བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

ཨེ་ཤི་ཡའི་ནང་ནང་ཆོས་དར་བ།

ཨེ་ལེག་ཛན་ཌར། བྷར་ཛིན།
ཨི་ཇིབ། ཁའེ་རོ། ཕྱི་ལོ་ ༡༩༩༥ ཟླ་ ༡༡ །
ཐོག་མར་
Berzin, Alexander. Buddhism and Its Impact on Asia.
Asian Monographs, no. 8.
Cairo: Cairo University, Center for Asian Studies, June 1996
ཞེས་པའི་ཆ་ཤས་སུ་པར་འགྲེམས་ཞུས།

ལོ་རྒྱུས་མདོར་བསྡུས།

ནང་ཆོས་ཀྱིས་ཆོས་ལུགས་ཁྱབ་སྤེལ་གཏོང་བའི་ལས་འགུལ་གཅིག་ཀྱང་སྤེལ་མེད་ནའང་། སངས་རྒྱས་ཀྱི་གསུང་རབ་ནི་ཉེ་བའི་རྒྱ་གར་གླིང་ཆེན་གྱི་ཕྱོགས་གང་ས་དང་དེ་ནས་ཨེ་ཤི་ཡའི་མགོ་ནས་མཇུག་བར་དར་ཁྱབ་བྱུང་ཡོད། རིག་གཞུང་གསར་པ་རེ་རེའི་ཁྲོད་སངས་རྒྱས་ཀྱི་གསུང་ཁྱབ་ཡོད་ཅིང་། ས་གནས་ཀྱི་བསམ་བློའི་འཁྱེར་བཟོ་དང་རན་པོ་ཡོང་ཕྱིར། ཤེས་རབ་དང་སྙིང་རྗེའི་གལ་འགངས་ཆེ་བའི་གནད་དོན་འགྲིག་འཇགས་མ་བྱས་པར་ནང་པའི་ཐབས་ལམ་དང་སྤྱོད་ཚུལ་རྣམས་སྒྱུར་བཅོས་བཏང་ཡོད། འོན་ཀྱང་ནང་ཆོས་ཀྱིས་བླ་ན་མེད་པའི་ཡོངས་ཁྱབ་ཆོས་ཀྱི་དབུ་ཁྲིད་ཚད་ལྡན་ཞིག་རྩ་བ་ནས་འགོ་འཛུགས་བྱས་མེད། ནང་ཆོས་གང་དུ་དར་བའི་ལུང་པ་སོ་སོའི་གནས་སྟངས་དང་། ཆོས་ལུགས་ཀྱི་སྒྲོམ་གཞི། ཆོས་ཀྱི་དབུ་ཁྲིད་བཅས་དར་ཁྱབ་བྱུང་། དེང་གི་ཆར་ཡོངས་ཁྱབ་ཏུ་མཚན་སྙན་ཆེ་ཤོས་དང་བརྩི་བཀུར་ཞུ་ཡུལ་གཙོ་བོ་ནི་བོད་ཀྱི་དབུ་ཁྲིད་༸གོང་ས་ཏྭ་ལའི་བླ་མ་མཆོག་ཡིན།

ནང་ཆོས་ལ་གཙོ་བོའི་དབྱེ་བ་གཉིས་ལས། ཐེག་དམན་གྱིས་སོ་སོ་ཐར་པ་འཐོབ་པར་དོ་ནན་བྱེད་པ་དང་། ཐེག་ཆེན་པས་གཞན་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་བརྩོན་སྟེན་ཅིང་། དེ་གཉིས་སོ་སོར་ནང་གསེས་ཀྱི་སྡེ་ཚན་མང་པོ་ཡོད། འོན་ཀྱང་ད་ལྟའི་ཆར་ཆོས་ལུགས་ཆེ་ཁག་གསུམ་བཞུགས་ཡོད་པ་ནི། ལྷོ་ཤར་ཨེ་ཤི་ཡའི་ནང་བཞུགས་པའི་གནས་བརྟན་སྨྲ་བ་(Theravada)ཐེག་དམན་ཆོས་ལུགས་གཅིག་དང་། རྒྱ་ནག་དང་བོད་བརྒྱུད་ཐེག་ཆེན་གྱི་ཆོས་ལུགས་ཁག་གཉིས་ཡིན།

གནས་བརྟན་སྨྲ་བ་ནི་ཡེ་ཤུ་མ་ཤི་ཀའི་སྔོན་དུས་རབས་གསུམ་པའི་ནང་རྒྱ་གར་ནས་ཤྲི་ལངྐ་(Sri Lanka) དང་འབར་མའི་(Burma) ནང་དར་ཁྱབ་བྱུང་བ་དང་། དེ་ནས་རྒྱ་ནག་གི་ལྷོ་ནུབ་ཡུན་ནན་(Yunnan) ཞིང་ཆེན་དང་། ཐེ་ལན་ཌི་(Thailand)། ལའོ་སུ་(Laos)། ཀམ་སྦོ་དྲི་ཡ་(Cambodia)། ལྷོ་ཝི་ཏི་ནམ་(South Vietnam)། ཨིན་ཌོ་ནི་ཤི་ཡ་(Indonesia)བཅས་སུ་དར་ཁྱབ་བྱུང་། མི་རིང་བར་ཨ་རབ་ཉེ་བའི་གླིང་ཕྲན་(Arabian Peninsula)གྱི་མཚོ་ངོགས་དང་། ཐ་ན་ཨི་ཇེབ་(Egypt) གྱི་ཡུལ་ཨེ་ལེག་ཛན་ཌི་རི་ཡའི་(Alexandria)ནང་ནས་ནང་ཆོས་ཉམས་ལེན་བྱེད་མཁན་རྒྱ་གར་གྱི་ཚོང་པ་སྡེ་ཚན་ཁག་རྙེད་སོན་བྱུང་། དུས་དེ་ནས་བཟུང་དེང་གི་བར་དེ་མིན་ཐེག་དམན་གྱི་ཆོས་རྒྱུད་ཁག་པ་ཀི་སི་ཐན་(Pakistan)དང་། ཀ་ཤི་མིར་(Kashmir)། ཨཧྥ་གྷན་ནི་སི་ཐན་(Afghanistan)། ཨི་རན་(Iran,ཡི་ལང) གྱི་ཤར་ཕྱོགས་དང་མཚོ་བརྒྱུད་ས་གནས། ཨུ་ཟ་བྷེ་ཀི་སི་ཐན་(Uzbekistan)། ཏུར་ཀ་མེན་ནི་སི་ཐན་(Turkmenistan)། ཐ་ཇི་ཀི་སི་ཐན་(Tajikistan)བཅས་སུ་དར། དེ་དག་ནི་གནའ་བོའི་གྷན་དྷ་ར་(Gandhara)དང་། འབེག་ཏྲི་ཡ་(Bactria)། པར་ཐི་ཡ་(Parthia)། སོག་ཌི་ཡ་(Sogdia)བཅས་ཀྱི་རྒྱལ་ཁབ་ཡིན། དབུས་ཨེ་ཤི་ཡའི་ནང་གཞི་རྟེན་དེ་ལས། དུས་རབས་གཉིས་པའི་ཁོང་ཚོས་ཤར་ཏུར་ཀི་སི་ཐན་(East Turkistan) (Xinjiang, ཤིན་ཅང་)དང་། རྒྱ་ནག་ནང་དང་། དུས་རབས་བདུན་པའི་དུས་མཇུག་ཏུ་ཀིར་གྷི་ཟི་སི་ཐན་(Kyrgyzstan) དང་ཀ་ཟག་སི་ཐན་(Kazakhstan) ནང་དར་སྤེལ་བཏང་། དེ་ལྟའི་ཐེག་དམན་གྱི་ཆོས་རྒྱུད་རྣམས་ཕྱིས་སུ་རྒྱ་གར་ནས་དར་བའི་ཐེག་ཆེན་གྱི་ཆོས་དང་་མཉམ་སྡེབ་བྱས་པ་དང་། མཐར་དབུས་ཨེ་ཤི་ཡའི་ནང་ནང་ཆོས་ཁྱབ་ཆེ་ཤོས་ཆགས་ཡོད།

རྒྱ་ནག་གི་ཐེག་ཆེན་ཆོས་རྒྱུད་འདི་ཕྱིས་སུ་ཀོ་རི་ཡ་(Korea)དང་། ཉི་ཧོང་(Japan)། བྱང་ཝི་ཏི་ནམ་(North Vietnam)བཅས་སུ་དར་ཁྱབ་བྱུང་། དེ་བཞིན་གནའ་བོའི་ཐེག་ཆེན་གྱི་ཆོས་རྒྱུད་གཅིག་ནི་ཧིན་དྷུའི་ཁོངས་གཏོགས་ལྷ་དབང་ཕྱུག་ཆེན་པོར་མཆོད་པ་བྱེད་པའི་ཆོས་དང་འདྲེས་ནས། རྒྱ་གར་ནས་བལ་ཡུལ་དང་། ཨིན་ཌོ་ནི་ཤི་ཡ་(Indonesia)། མཱ་ལེ་ཤི་ཡ་(Malaysia)། ལྷོ་ཤར་ཨེ་ཤི་ཡའི་ཆ་ཤས་ཀྱི་ས་ཁུལ་ནང་དུས་རབས་ལྔ་པའི་འགོ་སྟོད་དུ་དར། བོད་རྒྱུད་ཐེན་ཆེན་གྱི་བསྟན་པ་འདི་བཞིན་དུས་རབས་བདུན་པའི་འགོ་སྟོད་དུ་དར་ཁྱབ་བྱུང་བ་སྟེ། རྒྱ་གར་གྱི་ནང་ཆོས་གོང་འཕེལ་ཕྱིན་པའི་ལོ་རྒྱུས་ཆ་ཚང་རྒྱུད་འཛིན་བྱས་པ་དང་། དེ་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་ཁུལ་ཁག་དང་། སོག་ཡུལ། ཤར་ཏུར་ཀི་སི་ཐན། ཀིར་གྷི་ཟི་སི་ཐན། ཀ་ཟག་སི་ཐན། བྱང་ནང་མའི་རྒྱ་ནག མན་ཇུ་རི་ཡ(Manchuria)། སེ་བི་རི་ཡ(Siberia)། ཡུ་རོབ་ཨུ་རུ་སུའི་(European Russia)ནང་ཀ་སི་པིན་རྒྱ་མཚོའི་(Caspian Sea)འགྲམ་གྱི་ཁར་མུག་སོག་པོའི་(Kalmyk Mongol)ས་ཁུལ་བཅས་ཀྱི་ནང་དར་ཁྱབ་ཆེན་པོ་བྱུང་།

ནང་ཆོས་ཇི་ལྟར་དར་བའི་ཚུལ།

ཨེ་ཤི་ཡའི་ལུང་པ་མང་ཆེ་བའི་ནང་ནང་ཆོས་ཞི་བའི་སྒོ་ནས་དར་ཁྱབ་བྱུང་བ་དང་དར་ཚུལ་མི་འདྲ་འགའ་ཞིག་བྱུང་། སྟོན་པ་སངས་རྒྱས་ཤཱ་ཀྱ་ཐུབ་པས་སྲོལ་དང་པོ་བཏོད། དང་ཐོག་ནས་དགེ་རྒན་ཞིག་གནང་སྟེ། ཁོང་གིས་གདུལ་བྱ་སྣོད་རུང་དང་དོན་གཉེར་ཅན་རྣམས་ལ་རང་ཉིད་ཀྱི་ཡོན་ཏན་རྣམས་སྟེར་བར་ཉེ་འཁོར་གྱི་རྒྱལ་པོའི་ཁབ་ཏུ་ཕེབས། དེ་བཞིན་ཁོང་གིས་དགེ་འདུན་པ་རྣམས་ལ་མངགས་ནས་གང་གི་བཀའ་ཆོས་འཛམ་གླིང་ཡུལ་གྲུ་ཁག་ཏུ་འཆད་འགྲེལ་བྱེད་དགོས་པའི་ལམ་སྟོན་གནང་། གཞན་གྱིས་སོ་སོ་རང་གི་ཆོས་ལུགས་ལ་སྐྱོན་བརྗོད་བྱས་ནས་དོར་ཏེ་ཆོས་ལུགས་གསར་པ་ཞིག་ཏུ་འགྱུར་དགོས་ཚུལ་ཁོང་གིས་གསུང་གི་མེད་ལ། རང་ཉིད་ཀྱི་ཆོས་ལུགས་གསར་འཛུགས་གནང་ཐབས་གནང་མེད། གཞན་སེམས་ཅན་རྣམས་ཀྱིས་གནས་ལུགས་ལ་རྨོངས་པའི་དབང་གིས་རང་གིས་རང་ལ་མི་བདེ་བ་དང་སྡུག་བསྔལ་སྣ་ཚོགས་ཤིག་བཟོ་ཡི་ཡོད་པས། དེ་དག་ལས་ཐར་བར་ཁོང་གིས་རོགས་སྐྱབས་གནང་གི་ཡོད། སངས་རྒྱས་ཀྱི་ཡོན་ཏན་གྱིས་མི་རབས་ཕྱི་མའི་རྗེས་འཇུག་པ་རྣམས་བློ་སྟོབས་སྤེལ་ཏེ། ཁོང་ཚོས་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཆེན་པོ་ཡོད་པའི་སངས་རྒྱས་བསྟན་པའི་ཐབས་ལམ་ཁག་གཞན་དང་མཉམ་དུ་བརྗེ་ལེན་བྱེད་ཀྱི་ཡོད། དེ་ནི་ད་ལྟ་ནང་ཆོས་ཞེས་གང་སར་དར་ཁྱབ་བྱུང་བ་དེ་རེད།

སྐབས་རེ་བརྒྱུད་རིམ་དེ་གཞན་ལ་མ་བརྟེན་པར་འཕེལ་འགྱུར་བྱུང་ཡོད། དཔེར་ན། ནང་པའི་ཚོང་པ་རྣམས་ས་ཆ་འདྲ་མིན་དུ་ཕྱིན་ཏེ་དེར་གཞིས་ཆགས་ཏེ། ཨིན་ཌོ་ནི་ཤི་ཡ་དང་མཱ་ལེ་ཤི་ཡའི་ནང་ཁ་ཆེའི་ཆོས་ལུགས་དར་སྤེལ་བྱུང་བ་ལྟར་ས་གནས་ཀྱི་མི་རིགས་ཁག་ཅིག་རང་བཞིན་གྱིས་ཕྱི་རྒྱལ་གྱི་ཆོས་ལ་དོ་དབྱིངས་ཤུགས་ཆེར་འཕེལ་བས་ནང་ཆོས་ཀྱང་དེ་བཞིན་དར་སྤེལ་བྱུང་། དེ་ལྟའི་བརྒྱུད་རིམ་ནི་ཡི་ཤུ་མ་ཤི་ཀའི་དུས་རབས་ཀྱི་སྔོན་རྗེས་དུས་རབས་གཉིས་ཀྱི་སྐབས་སུ་ནང་ཆོས་དང་མཉམ་དུ་དབུས་ཨེ་ཤི་ཡའི་ནང་དར་གོས་ལམ་ (Silk Route) ༼ ཨེ་ཤི་ཡ་དང་ཡུ་རོབ་བར་ཚོང་འོར་འདྲེན་བྱེད་སའི་ལམ་བརྒྱུད ༽ ་ཨོ་ཡེ་སི་སེ་མངའ་ཁུལ་(oasis state) ༼ བྱེ་ཐང་དཀྱིལ་གྱི་ས་ཆ་གཤིན་པོ་ ༽ཁག་ཏུ་བྱུང་། ས་གནས་དཔོན་པོ་དང་མི་སེར་རྣམས་ཀྱིས་དེ་ལྟའི་རྒྱ་གར་ཆོས་ལུགས་མང་པོ་སྦྱངས་ཏེ། ཁོང་ཚོས་སློབ་སྟོན་པའམ་དགེ་རྒན་དུ་ཚོང་པའི་ཕ་ཡུལ་ཁག་ནས་དགེ་འདུན་པ་གདན་དྲངས། དེ་ལྟར་མཐར་ནང་ཆོས་ལ་དད་པ་ཚུགས། དེ་མིན་གཞན་ལ་མ་བརྟེན་པའི་ཐབས་ལམ་ཞིག་ནི་མི་རིགས་དབང་སྒྱུར་བྱས་ཏེ་ག་ལེར་རིག་གཞུང་མཉམ་བསྲེ་བྱེད་པ་བརྒྱུད་བྱུང་ཡོད། དཔེར་ན། སྤྱི་ལོའི་དུས་རབས་གཉིས་པའི་མཇུག་གི་ལོ་རབས་ནང་ད་ལྟ་པ་ཀི་སི་ཐན་ཞེས་པའི་ཡུལ་གྱི་དབུས་སུ་གྷི་རི་སི་(Greece)ནས་ནང་པའི་སྤྱི་ཚོགས་སུ་གྱུར་བའི་གྷན་དྷ་ར་ལྟ་བུ།

གང་ལྟར་ཡང་རྒྱུན་དུ་ནང་ཆོས་དར་ཁྱབ་བྱུང་བ་ནི་རྩ་བའི་ཆ་ནས་སྟོབས་ཤུགས་ཆེ་བའི་རྒྱལ་པོ་རང་ཉིད་ནས་ནང་ཆོས་རང་ལུགས་སུ་བསྟེན་པ་དང་དེ་ལ་རྒྱབ་སྐྱོར་བྱས་པའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་། དཔེར་ན། སྤྱི་ལོའི་དུས་རབས་གསུམ་པའི་དུས་དཀྱིལ་དུ། ཆོས་རྒྱལ་མྱ་ངན་མེད་སྐུ་ཉིད་ཀྱིས་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་རྒྱ་གར་གྱི་བྱང་ཕྱོགས་ཡོངས་ལ་ནང་ཆོས་དར་ཁྱབ་བྱུང་། རླབས་ཆེན་གྱི་རྒྱལ་པོ་ཁོང་གིས་རང་གི་ཆབ་འབངས་མི་སེར་ལ་ནང་ཆོས་ལ་དད་པ་བྱེད་དགོས་ཞེས་བཙན་ཤེད་གནང་མེད། འོན་ཀྱང་རང་གི་རྒྱལ་ཁམས་ཡོངས་སུ་ལྕགས་ཀྱི་ཀ་བའི་སྟེང་བཀའ་རྩ་རྐོས་བརྒྱབ་ཏེ་མི་མང་ལ་བཟང་སྤྱོད་དང་ལྡན་པའི་མི་ཚེ་སྐྱེལ་དགོས་པའི་བསླབ་བྱ་གནང་བ་དང་རང་ངོས་ནས་ཀྱང་ཉམས་ལེན་གནང་བར་བརྟེན། མི་རྣམས་ཀྱི་སེམས་ནང་སངས་རྒྱས་ཀྱི་གསུང་རབ་ལ་དད་པ་སྐྱེ་བར་བློ་སྟོབས་རབ་ཏུ་འཕེལ།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ད་དུང་ཐག་རིང་དུ་ཆོས་ལུགས་སྤེལ་མི་མངགས་ཏེ་རང་གི་རྒྱལ་ཁམས་ཀྱི་ཕྱི་རོལ་ཏུ་ཆོས་ལུགས་བརྗེ་སྒྱུར་གྱི་ལས་ལ་ཧུར་ཐག་གནང་། སྐབས་རེ་ཁོང་གིས་ཤྲི་ལངྒ་ནས་རྒྱལ་པོ་ཊི་ཤྱ་(Tishya)སོགས་ཕྱི་རྒྱལ་གྱི་ས་སྐྱོང་ནས་གདན་འདྲེན་ཞུས་ཏེ་བསྟན་པའི་བྱ་བ་མཛད། ཕྱོགས་གཞན་ཞིག་ནས་ཁོང་སྐུ་སྒེར་ངོས་ནས་དགེ་འདུན་པ་སྐུ་ཚབ་ཏུ་བཏང་། འོན་ཀྱང་མངགས་མི་དགེ་འདུན་དེ་དག་གིས་བཙན་ཤེད་ཀྱི་མི་རྣམས་ལ་ཆོས་ལུགས་སྒྱུར་བཅུག་མེད། འོན་ཀྱང་སངས་རྒྱས་ཀྱི་ཆོས་འབའ་ཞིག་དར་ཁྱབ་མཛད་དེ། མི་རྣམས་ལ་གདམ་ཀ་བྱེད་དུ་བཅུག རྒྱ་གར་ལྷོ་ཕྱོགས་དང་འབར་མའི་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་ནང་མྱུར་དུ་ནང་ཆོས་རྩ་བ་ཚུགས་པས་དེ་ལྟའི་དོན་དངོས་ཀྱི་དཔང་རྟགས་བྱེད་ཐུབ། ཆབས་ཅིག་དབུས་ཨེ་ཤི་ཡའི་ནང་གྷི་རི་སིའི་མི་སེར་སྤེལ་ཡུལ་ལ་སོགས་པའི་ས་ཁུལ་གཞན་ནང་དེ་མ་ཐག་ཤུགས་རྐྱེན་བྱུང་ཡོད་པའི་ཟིན་ཐོ་མེད།

དཔེར་ན་དུས་རབས་བཅུ་དྲུག་པའི་ནང་སོག་པོའི་རྒྱལ་པོ་ཨལ་ཐན་ཧན་ལྟ་བུའི་ཆོས་རྒྱལ་གཞན་གྱིས་རང་གི་མངའ་ཁོངས་སུ་ནང་པའི་དགེ་རྒན་གདན་དྲངས་པ་དང་། མི་རིགས་ཆིག་སྒྲིལ་དང་སྒྲིག་ཁྲིམས་སྲ་བརྟན་ཡོང་ཕྱིར་ནང་ཆོས་ནི་ཡུལ་གྱི་གཞུང་འབྲེལ་གྱི་ཆོས་སུ་གཏན་འབེབས་མཛད། བརྒྱུད་རིམ་དེ་གའི་ཁྲོད་ཡུལ་དེ་རང་དུ་བྱུང་བའི་ཕྱི་རོལ་པའི་ཆོས་ལུགས་དང་དེ་དག་ཉམས་ལེན་བྱེད་མཁན་རྣམས་ཐ་ན་སྡུག་སྦྱོང་བཏང་སྟེ་བཀག་སྡོམ་བྱས་ཡོད་ཤས་ཆེ། འོན་ཀྱང་སྡུག་སྦྱོང་དེ་དག་ནི་རྩ་བའི་ཆ་ནས་ཆབ་སྲིད་ཀྱི་ལྟ་བ་སྐུལ་སློང་བྱས་ཡོད། དེ་ལྟ་བུའི་འདུན་པ་ཆེ་བའི་རྒྱལ་པོ་དེ་དག་གིས་རང་གི་ཆབ་འབངས་མི་སེར་རྣམས་ཀྱིས་ནང་ཆོས་ལ་དད་པའམ་ཉམས་ལེན་བྱེད་དགོས་ཞེས་བཙན་ཤེད་རྩ་བ་ནས་གནང་མེད། དེ་ནི་ཆོས་ལུགས་ཀྱི་ཆ་ཤས་མ་ཡིན།

གལ་སྲིད་སངས་རྒྱས་ཤྭཀྱ་ཐུབ་པས་རང་གིས་གསུངས་པའི་ཆོས་ལ་མི་རྣམས་ཀྱིས་རྨོངས་པའི་ངང་ནས་མི་འཇུག་པར། ཁས་ལེན་མ་བྱས་སྔོན་དང་པོ་དོ་ནན་པོས་བརྟག་དཔྱད་བྱེད་དགོས་ཞེས་མ་གསུངས་ན། འཁུར་ཞེན་ཆེ་བའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ནམ་རྒྱལ་པོའི་བཀའ་རྩའི་བཙན་ཤེད་འོག་མི་ཉུང་ཤས་ཅིག་གིས་སངས་རྒྱས་ཀྱི་ཆོས་ཁས་ལེན་ཇི་ལྟར་བྱ་དགོས་ཀྱི་ཡོད། དེར་བརྟེན་དཔེར་ན་ཆ་བཞག་ན། དུས་རབས་བཅུ་བདུན་པའི་འགོ་སྟོད་དུ་ནེའི་ཇི་ཏོ་ཡིན་(Neiji Toin) གྱིས་ཤར་སོག་པོའི་འབྲོག་པ་ཚོས་ནང་ཆོས་ཉམས་ལེན་བྱེད་འཇུག་ཕྱིར་ཁོང་ཚོས་ཚིག་བཅད་ཤོ་ལོ་ཀ་རེ་བློ་འཛིན་བྱས་པར་སྒོ་ཕྱུགས་སེམས་ཅན་སྤྲད་དེ་ལྐོག་རྔན་སྤྲོད་ཐབས་བྱེད་ཀྱི་ཡོད། དེར་བརྟེན་མི་རྣམས་ཀྱིས་གོ་གནས་མཐོ་ཤོས་ཀྱི་དབང་འཛིན་པར་ཞུ་གཏུགས་བྱས། མཐར་གཉའ་གནོན་གཏོང་ཆེ་དྲགས་པའི་དགེ་རྒན་དེར་ཉེས་ཆད་བཀལ་ཏེ་རྒྱང་འབུད་བཏང་།