བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > བོད་སོག་ནང་ཆོས་ཀྱི་རྨང་གཞི། > རིམ་པ། ༡། ལས་དང་པོ་བ། > འཁོར་བའི་མཐའ་ནི་སྡུག་བསྔལ་དང་དམ་ཆོས་ཀྱི་མཐའ་ནི་བདེ་བ་ཡིན།

འཁོར་བའི་མཐའ་ནི་སྡུག་བསྔལ་དང་དམ་ཆོས་ཀྱི་མཐའ་ནི་བདེ་བ་ཡིན།

སེར་ཀོང་མཚན་ཞབས་རིན་པོ་ཆེ།
ཁེ་ན་ཌ། ཁྱིའུ་བེག །ལཱོང་གེའུལ། ཕྱི་ལོ་ ༡༩༨༠ ཟླ་ ༨ ཚེས་ ༡༩ ཉིན།
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་གསུང་སྒྱུར་ཞུས།

སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྔུག་བསྔལ་མི་འདོད་པ་ཡིན། དམ་པའི་ཆོས་ཀྱིས་སྡུག་བསྔལ་སྤོང་ཞིང་བདེ་བ་སྒྲུབ་པའི་ཐབས་དམ་པ་སྟོན་གྱི་ཡོད། ང་ཚོས་ཉམས་ལེན་བྱེད་པའི་དམ་ཆོས་ཀྱི་སྒྲ་བཤད་ནི་ང་ཚོ་འཛིན་མཁན་གྱི་ཆོས་ཤིག་ལ་གོ། དེ་གོ་དོན་མང་པོའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ། དེས་ང་ཚོ་སྔུག་བསྔལ་ལས་འཛིན་པ་དང་བདེ་བའི་རྒྱུ་དམ་པ་རྣམས་འཛིན་གྱི་ཡོད།

བདེ་བ་ཞེས་པ་ཕྱི་གཟུགས་དང་ནང་སེམས་གཉི་གའི་ཐོག་ནས་འོང་བ་ཞིག་རེད། སྡུག་བསྔལ་ལའང་དབྱེ་བ་གཉིས་ཏེ། ཕྱི་དང་ནང་གིསྡུག་བསྔལ་ལོ། ང་ཚོར་བདེ་བ་འཐོབ་འདོད་ཀྱང། དེ་སྒྲུབ་པའི་ཐབས་ལ་རྨོངས་པ་ཡིན། ང་ཚོས་སྤྱོད་བཞིན་པའི་ཐབས་ཀྱིས་ང་ཚོ་སྡུག་བསྔལ་གྱི་ཕྱོགས་སུ་འདྲེན་གྱི་ཡོད།

མི་འགའ་ཞིག་གིས་འཚོ་གནས་བྱེད་རྒྱུར་རྐུ་འཕྲོག་དང་སྲོག་གཅོད་པའི་ལས་རྩོམ་གྱི་ཡོད། ཁོང་ཚོས་དེས་བདེ་བ་སྐྲུན་གྱི་ཡོད་པར་སེམས། དེ་ནི་དེ་འདྲ་རྩ་བ་ནས་མ་རེད། དེ་མིན་མི་གཞན་མང་པོས་བདེ་བ་འཐོབ་ཆེད་དུ་ཁྲིམས་ཀྱི་ར་བའི་ནང་ཚོང་པ་དང། ཞིང་པ། དེ་ལ་སོགས་པ་མང་པོ་ཞིག་བྱེད་ཀྱི་ཡོད། མང་པོ་ཞིག་ཐབས་ལམ་དེ་འདྲ་བརྒྱུད་ནས་འབྱོར་ལྡན་དང་གྲགས་ཅན་དུ་འགྱུར་གྱི་ཡོད། བདེ་བ་དེ་རིགས་ནི་ཡུན་གནས་ཐུབ་པ་ཞིག་མིན་ཏེ། བདེ་བ་མཐར་ཐུག་མ་ཡིན་པའི་ཕྱིར། བདེ་བ་དང་རྒྱུ་ནོར་ཇི་ཙམ་ཡོད་པ་ལ་ལྟོས་མེད་ཀྱིས་ང་ཚོར་འདོད་པ་ཁེངས་རྒྱུ་མེད་པ་རེད། གལ་ཏེ་ང་ཚོར་ལུང་པ་ཞིག་ཡོངས་རྫོགས་དབང་ནའང་། ད་དུང་དེ་ལས་མང་བ་འདོད་ཀྱི་ཡོད།

ང་ཚོས་བདེ་བ་འཐོབ་པའི་དོན་དུ་རྩོམ་པའི་ལས་ལ་རྫོགས་རྒྱུ་ནམ་ཡང་མེད། ང་ཚོས་ས་གནས་གང་སར་མོ་ཊ་ལ་སོགས་པ་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་འགྲོ་ཐབས་བྱེད་ཀྱི་ཡོད། དེ་འདྲ་བའི་རྗེས་སྙེག་གི་རིགས་ལ་མཐའ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོས་འཁོར་བའི་དངོས་པོར་རྫོགས་མཐའ་མེད་དེ། དེ་འཁོར་ནས་འགྲོ་ཡི་ཡོད་པར་བརྗོད། ང་ཚོ་ཚང་མས་ཤེས་གསལ་ལྟར་འཇིག་རྟེན་པའི་རྗེས་སྙེག་ལ་ནམ་ཡང་རྫོགས་མཐའ་མེད།

མེ་ཏོག་གསར་པའི་སྐབས་སུ་སོས་པ་དང་རྙིང་པ་ཆགས་པའི་དུས་རྙིད་འགྲོ། མི་ཚེ་འདིའི་ནང་སོ་སོས་ཅི་ཞིག་ལེགས་སྒྲུབ་ཐུབ་མིན་ལ་མ་ལྟོས་པར་དེ་རྫོགས་པའི་དུས་འོང་གི་ཡོད། དུས་ཚོད་འགྲོ་བ་དང་ལྷན་དུ་དེའི་རྫོགས་མཐའ་སླེབ་འོང་གི་ཡོད་ཅིང། མི་ཚེའི་མཐའ་མཇུག་དེར་ང་ཚོར་སྡུག་བསྔལ་ཆེ་ཤོས་དེ་ཡོད་པ་རེད། སྣུམ་འཁོར་ཞིག་ལ་དཔེ་བཞག་ན། ཁྱེད་རང་སྣུམ་འཁོར་རྙིང་པ་འཕེན་སའི་སྙིགས་རོ་ཁང་གི་ལམ་བརྒྱུད་ནས་འགྲོ་གི་ཡོད། དེ་ནི་མཐའ་མའི་ཞིག་རོ་སྟེ། གནས་སྐབས་ཤིག་ཏུ་ཅ་དངོས་ཚང་མ་སྙིགས་རོར་འགྱུར་གྱི་ཡོད། མོ་ཊ་གསར་པ་ཡིན་པའི་སྐབས་སུའང་ང་ཚོས་དེར་སེམས་ཁྲལ་བྱེད་ཀྱི་ཡོད། དེའི་ཆ་ཤས་གཅིག་ཆག་གི་རེད་ཅེས་དང་། དཔྱ་ཁྲལ། ཉེན་སྲུང་མ་འཇོག་གི་དངུལ་སོགས་མང་པོ་ཞིག་གི་ཐོག་སེམས་ཁྲལ་བྱེད་ཀྱི་ཡོད། ང་ཚོས་དཔེ་མཚོན་དེ་ང་ཚོའི་རྒྱུ་ནོར་དངོས་རྫས་ཚང་མར་རིགས་འགྲེ་ཐུབ། ང་ཚོར་རྒྱུ་ནོར་ཇི་ཙམ་མང་བ་ཡོད་པ་དེ་ཙམ་གྱིས་དེའི་ཐོག་སེམས་ཁྲལ་ཀྱང་དེ་དེ་བཞིན་ནོ། །

དམ་པའི་ཆོས་ནི་ནང་གི་བདེ་བ་འཐོབ་པའི་ཐབས་སྟོན་མཁན་ཞིག་ཡིན། ནང་སེམས་ཀྱི་བདེ་བའི་རིགས་ཁ་ཤས་འཐོབ་ཆེད་དུ་ང་ཚོས་ཕྱི་དངོས་པོའི་ཐོག་ཏུ་བྱ་བ་མི་བྱེད་པར། ང་ཚོས་སོ་སོའི་སེམས་ཀྱི་ཐོག་ཏུ་བྱ་བ་བྱེད་དགོས། དེ་ལྟ་ནའང་། སེམས་ལ་རྒྱུན་རིང་པོ་ཞིག་ཡོད་པ་སྟེ། སྐྱེ་བ་ཕྱི་མ་དང་སྔ་མ་རྣམས་ཀྱི་སེམས་ཀྱི་རྒྱུན་ནོ། སྐྱེ་བ་དེ་དག་རེ་རེ་ནང་ང་ཚོར་ལུས་རྟེན་ཞིག་ཡོད་པ་དང་ང་ཚོས་ལུས་རྟེན་དེ་ལ་བདེ་བ་འཐོབ་ཐབས་བྱེད་ཀྱི་ཡོད་ནའང། འཆི་བའི་དུས་སེམས་ཀྱི་རྒྱུན་མུ་མཐུད་ནས་འགྲོ་གི་ཡོད། དེར་བརྟེན། ང་ཚོས་རེ་འདོད་དགོས་པའི་བདེ་བ་ནི་ཆེན་པོ་དང་བརྟན་པོ་ཙམ་ཞིག་མིན་པར་དེ་སོ་སོའི་སྐྱེ་བ་ཕྱི་མ་རྣམས་སུའང་གནས་པ་དང་དེ་ལ་རྒྱུན་གྱི་འགག་པ་མེད་པ་ཞིག་དགོས་སོ། །

ང་ཚོས་བྱ་བ་ཅི་ཞིག་བྱེད་ནའང་དགེ་བ་ཡིན་མིན་མ་ལྟོས་པར་དེ་ནི་དམ་ཆོས་མིན། འོན་ཀྱང་སོ་སོའི་སྐྱེ་བ་ཕྱི་མའི་དོན་དུ་སྒྲུབ་པའི་དགེ་བའི་ལས་རྣམས་ནི་དམ་པའི་ཆོས་སོ། །

བདེ་བ་དང་སྡུག་བསྔལ་གང་ཡིན་ཡང་སོ་སོའི་ལས་ལས་འབྱུང་གི་ཡོད། ལས་འབྲས་ཀྱི་རྣམ་གཞག་ལ་གཞིགས་ན། རྒྱུ་མི་དགེ་བའི་ལས་ལས་འབྲས་བུ་སྡུག་བསྔལ་དང་རྒྱུ་དགེ་བའི་ལས་ལས་འབྲས་བུ་བདེ་བ་འབྱུང་བ་ཡིན། ཚེ་འདིར་ང་ཚོས་བསོད་ནམས་གསོག་པ་སོགས་མང་པོ་ཞིག་ཡག་པོ་བྱེད་ཐུབ་པ་ནི་ཚེ་སྔོན་མ་དགེ་བའི་ལས་བྱས་པའི་འབྲས་བུ་ཡིན་པ་དང། ཚེ་འདིར་ནད་ན་ཚས་མནར་བའམ་སྐྱིད་པོ་མེད་པ། ཡང་ན་ཚེ་ཐུང་ངུ་ལས་མི་སྡོད་པ་ནི་ཚེ་སྔོན་མ་མི་དགེ་བའི་ལས་བྱས་པའི་འབྲས་བུ་ཡིན།

དཔེར་ན། ཚོང་པ་གཉིས་ཡོད་པ་ལས་གཅིག་གྲུབ་འབྲས་ལྡན་པ་དང་ཅིག་ཤོས་དེ་ལས་ལྡོག་པ་ཡིན་ཚེ། དེ་ནི་ཚེ་སྔོན་མའི་ལས་ཀྱི་འབྲས་བུ་ལས་བྱུང་བའོ། ཁྱེད་རང་གིས་ཚོང་ལས་པ་གཉིས་མཐོང་བ་ལས་གཅིག་གིས་ལས་ལ་ཧུར་བརྩོན་ཆེན་པོ་བྱེད་ནའང་གྲུབ་འབྲས་མི་ལྡན་པ་དང་། ཅིག་ཤོས་ཀྱིས་ལས་ལ་ཧུར་བརྩོན་ཆེན་པོ་མི་བྱེད་ནའང་གྲུབ་འབྲས་ལྡན་པར་འགྱུར་བ་མཐོང་ཐུབ། དཔེ་གཞན་ཞིག་བཞག་ན། གལ་ཏེ་ཁྱེད་རང་གིས་སེམས་ཅན་ཞིག་གི་སྲོག་བཅད་ཚེ། ཁྱེད་རང་ལ་ཚེ་ཐུང་ངུ་དང་ནད་ན་ཚ་འབྱུང་བ་ཡིན། ཁྱེད་རང་ཚོས་དགེ་བཤེས་ལགས་ལ་དེའི་སྐོར་བཀའ་འདྲི་ཞུས་ན་ཆོག

གལ་ཏེ་ཁྱེད་རང་གིས་མི་དགེ་བའིལས་སྤོང་བ་ཡིན་ན་སྐྱེ་གནས་དམའ་བར་མི་སྐྱེ་བར་མི་དང་ལྷའི་རིགས་ལ་སྐྱེ་ངེས། འོན་ཀྱང་ཁྱེད་རང་མི་དང་ལྷའི་རིགས་ལ་སྐྱེ་བའི་དབང་དུ་བཏང་ནའང། དེས་ཁྱེད་རང་ལ་བདེ་བ་མཐར་ཐུག་འཐོབ་མི་ཐུབ་པ་སྟེ། ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་མཆིས། དེའི་རྒྱུ་མཚན་ཅི་ཡིན་ཟེར་ན། གལ་ཏེ་ཁྱེད་རང་སྐྱེ་གནས་མཐོ་བར་སྐྱེ་བ་བླངས་ཚེ། སྐྱེ་གནས་དམའ་བར་ལྷུང་ཞིང། སྐྱེ་གནས་དམའ་བར་སྐྱེ་བ་བླངས་ཚེ། སྐྱེ་གནས་མཐོ་བར་འགྲོ་གི་ཡོད། དེའི་ཐོག་ནས་སྡུག་བསྔལ་ཆེན་པོ་ཡོད་པ་རེད། དཔེར་ན། ཁྱེད་རང་གྲོད་ཁོག་ལྟོགས་ཚེ། ཁ་ལག་ཟ་གི་ཡོད། འོན་ཀྱང་བཟས་དྲགས་ན་ན་ཚ་འབྱུང་གི་ཡོད། ཁྱེད་རང་འཁྱགས་ན། དྲོད་གཏོང་བ་དང། དྲོད་དྲགས་ན་གྲང་མོ་བཟོ་དགོས་ཀྱི་ཡོད། སྡུག་བསྔལ་དེ་རིགས་ཚང་མ་ལ་ཡོད་པ་རེད།

འཁོར་བའི་༼དབང་མེད་དུ་འཁོར་བའི་སྲིད་པ།༽ནང་སྡུག་བསྔལ་གྱི་རིགས་མི་འདྲ་བ་མང་པོ་ཡོད། དེ་ནི་ལས་དང་དེ་བཞིན་ཉོན་མོངས་མ་རིག་པའི་འབྲས་བུ་ཡིན། ང་ཚོས་བདག་མེད་དམ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ ༼རྣམ་པར་དཔྱོད་པའི་རྟོགས་པ།༽ རྒྱུད་ལ་སྐྱེད་པར་བྱེད་དགོས།

ང་ཚོས་འཁོར་བ་ལས་གྲོལ་བའི་གང་ཟག་དཔེར་ན། གནས་བརྟན་བཅུ་དྲུག་དང་དེ་མིན་གྱི་འཕགས་པ་མང་པོོས་གོ་འཕང་འདི་ཐོབ་པ་མཐོང་ཐུབ། ང་ཚོས་གང་ཟག་སོ་སོ་རང་ཉིད་འཁོར་བ་ལས་གྲོལ་བར་བྱེད་ཐུབ་ནའང། དེ་ཙམ་གྱིས་མི་འགྲིགས། གང་ལ་ཞེ་ན། སེམས་ཅན་ཐམས་ཅད་ལས་དྲིན་ཆེ་བ་ཞིག་མེད། འོ་མའི་ཐོན་རྫས་རྣམས་ནི་དུད་འགྲོའི་དྲིན་ལས་འབྱུང་བ་ཡིན། གལ་ཏེ་ང་ཚོས་དམར་ཟས་ལ་རོལ་ཚེ། དེ་ནི་དུད་འགྲོ་བཤའ་བ་ལས་འབྱུང་། དགུན་དུས་སུ་ང་ཚོས་གྲ་ལྤགས་དང་བལ་སོགས་གྱོན་གྱི་ཡོད་པ་དེ་དུད་འགྲོ་ལས་འབྱུང། དུད་འགྲོ་རྣམས་ཀྱིས་ང་ཚོར་དེ་དག་མཁོ་སྤྲོད་བྱེད་པ་ནི་དྲིན་ཆེ། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དྲིན་གསོ་བའི་ཆེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱེད་དགོས། དེས་ན་ང་ཚོས་སེམས་ཅན་རྣམས་ཀྱི་འདོད་པ་སྐོང་ཐུབ་པ་ཡིན།

ཉན་ཐོས་དང་དགྲ་བཅོམ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་ཐུབ་ཀྱི་མེད། དེ་ལྟར་སྒྲུབ་ཐུབ་མཁན་ནི་སངས་རྒྱས་ཉག་ཅིག་ཡིན་པ་དང། དེ་ནི་ང་ཚོས་སེམས་ཅན་རྣམས་ལ་དོན་དམ་དུ་ཕན་པ་སྒྲུབ་པའི་ཕྱིར་བྱེད་དགོས་པ་ཞིག་ཡིན། ང་ཚོས་སངས་རྒྱས་ཀྱི་སར་བགྲོད་དགོས་སོ། །

བགྲོད་ཚུལ་ཇི་ལྟར་ཡིན་ནམ་ཞེ་ན། དམ་ཆོས་ཉམས་སུ་བླངས་ནས་སོ། རྒྱ་གར་འཕགས་པའི་ཡུལ་དུ་རྟོགས་པ་མཐོན་པོར་སོན་པའི་གྲུབ་ཆེན་མང་པོ་ཡོད་པ་ལས་ང་ཚོར་བརྒྱད་ཅུ་ཐམ་པའི་མཛད་རྣམ་ཡོད། འོན་ཀྱང་དོན་དངོས་ཐོག་དེ་ལས་ཀྱང་མང་བ་ཡོད་པ་རེད། ཁོང་རྣམས་ཀྱིས་ལུས་ཐོག་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་བརྙེས་ཡོད། བོད་དུའང་རྗེ་བཙུན་མི་ལ་རས་པ་དང། དེ་མིན་ས་དགེ་བཀའ་རྙིང་གི་ལུགས་སོ་སོ་ནས་སློབ་དཔོན་ཆེན་པོ་མང་པོའི་མཚན་གཞི་ཡོད་པ་རེད།

སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་རྗེས་དམ་ཆོས་ཀྱི་བསླབ་པ་བྱེད་པའི་བྱ་བ་རྫོགས་པ་ཡིན། ཐོག་མར་དམ་ཆོས་སློབ་པའི་སྐབས་ཤིན་ཏུ་དཀའ་ནའང། རིམ་བཞིན་ལས་སླ་རུ་སོང་བ་དང། ཡར་རྒྱས་འགྲོ་བ་དང་ལྷན་དུ་ང་ཚོའི་སྐྱིད་སྣང་ཇེ་ཆེ་ཇེ་ཆེར་འགྲོ་གི་ཡོད། བདེ་བ་མཐར་ཐུག་གི་གནས་སྐབས་སུ་དམ་ཆོས་ཀྱི་བསླབ་པ་བྱེད་པའི་ང་ཚོའི་བྱ་བ་ཡོངས་སུ་རྫོགས་པ་ཡིན། འཇིག་རྟེན་གྱི་བྱ་བས་ང་ཚོར་སྡུག་བསྔལ་ཇེ་ཆེ་ཙམ་ཡོང་གི་ཡོད། 

དཔེར་ན། མི་འཆི་བའི་སྐབས་ཁོང་ཚོའི་མི་ཚེའི་ཆེས་མཐའ་མ་དེ་སླེབ་བཞིན་ཡོད་པ་དེས་ཁོང་ཚོར་ཉམ་ཐག་དང་སྡུག་བསྔལ་འབའ་ཞིག་འདྲེན་པ་ཙམ་མ་ཟད། ད་དུང་སོ་སོའི་རྗེས་སུ་ལུས་པའི་རྗེས་འཇུག་བྱེད་མཁན་རྣམས་ལའང་དེ་བཞིན་ནོ། ང་ཚོས་དེའི་ཐོག་བསམ་བློ་གཏོང་བ་དང་དམ་པའི་ཆོས་ཤིག་བྱེད་དགོས་པ་ཡིན། དམ་པའི་ཆོས་ཀྱི་མཐར་སོན་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་པས་བདེ་བ་འབའ་ཞིག་འདྲེན་པ་ནི། རང་ཉིད་ཙམ་མ་ཟད། ད་དུང་གཞན་མཐའ་ཡས་པའི་སེམས་ཅན་རྣམས་ཀྱང་བདེ་བར་འགོད་པ་ཡིན་ནོ། །

ང་ཚོས་མི་དགེ་བའི་ལས་བཅུ་སྤོང་དགོས། ལས་བཟང་པོ་བྱས་ན་བདེ་བ་མྱོང་བ་དང། ལས་ངན་པ་བྱས་ན་སྡུག་བསྔལ་མྱོང་བ་ཡིན། ང་ཚོས་སོ་སོའི་ལས་ཀྱི་འབྲས་བུར་བརྟག་དགོས་པ་དང་། སོ་སོའི་ལས་ཀྱི་རྒྱུ་སེམས་ཉིད་ལ་བརྟག་དགོས། ང་ཚོས་བརྟག་པ་བྱེད་པའི་དུས་ང་ཚོར་དུག་གསུམ་སྟེ། འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་ཡོད་པ་མཐོང་བ་ཡིན་ནོ། །

དེ་ལས་ང་ཚོར་ཉོན་མོངས་རིགས་བརྒྱད་ཁྲི་བཞི་སྟོང་འབྱུང་། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དེ་རྣམས་ང་ཚོའི་དགྲ་བོ་གཙོ་བོ་ཡིན་པས་ཁ་ཕྱི་རོལ་དུ་མིན་པར་ནང་བལྟས་ཀྱིས་ང་ཚོའི་དགྲ་ངོས་འཛིན་དགོས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལས་གཙོ་བོ་རྣམས་དུག་གསུམ་ཡིན་པ་དང། དེ་དག་ལས་སྡུག་ཤོས་ནི་སེམས་རྒྱུད་ལ་ཞུགས་པའི་གཏི་མུག་པའི་མ་རིག་པའོ། །

མདོར་ན། ང་ཚོས་ཁ་ནང་དུ་ཕྱོགས་ནས་ནང་གི་དགྲ་བོ་རྣམས་འཇོམས་པར་བྱེད་དགོས། སངས་རྒྱས་པའི་ཆོས་ཀྱི་རྗེས་འཇུག་པ་རྣམས་ཀྱིས་རྟག་ཏུ་ཁ་ནང་དུ་ཕྱོགས་ནས་དཔྱད་པ་བྱེད་ཀྱི་ཡོད་པར་བརྟེན་ཁོང་ཚོར་ནང་པ་ཞེས་བརྗོད་པ་ཡིན། ང་ཚོས་སོ་སོའི་སེམས་རྒྱུད་ལས་ཉོན་མོངས་པ་དེ་དག་ལ་གཉེན་པོ་བསྟེན་ཚེ། དེས་ན་སོ་སོའི་སྡུག་བསྔལ་གྱི་རྒྱུན་གཅོད་པ་ཡིན། ལས་དེ་ལྟ་བུ་བྱེད་མཁན་ཞིག་ལ་དམ་པའི་ཆོས་ཀྱི་རྗེས་སུ་འཇུག་མཁན་ཞེས་བརྗོད་དོ། །

རང་གཅིག་པུའི་རྒྱུད་ཀྱི་ཉོན་མོངས་པའི་རིགས་སྤོང་བར་བྱེད་མཁན་གྱི་གང་ཟག་ཞིག་གི་ཆོས་ཀྱི་བྱ་བ་ནི་ཐེག་དམན་པའི་ཆོས་ཀྱི་བྱ་བ་ལས་མ་འདས། ང་ཚོས་སོ་སོའི་སྡུག་བསྔལ་འཇོམས་བྱེད་ཙམ་དུ་མ་རིག་པ་སྤོང་བའི་ལས་ལ་ཞུགས་པ་མ་ཡིན་པར། ད་དུང་གཞན་སེམས་ཅན་གཙིགས་ཆེར་འཛིན་ནས་སོ་སོའི་མ་རིག་པ་སྤངས་པ་ལ་བརྟེན་ནས་གཞན་གྱི་ཉོན་མོངས་སྤོང་བར་ཕན་འདོགས་ནུས་པ་དོན་དུ་གཉེར་ཚེ། ང་ཚོ་ཐེག་པ་ཆེན་པོའི་ཉམས་ལེན་པ་ཡིན།དལ་འབྱོར་མི་ལུས་རིན་པོ་ཆེའི་རྟེན་འདིའི་ཐོག་ནས་ང་ཚོས་ཐེག་ཆེན་པར་འགྱུར་རྒྱུར་འབད་རྩོན་བསྟེན་དགོས་པ་དང། འབྲས་བུ་ནི་ང་ཚོས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བརྙེས་ཐུབ་བོ། །

གཙོ་བོ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་ཐབས་བྱེད་དགོས་པ་ལས་ནམ་ཡང་དེ་དག་ལ་གནོད་པ་བྱེད་མི་ཉན། ང་ཚོས་མ་ཎི་ཡིག་དྲུག་བགྲང་བའི་ཚེ། དེ་ལྟར་བགྱིས་པའི་དགེ་བའི་མཐུས་སེམས་ཅན་ཐམས་ཅད་ལ་ཕན་པར་ཤོག་ཅེས་སེམས་དགོས།

ལུས་རྟེན་འདིར་ང་ཚོར་དལ་འབྱོར་འཐོབ་པ་ནི་ཤིན་ཏུ་དཀའ་བ་སྟེ། མིའི་ལུས་ལས་སླ་པོར་མི་འཐོབ་པའི་ཕྱིར། དཔེར་ན། སའི་གོ་ལར་ལྟོས་དང། ཕལ་ཆེ་བ་རྒྱ་མཚོ་ཡིན་པ་རེད། དེའི་ནང་ཉ་ཇི་ཙམ་ཡོད་མེད་ལ་བསམ་བློ་ཐོངས་དང། ཚེ་སྲོག་གི་གྲངས་ཆེ་ཤོས་ནི་དུད་འགྲོ་དང་འབུ་སྲིན་ཡིན། གལ་ཏེ་ང་ཚོས་སྣོད་འཇིག་རྟེན་ཧྲིལ་པོ་དང་དུད་འགྲོ་འབུ་སྲིན་གྱི་གྲངས་ལ་བསམ་བློ་བཏང་ཚེ། ད་གཟོད་གཞི་ནས་མི་ལུས་རིན་ཆེན་རྙེད་དཀའ་བ་ཤེས་ཐུབ།

དམ་པའི་ཆོས་ལ་ཤེས་པ་དང་རྟོགས་པ་ནི་དལ་བུར་འོང་བ་ཡིན། ཉིན་མོའམ། བདུན་ཕྲག ཟླ་བ་འགའ་རེའི་ནང་ག་ལ་འོང། རྟོག་པ་སྐྱེས་རྒྱུ་ཕར་བཞག་མི་ཉུང་ཤས་གཅིག་པུས་དོན་དངོས་ཐོག་ཆོས་ཀྱི་སྐོར་ལ་བསམ་བློ་གཏོང་ཞིང་། ཤེས་པར་བྱེད་ཀྱི་ཡོད། ང་ཚོས་རྒྱུན་མི་ཆད་པར་དུས་ཚོད་རིང་པོའི་བར་ཆོས་བྱེད་དགོས། ཁྱེད་ཚོར་འདིར་དགེ་བཤེས་མཚན་ཉིད་ཚང་བ་ཞིག་འདུག ཁོང་གིས་ཁྱེད་རང་ཚོའི་དོགས་འདྲི་ཚང་མར་ལན་འདེབས་གནང་ཐུབ་ངེས་རེད། ཇེས་འབྱུང་དུས་ཡུན་རིང་པོའི་ནང་སངས་རྒྱས་ཀྱི་ཆོས་དེ་མུ་མཐུད་ནས་དར་ཁྱབ་ཆེན་པོ་འབྱུང་ངེས་ལ། དེ་ད་དུང་ཡང་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་གསོན་གནས་ཐུབ་ཡོད། སངས་རྒྱས་ཀྱིས་ཆོས་ཐོག་མར་གསུངས་དུས་སློབ་མ་ལྔ་ལས་མེད། ཆོས་དེ་གང་ཟག་དེ་དག་ལས་དར་ཁྱབ་བྱུང་བ་དང། ད་ལྟའི་འཆར་དར་ཁྱབ་ཆེན་པོ་དེ་ལྟ་བུ་ཞིག་བྱུང་བ་རེད།

ད་ལྟ་ཤཱཀྱ་མུ་ནི་དང་མཉམ་པ་གཅིག་ཡོད་པ་ནི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་པ་རེད། ཁོང་ས་ཆ་འདིར་ཕྱི་ཟླ་བཅུ་པའི་ནང་ཕེབས་ཀྱི་རེད། ༸གོང་ས་མཆོག་ནས་གསུང་ཆོས་ཅི་ཞིག་གནང་ཡང་སེམས་ལ་བཞག་ནས་ཉམས་ལེན་ཡང་དག་པ་བྱེད། བསྟན་པའི་སྙིང་པོ་ནི་སེམས་ཅན་སུ་འདྲ་ཞིག་ལའང་གནོད་པ་མི་བྱེད་པ་དང་སེམས་ངན་མ་བཅང་པར་ཕན་པ་ཁོ་ན་སྒྲུབ་དགོས་པ་དེ་ཡིན། དེ་ནི་མདོ་དོན་སྙིང་པོ་ཡིན་པ་རེད། ཁྱེད་རང་ཚོས་དེ་ལྟར་བྱས་ཚེ། མ་འོངས་པར་ཕན་ཐོགས་ཆེན་པོ་ཡོང་ངེས་སོ།། །།