བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ལོ་རྒྱུས་དང་། རིག་གཞུང་། ཞིབ་བསྡུར་བཅས་ཀྱི་ཉམས་ཞིབ། > ནང་ཆོས་དང་ཁ་ཆེའི་ཆོས། > ཇཱ་མི་ཡ་ མི་ལི་ཡ་ ཨེ་ས་ལམ་མི་ཡ་ (Jamia Millia Islamia)གཙུག་ལག་སློབ་གྲྭ་ཆེན་མོ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་ཀྱི་མཁས་དབང་གི་མཚན་གནས་ཕུལ་བའི་སྐབས་༸གོང་ས་མཆོག་གི་གསུང་བཤད།

ཇཱ་མི་ཡ་ མི་ལི་ཡ་ ཨེ་ས་ལམ་མི་ཡ་ (Jamia Millia Islamia)གཙུག་ལག་སློབ་གྲྭ་ཆེན་མོ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་ཀྱི་མཁས་དབང་གི་མཚན་གནས་ཕུལ་བའི་སྐབས་༸གོང་ས་མཆོག་གི་གསུང་བཤད།

རྒྱ་གར། ལྡི་ལི། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༣ ཉིན།
ཤའོན་ཇོན་སི་དང་ཨེ་ལེག་ཛན་ཌར་ བྷར་ཛིན་གྱིས་རྩོམ་སྒྲིག་ཅུང་ཟད་ཞུས།

གསུང་སྒྱུར་བརྒྱུད། ཇཱ་མི་ཡ་ མི་ལི་ཡ་ ཨེ་ས་ལམ་མི་ཡ་གཙུག་ལག་སློབ་གྲྭ་ཆེན་མོ་དང་། སྐུ་མགྲོན་གཙོ་བོ་(རྒྱ་གར་གྱི་འགྲོ་བ་མིའི་གནས་བབས་ཡར་རྒྱས་ཚོགས་པའི་བློན་ཆེན།)འབུམ་རམས་པ་ཀ་པིལ་ སི་བལ་(Kabil Sibal)མཆོག ཉེ་བའི་རིགས་བདག མཁས་དབང་རྣམས་པ། མཐོ་སློབ་ཀྱི་ཞལ་ངོ་། སློབ་ཕྲུག སྐུ་མགྲོན་བཅས་ཚང་མར་ངས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་ང་ལ་གཟེངས་བསྟོད་ཀྱི་བྱ་དགའ་འདི་གནང་བར་ཇཱ་མི་ཡ་ མི་ལི་ཡ་ ཨེ་ས་ལམ་མི་

ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༸གོང་ས་མཆོག་ནས། སྒྲ་སྐྱེད་ཞལ་པར་བཞེས་པའི་རྗེས། ད་ལྟ་ངས་ཐད་ཀར་དབྱིན་སྐད་ནང་སྐད་ཆ་ཤོད་རྒྱུར་འབད་བརྩོན་བསྟེན་གྱི་ཡིན། ཚང་མས་མཁྱེན་གསལ་ལྟར་ང་རང་གི་དབྱིན་སྐད་རྦད་དེ་ཆག་པོའམ་དག་པོ་མེད། བྱས་ཙང་སྐབས་རེ་ངས་ཚིག་ནོར་བ་བེད་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་རྒྱུན་དུ་ཚོགས་བཅར་བ་རྣམས་ལ་ངས་དབྱིན་སྐད་མ་དག་པ་རྒྱག་པའི་སྐབས། གཟབ་གཟབ་གནང་རོགས། ཚིག་ནོར་བ་འགའ་བེད་སྤྱད་པ་ལ་བརྟེན་ནས་གོ་ནོར་ཐེབས་ཉེན་ཆེན་པོ་ཡོད་ཅེས་ངས་ཁ་ཏ་བྱེད་ཀྱི་ཡོད། དཔེར་ན། ངས་ནོར་བཞིན་དུ་“ཕེ་སི་མི་སམ་”(pessimism)ཞེས་པའི་དོད་དུ་“ཨོབ་ཊི་མི་སམ”( optimism)ཞེས་བེད་སྤྱོད་བྱེད་ཉེན་ཆེ། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། དེ་ནི་དངོས་གནས་ཉེན་ཁ་རེད། དེར་བརྟེན་ཁྱེད་རང་ཚོས་ངའི་སྐད་ཆ་ཉན་སྐབས་གཟབ་གཟབ་གནང་རོགས།

ངོས་ལ་ལག་འཁྱེར་འདི་ཐོབ་པར་དགའ་སྤོབས་ཧ་ཅང་ཆེན་པོ་བྱུང་། ངོས་ལ་ལག་འཁྱེར་འདི་རིགས་འཐོབ་པའི་སྐབས། ངས་དོན་དངོས་སུ་དེང་དུས་ཀྱི་སློབ་སྦྱོང་ཆེད་དུས་ཚོད་གང་ཡང་བཏང་མེད། དེར་བརྟེན་སློབ་སྦྱོང་གི་ཆུ་ཚད་མེད་པར་ལག་འཁྱེར་འཐོབ་ཀྱི་ཡོད་ཅེས་དང་པོ་བརྗོད་ཀྱི་ཡོད། ཁྱེད་རང་ཚོ་སློབ་ཕྲུག་ཚོས་རང་རང་གི་ལག་འཁྱེར་ལེན་པའི་སྐབས། ངའི་བསམ་པར་ཁྱེད་རང་ཚོས་དུས་ཚོད་རྒྱུན་རིང་པོ་འབད་བརྩོན་བསྟེན་པ་ལས་འཐོབ་ཀྱི་ཡོད། འོན་ཀྱང་ངས་དཀའ་ལས་ཅི་ཡང་མ་བརྒྱབ་པར་གཙུག་ལག་སློབ་གྲྭ་ཆེན་མོ་འདྲ་མིན་ནས་ལག་འཁྱེར་འདི་རིགས་འཐོབ་ཀྱི་ཡོད། དེར་བརྟེན་དགའ་སྤོབས་ཆེན་པོ་བྱུང་། ད་ཆ་འདིར་ལྷག་པར་དུ་ཇཱ་མི་ཡ་ མི་ལི་ཡ་ ཨེ་ས་ལམ་མི་ཡ་གྲགས་ཅན་ཁ་ཆེའི་གཙུག་ལག་སློབ་གྲྭ་ཆེན་མོས་གནང་བར་ཡི་རངས་ཆེན་པོ་བྱུང་། གང་ལགས་ཞུས་ན། ངའི་དམ་བཅའ་གཅིག་ནི་ཆོས་ལུགས་ནང་ཁུལ་གྱི་མཛའ་མཐུན་བསྐྲུན་རྒྱུ་དེ་ཡིན།

དགུ་པའི་བཅིུག་གི་དོན་རྐྱེན་བྱུང་བ་ནས་བཟུང་ཁ་ཆེའི་ཆོས་ལུགས་ལ་ངས་སྲུང་སྐྱོབ་བརྟན་པོ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཁ་ཆེའི་ཆོས་ལུགས་ཀྱི་ཁོངས་མི་སྡོད་མ་ཚུགས་ཉུང་ཤས་ཤིག་གི་བྱ་སྤྱོད་ལ་བརྟེན་ནས་ཁ་ཆེའི་ཆོས་ཆ་ཚང་ནག་པོར་བརྩི་གྱི་ཡོད། དེ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་ཡིན། རང་བཞིན་དང་དོན་དངོས་དང་མཐུན་པའི་སྐད་ཆ་བཤད་ན། ཁ་ཆེའི་ཆོས་ནི་འཛམ་གླིང་འདིའི་ནང་གལ་གནད་ཧ་ཅང་ཆེ་བའི་ཆོས་ཤིག་ཡིན། འདས་པའི་དུས་རབས་མང་པོའི་རིང་དང་། ད་ལྟ། མ་འོངས་པའི་དུས་ཚོད་ནང་ཁ་ཆེའི་ཆོས་ཀྱིས་མི་ས་ཡ་མང་པོར་རེ་བ་དང་། གདེང་ཚོད། སེམས་ཤུགས་བཅས་བྱིན་པ་དང་། སྦྱིན་བཞིན་པ། སྦྱིན་པར་ངེས། དེ་ནི་དོན་དངོས་ཡིན། ངོས་རང་ཕྲུ་གུ་ཆུང་ཆུང་ཞིག་ཡིན་པའི་སྐབས་ནས་ཁ་ཆེའི་གྲོགས་པོ་མི་ཉུང་བ་ཞིག་ཡོད། དཔེར་ན། ངའི་བསམ་པར་མ་མཐར་དུས་རབས་བཞིའི་སྔོན་བོད་ཀྱི་རྒྱལ་ས་ལྷ་སར་ཁ་ཆེའི་ཚོང་པ་གཞིས་ཆགས་ནས་ཁ་ཆེའི་སྤྱི་ཚོགས་ཆུང་ཆུང་ཞིག་ཆགས་ཡོད་ཅིང་། ཁོང་ཚོ་ནི་ཧ་ཅང་རྒྱུད་འཇམ་ཞིང་སྤྱི་ཚོགས་གཉིས་ཀྱི་དབར་མི་མཐུན་པའི་འཁྲུག་རྩོད་གང་ཡང་བྱུང་བའི་ལོ་རྒྱུས་མེད།

དེར་བསྐྱར་དུ་ངས་རྒྱལ་ཁབ་འདིར་ཁ་ཆེ་འགའ་ངོ་ཤེས་ཀྱི་ཡོད། ཁོང་ཚོས་“ ཁ་ཆེའི་ཆོས་ཉམས་ལེན་པ་གཤའ་མ་ཚོས་ངེས་པར་དུ་སེམས་ཅན་ཐམས་ཅད་བྱམས་པ་དང་སྙིང་རྗེས་སྐྱོང་དགོས་ཀྱི་ཡོད། གལ་སྲིད་ཁ་ཆེ་ཞིག་གིས་སྲོག་གཅོད་སོགས་འཚེ་བའི་ལས་ལ་འཇུག་ཚེ་ཁ་ཆེ་དངོས་གནས་ཆགས་ཀྱི་མེད་”ཅ ེས་གསུངས་ཀྱི་འདུག ། ཇི་ཧ་དཱ་(jihad)ཞེས་པའི་ཚིག་གི་དོན་ཡང་གཞན་ལ་འཚེ་བ་མི་བྱེད་པར་གོ “ཇི་ཧ་དཱའི་”ག ོ་དོན་ཞིབ་མོར་བསམས་ན། ང་ཚོའི་རྒྱུད་ཀྱི་འབད་རྩོལ་ཏེ། (སྐབས་དེར་དགའ་བསུ་ཐལ་སྒྲས་ཁེངས།)ང་ཚོའི་སེམས་ནང་དཀའ་ངལ་བཟོ་ཞིང་དེ་ལ་བརྟེན་ནས་ཁྱིམ་ཚང་ངམ་སྤྱི་ཚོགས་ནང་དཀའ་ངལ་བཟོ་མཁན་གྱི་ཁོང་ཁྲོ་དང་། ཞེ་སྡང་། འདོད་ཆགས་ལྟ་བུའི་མི་དགེ་བའི་ཉོན་མོངས་རྣམས་ལ་གདོང་ལེན་བྱེད་པར་གོ དེས་ན་མི་དགེ་བའི་མྱོང་ཚོར་དང་ཉོན་མོངས་དེ་དག་འཐབ་རྩོད་བྱེད་པ་ནི་ཇི་ཧ་དཱའི་དོན་ངོ་མ་དེ་ཡིན།

དེ་འདྲ་སོང་ཙང་། ལྟ་གྲུབ་འདྲ་མིན་ལ་མ་ལྟོས་པར། ཆོས་ལུགས་འདིའི་སྙིང་པོ་ནི་ཆོས་ལུགས་གཞན་དང་གཅིག་མཚུངས་ཡིན། ཆོས་ལུགས་གཞན་གྱི་རྗེས་འཇུག་པ་དང་འབྲེལ་གཏུགས་མང་ཙམ་བྱས་པ་ཉེར་ལེན་དུ་མ་གཞི་ལྟ་གྲུབ་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་མཐོང་ཀྱང་། དོན་གྱི་སྙིང་པོའི་ཆ་ནས་ཚང་བརྩེ་བ་དང་སྙིང་རྗེ། བཟོད་གསོལ། བཟོད་པ། རང་སྒྲིག་རང་སྲུང་། ཆོག་ཤེས་སོགས་ཉམས་ལེན་གནང་གི་ཡོད།དེར་བརྟེན་ངས་མི་རྣམས་ལ་གང་དུ་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་ཀྱང་ཁ་ཆེའི་ཁོངས་མི་ཉུང་ཤས་ཀྱིས་བྱས་ཉེས་ལ་བརྟེན་ནས་ཁ་ཆེ་ཚང་མར་སྐྱོན་འཛུགས་བྱ་རྒྱུ་མེད་ཅེས་ནན་བརྗོད་བྱེད་ཀྱི་ཡོད། དེ་བཞིན་ཧིན་དྷུའི་ཆོས་ལུགས་དང་། ཇེའུ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས།ནང་པའི་ཆོས་ལུགས་

བཅས་ཀྱི་ནང་དུའང་སྡོད་ཚུགས་མེད་པའི་མི་འགའ་ཡོད་ལ། བོད་རྒྱུད་ནང་བསྟན་གྱི་སྤྱི་ཚོགས་ནང་དུའང་དེ་ག་ནང་བཞིན་ཡོད་པ་གསལ་པོ་རེད། དེས་ན་ཁ་ཆེའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ནས་ངོས་ལ་གཟེངས་བསྟོད་བྱ་དགའ་གནང་བར། ངོས་རང་དམིགས་བསལ་དགའ་ཚོར་བྱུང་།

དེས་ན་ནམ་མཁའ་མ་ཟད་བར་དུ་ངོས་ལ་དམ་བཅའ་གཉིས་ཡོད། གོང་དུ་བརྗོད་བཞིན་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དང་། གཞན་ནི་འགྲོ་བ་མིའི་ལུས་པོའི་གྲུབ་ཆའི་ཐོག་ནས་ཡོང་གི་ཡོད་པའི་ཁྱད་ཆོས་གཙོ་བོ་མིའི་བྱམས་བརྩེ་སྟེ་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཡིན། ང་ཚོ་མ་ཡི་མངལ་ནས་བཙས་མ་ཐག་ཨ་མའི་ངོས་ནས་རང་གི་བུ་ཕྲུག་ལ་བརྩེ་བ་སྟོབས་ཆེན་ཞིག་སྦྱིན་ཞིང་། དེ་བཞིན་ཕྲུ་གུའི་ངོས་ནས་ཀྱང་བཙས་མ་ཐག་མི་དེ་སུ་ཡིན་མིན་མི་ཤེས་པར་ལུས་པོའི་གྲུབ་ཆའི་ཐོག་ནས་མཐའ་གཅིག་ཏུ་མི་དེར་བརྟེན་གྱི་ཡོད། ཨ་མས་དེ་ལྟར་བྱེད་སྐབས་ཕྲུ་གུར་བདེ་བ་ཆེན་པོ་ཐོབ་ཅིང་། མ་བུ་ཁ་བྲལ་ཚེ་ཕྲུ་གུ་རང་བཞིན་གྱིས་བརྟན་ཆ་མེད་པར་འགྱུར། ཐ་ན་དུད་འགྲོ་རྣམས་ལའང་མྱོང་བ་གཅིག་འགྱུར་ཡོད། དེར་བརྟེན་ང་ཚོའི་མི་ཚེ་ནི་དེ་ལྟར་འགོ་ཚུགས་ཀྱི་ཡོད། རྒྱུ་མཚན་དེས་བས་ན་མི་ཞིག་ལ་མ་ཡི་མངལ་ནས་བཙའ་བའི་བརྩེ་བ་ཤུགས་ཆེན་པོ་ཐོབ་ན། བཙས་ནས་ལོ་ཤས་རྗེས་སམ་མི་ཚེ་ཧྲིལ་པོའི་ནང་འཕྲོད་བསྟེན་ལེགས་པ་དང་སྙིང་རྗེ་ཆེ་བའི་མི་ཞིག་ཆགས་ཀྱི་ཡོད། འོན་ཀྱང་སྐབས་དེར་བརྩེ་བས་ཕོངས་ནས་བྱམས་སྐྱོང་མ་ཐོབ་པར་སྡུག་པོ་མཐོང་བའི་མི་ཞིག་ལ་དེ་ལྟའི་བག་ཆགས་སམ་མྱོང་བ་མི་ཚེ་ཧྲིལ་པོར་ལྷག་སྟེ་སྤྱོད་པ་རྩིང་པོར་འགྱུར་གྱི་ཡོད། མི་དེ་དག་གི་ཕྱི་ཚུལ་གང་མངོན་ཡང་ཁྱད་པར་མེད། ཁོང་ཚོའི་སེམས་ནང་བཞེད་སྣང་དང་ཡིད་ཆེས་མེད་པའི་ཚོར་བ་ལྡན་ཅིང་། མིའི་བར་ན་ཡིད་ཆེས་མེད་པ་ནི་དོན་དངོས་སུ་ང་ཚོ་ནི་སྤྱི་ཚོགས་ཀྱི་སེམས་ཅན་གཞི་རྩའི་འགྲོ་བ་མིའི་རང་བཞིན་ལས་འགལ། སྤྱི་ཚོགས་ཀྱི་སེམས་ཅན་སུ་ཡིན་རུང་སྒེར་གྱི་ཁེ་ཕན་སླད་ཕྱོགས་ཡོངས་ནས་མཉམ་རུབ་བྱ་རྒྱུ་དགོས་གལ་ཆེ། གང་ཟག་སྒེར་པ་ནི་སྤྱི་ཚོགས་ཀྱི་ཆ་ཤས་ཡིན་ཅིང་སྒེར་གྱི་འབྱུང་འགྱུར་ཚོགས་པའམ་སྤྱི་ཚོགས་ལ་ཡོངས་སུ་བརྟེན་ནས་ཡོད།

དེ་ནས་རང་གི་མི་ཚེའི་དོན་དང་ལྡན་པ་ཞིག་ཡོང་བའི་གཞི་རྟེན་ལ་བསམས་ན། གལ་ཏེ་ཡིད་ཆེས་མེད་པ་དང་བཞེད་སྣང་གི་རིགས་འགའ་བྱུང་བ་དང་། འབྲེལ་མེད་དུ་གནས་ཚེ། གང་ཟག་བྱེ་བྲག་པ་དེ་སྐྱིད་པོ་ཇི་ལྟར་ཡོང་ཐུབ། ཧ་ཅང་ཁག་པོ་རེད། དེར་བརྟེན་མཉམ་རུབ་དོན་དང་ལྡན་པ་ཞིག་ཡོང་བར། མཛའ་འབྲེལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མཛའ་འབྲེལ་གྱི་རྨང་གཞི་ནི་ཡིད་ཆེས་དང་ཁ་གསལ་གཏིང་གསལ་ལ་ཐུག་ཅིང་། དེ་དག་ལྡན་ན་ཡིད་ཆེས་ངང་གིས་འོང་། དེའི་རྨང་གཞིའང་བྱམས་པ་སྟེ་གཞན་སེམས་ཅན་ལ་སེམས་འཁུར་གྱི་ཚོར་བ་ཞིག་ཡིན། དེ་ལྟའི་ཚོར་བ་ཞིག་ཡོད་ན། གཞན་ལ་བཤུ་གཞོག་དང་། མགོ་སྐོར། བསླུ་ཁྲིད་སོགས་ཀྱི་བྱ་ཐབས་ཡོང་གི་མེད། གང་ལགས་ཞུས་ན། རང་ངོས་ནས་གཞན་ལ

་བཅོས་མིན་གྱི་སེམས་འཁུར་བྱེད་ཀྱི་ཡོད། དེ་ནི་ཡིན་གཅིག་ཆོས་ཀྱི་ཐོག་ནས་ཡོང་དགོས་མེད། འོན་ཀྱང་ལུས་པོའི་གྲུབ་ཆའི་ཐོག་ནས་ཡོང་གི་ཡོད།

དེར་བརྟེན་ངོས་ཀྱི་དམ་བཅའ་གཙོ་བོ་ནི་མི་རྣམས་ལ་ང་ཚོ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་དོན་དངོས་ར་སྤྲོད་བྱ་རྒྱུ་དང་བསམ་ཚུལ་སྤེལ་རེས་བྱ་རྒྱུ་དེ་ཡིན། དམིགས་བསལ་དེང་དུས་ཀྱི་འཛམ་གླིང་ནང་། གོ་ལ་ཡོངས་ཀྱི་དཔལ་འབྱོར་དང་ཁོར་ཡུག་གི་གནད་དོན་དང་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པའི་རྐྱེན་གྱིས་མི་སྒེར་གྱི་ཁེ་ཕན་ནི་ཕན་ཚུལ་གཅིག་གི་གཅིག་ལ་འབྲེལ་ཡོད། དེས་ན་དོན་དངོས་ལ་གཞིགས་ནས་“ང་ཚོ་”དང་“ཁོང་ཚོ་”ཞེས་པའི་ལྟ་ཚུལ་དེ་ཏག་ཏག་བསྡད་ཀྱི་མེད། ད་ཆ་ང་ཚོས་འགྲོ་བ་མིའི་རིགས་ཚང་མ་ཁྱིམ་ཚང་གཅིག་ཡིན་པར་བསམ་བློ་གཏོང་དགོས། དེའི་ཕྱིར་ངས་རྒྱུན་དུ་མི་ཚོར་འཛམ་གླིང་ཧྲིལ་པོ་རང་རང་སོ་སོའི་ཆ་ཤས་ལྟ་བུར་བརྩི་བའི་སྤྱོད་ཚུལ་གོང་མཐོར་གཏོང་དགོས་ཞེས་ནན་ཏན་བརྗོད་ཀྱི་ཡོད། ནམ་“ང་ཚོ་”དང་“ཁོང་ཚོའི”་དབར་གྱི་ཁྱད་པར་གནས་ཚེ་འཚེ་བའི་སྤྱོད་ལམ་དེ་མ་ཉིད་དུ་ཡོང་ངེས་ཡིན། ཅི་སྟེ་འགྲོ་བ་མིའི་རིགས་ཡོད་དོ་ཅོག་སོ་སོའི་ཆ་ཤས་སུ་བལྟས་པ་ན། དྲག་སྤྱོད་ལ་གོ་སྐབས་འཐོབ་ཀྱི་མེད།

དེས་ན་ང་རང་གྲོགས་པོ་དང་ལྷན་དུ་འབད་བརྩོན་གཙོ་བོ་ནི། ང་ཚོས་འདས་ཟིན་པའི་དུས་རབས་ཉི་ཤུ་པ་ནི་དྲག་སྤྱོད་ཀྱི་དུས་རབས་ཤིག་ཏུ་གྱུར་བ་དང་། སྐབས་དེར་དྲག་སྤྱོད་ཀྱི་མཇུག་འབྲས་སུ་མི་གྲངས་ས་ཡ་ཉི་བརྒྱ་ལྷག་རྐྱེན་ལམ་དུ་བཏང་ཡོད། ཉི་ཧོང་གི་ས་ཁོངས་ཧི་རོ་ཤི་མ་ཞེས་པར་འགྲོ་བ་མིའི་ཐོག་རྡུལ་ཕྲན་མཚོན་བྱ་ཐེངས་དང་པོ་གཡུགས་སར་ནོ་ལྦེལ་གཟེངས་རྟགས་བཞེས་མཁན་རྣམས་ལྷན་འཛོམས་ཐོག་ལ་བཅར་ནས་ཕྱིར་འཁོར་མ་ཐག་ཡིན། ཧ་ཅང་ཐབས་སྡུག་པོ་རེད། དུས་རབས་དེས་འགྲོ་བ་མིའི་ཐོག་དུས་ཕྲན་མཚོན་བྱ་སྤྱད་ཡོད་དེར་བརྟེན་དུས་རབས་དེའི་རིང་ཕྱི་དངོས་པོའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་ཕྱོགས་གཅིག་ནས་དྲག་སྤྱོད་ཀྱི་དུས་རབས་ཤིག་ཏུ་གྱུར་ཡོད། ད་ལྟ་གལ་སྲིད་དྲག་སྤྱོད་ཀྱིས་མི་རྣམས་ཀྱིདཀའ་ངལ་སེལ་ཐུབ་པ་དང་ཁེ་ཕན་བསྐྲུན་གྱི་ཡོད་ན་འགྲིགས་ཀྱི་རེད། དེར་དག་སྐྱེལ་དགོས་པ་ཡིན། འོན་ཀྱང་དེ་ལྟར་རྩ་བ་ནས་མ་ཡིན། རྒྱུ་མཚན་དེ་བས་ན་ང་ཚོའི་འདས་པའི་ཉམས་མྱོང་ལ་གཞིགས་ཏེ། ད་ལྟ་ང་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བགྲོ་གླེང་གི་དུས་རབས་ཤིག་ཡོང་བར་འབད་བརྩོན་བསྟེན་དགོས། དེའི་ཕྱིར་འགྲོ་བ་མིའི་རིགས་ཡོངས་རྫོགས་ལ་ཁྱབ་ཐུབ་པའི་རྡོག་རྩ་ཆིག་སྒྲིལ་གྱི་ཚོར་བ་ཞིག་ང་ཚོར་དགོས་པ་ཡིན། མི་རིགས་འདྲ་མིན་དང་། རིག་གཞུང་འདྲ་མིན། རིགས་རུས་འདྲ་མིན། ཆོས་ལུགས་འདྲ་མིན་སོགས་ནི་ངའི་བསམ་པར་གལ་གནད་རིམ་པ་གཉིས་པ་དེ་ཆགས་ཡོད། ག་རེ་གལ་ཆེན་པོ་རེད་ཅེ་ན་རྩ་བའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན།

དེར་བརྟེན་ངའི་བསམ་པར་དེང་སང་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་ང་ཚོ་རང་གིས་བཟོས་པ་ཡིན། དཀའ་ངལ་དེ་དག་གི་འབྱུང་ཁུངས་ནི་ང་ཚོས་གཞི་རྩའི་གནད་འགག་དེ་གཏིང་བརྗེད་དུ་བཏང་ནས། གལ་གནད་རིམ་པ་གཉིས་པ་དེའི་ཐོག་གཙིགས་ཆེན་པོས་འབད་རྩོལ་བསྟེན་པའི་རྐྱེན་གྱིས་ཡིན། དེས་ན་དུས་ཚོད་ནི་བདེ་སྐྱིད་དང་ཞི་བདེས་ཁེངས་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱ་རྒྱུའི་དུས་ལ་སླེབས་ཡོད་པས། ང་ཚོས་འགྲོ་བ་མིའི་གལ་ཆེའི་རང་བཞིན་ལ་དོ་ནན་བྱེད་དགོས། ང་ཚོ་མི་རེ་ངོ་རེར་བདེ་སྐྱིད་འཚོལ་བའི་ཐོབ་ཐང་གཅིག་པ་དང་། གང་ཟག་གཅིག་གི་ཁེ་ཕན་གཞན་རྣམས་ལ་རག་ལས་ཡོད་སྟབས། ང་ཚོས་གཞན་གྱི་ཁེ་ཕན་ལ་དོ་སྣང་བྱེད་དགོས། དེ་ནི་རང་ཉིད་ལ་ཕན་ཐོགས་ཆེ་ཤོས་ཡོང་བའི་ལམ་ཡང་དག་པ་ཞིག་ཡིན།

དེས་ན་ངའི་དམ་བཅའ་གཉིས་པ་དེ་ཡིན། ཆོས་ལུགས་ཀྱི་མཐུན་སྒྲིལ་སྤེལ་བའི་ངོས་ཀྱི་དམ་བཅའ་དང་པོ་དང་གཞི་རྩའི་མིའི་རིན་ཐང་གོང་མཐོར་གཏོང་བ་གཉིས་པ་ཡིན། དེ་ལྟར་ངོས་ཀྱི་མི་ཚེའི་མཐའ་མཇུག་ཏུ་མ་སླེབས་བར་དེ་དག་ལ་རྩེ་གཅིག་ཏུ་འབད་རྒྱུ་ཡིན།

དེ་ལྟར་ཐོག་མར་ངས་ཁྱེད་རང་ཚོ་དང་། གཞོན་སྐྱེས་ཚོ། སློབ་ཕྲུག་བཅས་པར་འཚམས་འདྲི་ཞུ་རྒྱུ་ཡིན། ངའི་བསམ་པར་ཁྱེད་རང་ཚོའི་སྙུགས་རུས་ལ་བརྟེན་ནས་ད་ཆ་ཁྱེད་ཚོར་ལག་འཁྱེར་ཐོབ་ཡོད། གཅིག་བྱས་ན་འདས་པའི་ཉིན་ཤས་རིང་ཁྱེད་ཚོ་གཉིད་ཀྱང་མེད་པར་སེམས་ནང་ཚོར་བ་ཤུགས་ཆེན་པོ་བྱུང་ཡོད་ཤས་ཆེ། འོན་ཀྱང་དེ་རིང་མཚན་མོ་གཉིད་ཡག་པོ་ཁུག་ངེས་ཡིན། གང་ལྟར་ངས་ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་བ་དང་ཆབས་ཅིག་མི་ཚེ་ནི་ལས་སླ་པོ་མེད་ལ་རྟག་པ་བརྟན་པ་ཅི་ཡང་མེད་ཅིང་། ང་ཚོར་དཀའ་ངལ་འཕྲད་ངེས་ནའང་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་ཡིན་ཞེས་བཤད་འདོད་བྱུང་། བྱས་ཙང་ང་ཚོར་དཀའ་ངལ་ཅི་ཕྲད་ཀྱང་དེ་དག་ལས་རྣམ་པར་རྒྱལ་བའི་ནུས་པ་ཡོད་པས་དངངས་སྐྲག་བྱེད་དགོས་དོན་མེད། དེའི་ཕྱིར་རང་གིས་རང་ལ་གདེང་ཚོད་དང་རེ་བ་བཟང་སར་བཅོལ་རྒྱུ་གལ་ཆེ། དེ་བཞིན་ཁྱེད་རང་ཚོ་གཞོན་སྐྱེས་ཚོས་བཟོད་པ་བསྟེན་དགོས། སྐབས་རེ་གཞོན་སྐྱེས་ཚོས་རང་ལ་དགོས་པའི་ཅ་ལག་དེ་ཚོ་དེ་མ་ཉིད་དུ་དགོས་འདོད་བྱེད་ཀྱི་ཡོད། གློ་བུར་དུ་འགོག་རྐྱེན་ནམ་བར་ཆད་འགའ་ཕྲད་ཚེ། བློ་སྟོབས་ཉམ་འགྲོ་གི་ཡོད། “ཐེངས་དགུ་ཕམ་ན། འབད་བརྩོན་ཐེངས་དགུ་བྱེད་དགོས་”ཞེས་པའི་བོད་པའི་གཏམ་དཔེ་ཞིག་ཡོད། དེར་བརྟེན་དེ་གལ་ཆེན་པོ་ཡིན་པས། སེམས་ནང་འཇོག་དགོས།

གཞན་ཡང་ཁྱེད་རང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ཁོངས་སུ་གཏོགས་པའི་མི་རབས་ཤིག་ཡིན། ང་ནི་ད་དུང་དུས་རབས་ཉི་ཤུ་པའི་ནང་གི་མི་རབས་ཤིག་ཡིན་ཅིང་། ད་དུང་འདིར་བཞུགས་པའི་མཁས་དབང་དང་བློན་ཆེན་འགའ་ངའི་བསམ་པར་དུས་རབས་ཉི་ཤུ་པའི་ནང་གི་མི་རབས་ཤིག་ཡིན། འོན་ཀྱང་དུས་རབས་ཉི་ཤུ་རྩ་གཅིག་པའི་འགོ་སྟོད་ཀྱི་ལོ་བཅུ་རྫོགས་ཟིན་ཅིང་ལོ་དགུ་བཅུ་ཡོང་རྒྱུར་བསྡད་ཡོད། དེར་བརྟེན་དུས་རབས་འདིར་དོན་དངོས་ཀྱི་འགྱུར་བ་གཏོང་མཁན་ནི་ཁྱེད་རང་ཚོ་ཡིན་པས། གྲ་སྒྲིག་ཨང་གསར་དགོས། འཛམ་གླིང་ཡག་པོ་ཞིག་དང་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་འཛུགས་བསྐྲུན་ཐུབ་པར། མིག་རྒྱང་ལྡན་དགོས་པ་དང་། ཤེས་ཡོན་ཙམ་མིན་པར་ནང་སེམས་ཀྱི་ཀུན་སྤྱོད་ཀྱང་དགོས། ངའི་བསམ་པར་དུས་རབས་ཉི་ཤུ་པ་དང་འདིའི་འགོ་སྟོད་ཀྱི་དཀའ་ངལ་མང་པོ་ཞིག་ནི་མི་རྣམས་ལ་ཤེས་ཡོན་དང་ཀུན་སྤྱོད་མེད་པའི་རྐྱེན་གྱིས་ཡིན། དེས་ན་བདེ་སྐྱིད་དང་ཞི་བདེས་ཁེངས་པའི་འཛམ་གླིང་ཞིག་བསྐྲུན་སླད། ཤེས་ཡོན་དང་བཟང་སྤྱོད་ཟུང་སྦྲེལ་དགོས།

བཟང་སྤྱོད་ལ་བསམས་ན། རིམ་པ་མང་པོ་ཡོད། རིམ་པ་གཅིག་ནི་ཆོས་ཕྱོགས་ཀྱི་དད་པའི་ཐོག་ནས་ཡོང་ཞིང་། གཞན་ཡང་གཞི་རྩའི་རིམ་པའི་ཐོག་ནས་ཆོས་ཀྱི་དད་པ་མེད་པར། མིའི་གཅིག་འགྱུར་གྱི་ཉམས་མྱོང་དང་རྒྱུན་ཤེས་དེ་བཞིན་ཚན་རིག་གི་རྙེད་དོན་གསར་ཤོས་བཅས་ཀྱི་ཐོག་ནས་བྱམས་པ་དང་ཕྱི་གསལ་ནང་གསལ་བྱེད་པས་ཕན་ཐོགས་ཆེན་པོ་ཡོད་པ་དང་ཐ་ན་རང་གི་གཟུགས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོད་པ་ངེས་ཤེས་རྙེད་ཐུབ། མི་ཚང་མས་སོ་སོ་རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་ཅིང་། འཕྲོད་བསྟེན་ཡག་པོ་ཡོང་བའི་ཆ་རྐྱེན་གཙོ་བོ་གཅིག་ནི་སེམས་ཁམས་བདེ་མིན་ལ་རག་ལས་ཡོད། དེར་བརྟེན་སྙིང་རྗེ་ཅན་གྱི་ཚོར་སྣང་གི་སྐྱེད་ཐབས་བྱ་རྒྱུ་ནི་དོན་དངོས་སུ་ལུས་ཀྱི་འཕྲོད་བསྟེན་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན།

དེའི་ཕྱིར་ཤེས་ཡོན་གྱི་ཐོག་ནས་ཁྱེད་རང་ཚོར་ལག་འཁྱེར་མཐོན་པོ་ཐོབ་ཡོད། ད་ལྟ་ནང་སེམས་ཀྱི་རིན་ཐང་ཐོག་དོ་སྣང་མང་ཙམ་བྱེད་རོགས་གནང་། དེ་ནི་དོན་དམ་པའི་མིའི་རིན་ཐང་དང་བཟང་སྤྱོད་ཡིན། ཉེ་བའི་རིགས་བདག་གིས་བཟང་སྤྱོད་ནི་འགྲོ་བ་མིའི་བདེ་སྡུག་གི་ཐབས་ཚུལ་ཞིག་ཏུ་གསུངས་སོང་། དེ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་འདོད་བྱུང་།

དེ་ག་རང་ཡིན་ཐུགས་རྗེ་ཆེ།