་ཉེས་འཛུགས་བྱས་པའི་རྐྱེན་གྱིས་ཡིན་ཞེས་གསུངས།

ང་ཚོས་བདེ་སྐྱིད་དང་དགའ་ཉམས་ལ་ཧ་ཅང་སེམས་ཁུར་བྱེད་ཀྱི་ཡོད་པ་དང་། དེའི་ཕྱིར་ང་ཚོས་དངུལ་མང་པོ་གསོག་པར་དཀའ་ལས་བརྒྱབ་སྟེ། སོ་སོས་རང་ཉིད་རྐུན་པོ་ལྟར་གྱི་དམིགས་སའི་འབེན་ཞིག་བཟོ་གི་ཡོད། རང་གི་དངུལ་ཚང་མ་ཁུག་མ་ཞིག་གི་ནང་བླུགས་ཏེ་ཁུག་མ་དེ་ཁང་པའི་ལྕམ་ཁེབས་ལ་དམ་པོར་བསྡམས་ནས་འཇོག་མཁན་མི་ཞིག་གི་སྒྲུང་ཞིག་ཡོད། གང་ཡིན་ཟེར་ན། ཁོ་པར་དངུལ་བརླག་དོགས་ཀྱི་སེམས་ཁྲལ་ཆེན་པོ་ཡོད། ཉིན་ཞིག་ཁུག་མ་མི་དེའི་མགོའི་སྟེང་མར་ཟགས་ནས་རྨས་སྐྱོན་ཆེན་པོ་བྱུང་། སྒྲུང་དེའི་བསྟན་དོན་ནི་རང་གཅེས་འཛིན་གྱིས་ང་ཚོའི་འཕྲལ་ཕུཌ་གཉིས་ཀའི་བདེ་སྐྱིད་མེད་པ་བཟོ་གི་ཡོད། ང་ཚོར་སྔོན་གྱི་ཚེ་རབས་མང་པོའི་ནང་རང་གཅེས་འཛིན་གྱི་བསམ་ཕྱོགས་ལ་གོམས་པ་ཤུགས་ཆེན་ཡོད་སྟབས། ང་ཚོས་དེ་ནི་ང་ཚོའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་ཤེས་སྲིད་ཀྱང་། དེ་འཕྲལ་མ་ཉིད་དུ་དེ་མེད་པ་བཟོ་མི་ཐུབ།

དེ་བས་ན། ང་ཚོས་ངེས་པར་དུ་གཞན་གྱི་སྐྱོན་འཛུགས་ལ་ཡ་ལན་སློག་མི་ཉན་པ་དང་། དེའི་ཚབ་ཏུ་གཞན་གྱི་ནོར་འཁྲུལ་དང་རང་གི་རང་གཅེས་འཛིན་གྱི་སྐྱོན་གཉིས་ཀ་ཡིན་པར་ཤེས་དགོས། རང་གཅེས་འཛིན་ཚུལ་བཞིན་དུ་ཤེས་རྟོགས་ཐུབ་ན་དེ་ནི་བཟོད་པ་གོང་མཐོར་གཏོང་བར་ཕན་ཐོགས་ཆེ། “མེ་ཚ་པོ་འདུག་”ཅེས་བརྗོད་པ་དེ་མེའི་རང་བཞིན་ཡིན་པས། དེ་ལ་ཡ་མཚན་རྒྱུ་ཅི་ཡང་མེད། དེ་མཚུངས་མི་ཞིག་ཞིབ་བརྟག་སྐྱོན་འཛུགས་བྱེད་མཁན་ཞིག་ཡིན་པ་དང་། རང་ངོས་ནས་སྐྱོན་བརྗོད་དེའི་རྩ་བ་ནི་རང་གཅེས་འཛིན་གྱི་བསམ་ཕྱོགས་ལ་ཐུག་ཡོད་པ་ཤེས་རྟོགས་ཐུབ་པ་ནི་རང་བཞིན་ཡིན། དེ་ལྟ་བུའི་གོ་རྟོགས་ཀྱིས་ཁོང་ཁྲོའམ་རིག་ཚོ་མ་ཟིན་པ་བཟོ་གི་མེད། གང་ཡིན་ཞེ་ན། མི་གཞན་དེ་ནོར་འཁྲུལ་ཅན་ནམ་སྐྱོན་ཆ་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱེད་མི་དགོས། མདོ་སྡེ་རྒྱན་ལས། “རང་གཅེས་འཛིན་གྱིས་རང་གཞན་གཉིས་ཀ་འཇོམས་པར་བྱེད་པ་དང་བཟང་སྤྱོད་ཉམས་པར་བྱེད།” ཅེས་གསུངས། ང་ཚོས་རང་གཅེས་འཛིན་གྱི་སྒོ་ནས་བྱ་བ་ཅི་འདྲ་ཞིག་སྒྲུབ་པས་ངན་འགྲོ་དམྱལ་བའི་གནས་སུ་སྐྱེ་བའི་རྐྱེན་བྱེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གཅེས་འཛིན་ལ་ཐུགས་རྩ་ནས་མི་མཉེས་པའི་རྒྱུ་མཚན་ནི་དེ་ལས་མི་བདེ་བ་མང་དག་བྱུང་ཞིང་། རང་དབང་མེད་པར་ངན་འགྲོའི་གནས་སུ་སྐྱེ་བར་བྱེད་ཀྱི་ཡོད།

རང་གཅེས་འཛིན་གྱིས་ང་ཚོའི་སྔོན་གྱི་འབད་བརྩོན་ཚང་མ་ཆུད་ཟོས་སུ་གཏོང་བ་དང་ཡར་རྒྱས་འགྲོ་འཇུག་གི་མེད། དེ་ནི་མི་ཚེའི་སྙིང་པོ་དང་བྲལ་བར་བྱེད་པའི་དུག་ལྟར་ཡིན་པ་ངོས་འཛིན་དགོས། རྟག་ཏུ་རང་གཅེས་འཛིན་དེ་མེད་པར་བཟོ་རྒྱུར་འབད་དགོས། ང་ཚོའི་ཉམས་ལེན་གང་ཡིན་ཀྱང་། གཙོ་བོ་རང་གཅེས་འཛིན་དེ་མེད་པ་བཟོ་རྒྱུར་དམིགས་དགོས། བཀའ་གདམས་དགེ་བཤེས་ཤིག་གིས། ངས་གཞུང་ཞིག་ག་དུས་ཀློག་ཀྱང་སྐྱོན་གྱི་ཆ་ཐམས་ཅད་རང་གི་ཡིན་པ་དང་། ཡོན་ཏན་གྱི་ཆ་ཐམས་ཅད་གཞན་གྱི་ཡིན་པར་བསམ་གྱི་ཡོད་ཅེས་གསུངས། དེ་ལྟར་ཁོང་གིས་རང་གཅེས་འཛིན་ལ་ཁ་གཏད་གཅོག་གི་ཡོད། རང་གཅེས་འཛིན་ཤུགས་ཆུང་དུ་མ་བཏང་བར་བྱང་ཆུབ་སེམས་ཀྱི་ཡོན་ཏན་འཐོབ་མི་ཐུབ། བྱང་སེམས་དང་སྙིང་རྗེ་ཡོད་པའི་ཐོག་ནས་རང་གཅེས་འཛིན་གྱི་གཉེན་པོ་ཤུགས་ཆེ་རུ་གཏོང་ཐུབ་ཅིང་། སྙིང་རྗེས་སྟངས་འཛིན་བྱེད་ཅིང་། སེམས་རྒྱུད་དུ་ཡིད་བཞིན་གྱི་ནོར་བུ་སྒྲུབ། གལ་ཏེ་སྙིང་རྗེ་ཉམས་ལེན་བྱས་ན། དེའི་དགེ་བའི་འབྲས་བུས་གཏན་དུ་རང་རྒྱུད་ལ་ཡོད་པའི་མི་དགེ་བའི་རང་གཅེས་འཛིན་གྱི་ཤུགས་རྐྱེན་མེད་པ་བཟོ་ཐུབ།

དགེ་བཤེས་པོ་ཏོ་བའི་ཞལ་ནས། “འཕན་པོའི་ས་ཆ་ཞིག་ནང་དགེ་བཤེས་ཁམས་ལུང་པ་ལས་སྐྱིད་པ་མེད་པ་དང་། ས་ཆ་གཞན་ཞིག་ནང་དགེ་བཤེས་སྤྱན་སྔ་བ་ལས་སྐྱིད་པ་མེད། དེ་ནི་ཁོང་གཉིས་ཀྱིས་རང་གཅེས་འཛིན་སྤངས་པའི་རྒྱུ་མཚན་གྱིས་ཡིན།” ཞེས་གསུངས། དགེ་བཤེས་སྤྱན་སྔ་བ་ནི་ཧ་ཅང་དབུལ་ཞིང་ཕོངས་བས་ཟས་ཀྱང་ཏག་ཏག་མེད་པ་དང་། ཀོ་བའི་སྨད་གཡོག་ལྷན་པ་བརྒྱབ་པ་ཞིག་ལས་མནབ་རྒྱུ་མེད། འོན་ཀྱང་། ད་དུང་ཡང་ཁོང་ཕྱུག་པོ་ཡིན་པའི་ཚོར་སྣང་དང་བཅས། “ད་ངས་འཇིག་རྟེན་ཁྱོན་ཡོངས་ལ་སྦྱིན་བདག་བྱེད་ཐུབ།” ཅེས་གསུངས། རང་གཅེས་འཛིན་གྱི་བསམ་ཕྱོགས་ནི་བདེན་པར་གྲུབ་པའི་བདག་འཛིན་ལ་བརྟེན་ནས་བྱུང་ཞིང་། དེ་ནི་བྱང་ཆུབ་ཀྱི་སེམས་སྐྱེད་པའི་འགོག་རྐྱེན་ཆེ་ཤོས་དེ་ཡིན། གཞུང་ཞིག་གི་ནང་། “སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་། དེ་ནམ་ཡང་མ་རྟོགས་པར་བརྟེན། སོ་སོ་རང་ཉིད་ལམ་གོལ་སར་ཕྱིན་པ་རེད། རང་གཅེས་འཛིན་དང་བདག་འཛིན་གཉིས་ལ་འཁོན་འཛིན་བྱེད་རྒྱུའི་ཚབ་ཏུ་ང་ཚོས་སེམས་ཅན་རྣམས་ལ་དགྲ་ལྟར་འཁོན་འཛིན་བྱེད་པ་དང་། དགྲ་བོ་ངོ་མར་གྲོགས་ལྟར་འཛིན་གྱི་ཡོད།” ཅེས་གསུངས། ཡང་གཞུང་གཞན་ཞིག་ནང་། “འདྲེ་དང་བདུད་སྡུག་ཤོས་དེ་ཕྱི་ལོགས་ནས་མི་རྙེད་པར། འདྲེ་ཞུགས་པའི་ལུས་ཀྱི་ཁང་པའི་ནང་རང་གཅེས་འཛིན་གྱི་རྣམ་པར་གནས་ཡོད་པ་ལས་རྙེད།” ཅེས་གསུངས།

བྱང་ཆུབ་སེམས་ལ་བརྟེན་ནས་ང་ཚོས་རང་གཅེས་འཛིན་གྱི་བསམ་བློ་དེ་མེད་པ་བཟོ་ཐུབ། རང་གཅེས་འཛིན་ཡོད་པའི་རྐྱེན་གྱིས་ང་ཚོ་གདོན་འདྲེའི་གནོད་པའི་ཡུལ་དུ་གྱུར་ནས་སོ་སོར་སྐྱོན་བརྗོད་དང་ལོག་སྤྱོད་སོགས་བྱེད་པར་རང་སྲུང་བྱེད་བཅུག་སྟེ་ཚུལ་མིན་གྱི་སྤྱོད་པར་འཇུག་གི་ཡོད། སོ་སོ་རང་ཉིད་གཅིག་པུའི་འདོད་པ་སྐོང་ཆེད་རང་གཅེས་འཛིན་གྱི་ཐོག་ནས་བྱ་བ་བྱེད་ཅིང་། སོ་སོ་སྐྱིད་པོ་ཡོང་ཐབས་བྱེད་པ་ནི་ང་ཚོའི་སེམས་ཁུར་བྱེད་ས་དང་ལས་གཞི་གཙོ་བོར་འཛིན་གྱི་ཡོད།

སྐབས་རེ་ང་ཚོས་གཞན་རྣམས་སྐྱིད་པོ་མེད་པ་བཟོ་བའི་ལས་ལ་རང་དབང་མེད་པར་འཇུག་ཤོར་གྱི་ཡོད། འོན་ཀྱང་རང་གཅེས་འཛིན་གྱི་ཐོག་ནས་རང་ཉིད་སྐྱིད་པོ་ཡོང་ཆེད་ང་ཚོས་གཞན་ལ་མཐོང་ཆུང་བྱེད་པ་དང་གནོད་འཚེ་བྱེད་ཀྱི་ཡོད། རང་གཅེས་འཛིན་གྱིས་ང་རྒྱལ་དང་ཕྲག་དོག་ཆེན་པོ་འབྱུང་བའི་རྐྱེན་བྱེད། གལ་ཏེ་མི་ཞིག་ལ་གྲུབ་འབྲས་ཡག་པོ་ཞིག་ཐོབ་ན། ང་ཚོའི་ཁ་ནས། “འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་”ཞེས་ཞུས་ནའང་། རང་ལ་མ་ཐོབ་སྟབས་སེམས་གཏིང་ནས་ཕྲག་དོག་ཟ་གི་ཡོད། གལ་ཏེ་རང་གཅེས་འཛིན་མེད་ན། ཕྲག་དོག་ཟ་རྒྱུའི་ཚབ་ཏུ་གཞན་གྱི་གྲུབ་འབྲས་ལ་དགའ་བ་བསྒོམས་ནས་དགེ་བའི་ལས་གསོག་ཐུབ། མི་ཚེའི་ནང་འཆམ་མཐུན་མེད་པའི་རྒྱུ་མཚན་ནི་རང་གཅེས་འཛིན་ཡིན། གལ་སྲིད་རང་ལ་རང་གཅེས་འཛིན་ཤུགས་ཆེན་པོ་ཡོད་ན། རང་སྲུང་ལ་དོ་ནན་ཆེ་བ་དང་། གཞན་དང་འཐབ་རེས་བྱེད་པ། བཟོད་བསྲན་ཆུང་བ། གཞན་གྱིས་གང་བྱས་པ་ཚང་མ་རང་ལ་བསུན་གཙེར་དང་སེམས་འཁྲལ་བཟོ་བ་སོགས་ཚོར་གྱི་ཡོད། དེ་ལྟའི་རང་སྲུང་དོགས་ཟོན་གྱི་བསམ་བློས་རྐྱེན་བྱས་ཏེ། ཁྱོ་ཤུག་བཟའ་ཚང་དབར་དང་། ཕ་མ་དང་བུ་ཕྲུག་དབར་མི་མཐུན་པ་མང་དག་ཡོང་གི་ཡོད།

གཞན་ཡང་བཀའ་གདམས་པའི་དགེ་བཤེས་ཤིག་དགུང་ལོ་བཞི་བཅུར་མ་སླེབས་བར་རྐུ་མ་བྱས་ཏེ་བཞུགས་པ་རེད། ཁོ་རང་ལ་ས་ཞིང་འདེབས་སའི་ས་ཁྱོན་ཨེ་ཀར་མང་པོ་ཡོད་ཀྱང་ཆོམ་རྐུན་ཆགས་པ་རེད། ཉིན་མོ་ཕར་འགྲོ་ཚུར་འོང་བྱེད་མཁན་འཕྲོག་བཅོམ་བྱེད་པ་དང་། མཚན་མོ་ཁང་པའི་ནང་ནས་འཕྲོག་བཅོམ་བྱེད་ཀྱི་ཡོད། ཉིན་གཅིག་ཁོ་རང་གི་ལམ་ཁ་ཕྱོགས་བསྒྱུར་ཏེ་ཆོས་ལ་ཞུགས་པ་དང་། རང་རྒྱུད་ཀྱི་རང་གཅེས་འཛིན་མེད་པ་བཟོས་ཏེ། “སྔོན་མ་ངའི་ཁ་ལ་ཟས་རྙེད་དཀའ། འོན་ཀྱང་ད་ཆ་འབུལ་བ་མང་པོ་ཐོབ་པས་ཟས་ལ་ཁ་རྙེད་དཀའ།” ཞེས་གསུངས།

བྱང་ཆུབ་སེམས་གོང་འཕེལ་གཏོང་སླད་དེ་དག་ལ་བསམ་བློ་བཏང་ན་ཕན་རླབས་ཤིན་ཏུ་ཆེ། རི་རྒྱལ་ལྷུན་པོ་ལྟར་ཆེ་བའི་རང་གཅེས་འཛིན་དང་ལྡན་པའི་སྒོ་ནས་བྲག་ཕུག་ཅིག་གི་ནང་འཛུལ་ནས་སྡོད་པ་ནི་བེད་མེད་ཡིན། འོན་ཀྱང་རང་གཅེས་འཛིན་ཤུགས་ཆུང་དུ་ཆུང་དུ་གཏོང་ཐུབ་ན། དབེན་པ་བསྟེན་ནས་བསྡད་ན་ཕན་ཡོན་ཆེན་པོ་ཡོང་སྲིད།།

བརྙན་པར། སློབ་དཔོན་ཆེན་མོ་རོ་བྷརྟ་ ཐར་མན། “བསླབ་བྱ་བཟང་པོ།” 
Top