བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

ནང་ཆོས་ཆོས་ལུགས་གཙོ་བོའི་རྣམ་བཞག།

ཨེ་ལེག་ཛན་ཌར། བྷར་ཛིན།
ཨི་ཇིབ། ཁའེ་རོ། ཕྱི་ལོ་ ༡༩༩༥ ཟླ་ ༡༡ །
ཐོག་མར་
Berzin, Alexander. Buddhism and Its Impact on Asia.
Asian Monographs, no. 8.
Cairo: Cairo University, Center for Asian Studies, June 1996
ཞེས་པའི་ཆ་ཤས་སུ་པར་འགྲེམས་ཞུས།

ང་ཚོས་དེང་སྐབས་དར་ཁྱབ་ཆེ་བའི་ནང་བསྟན་ཆོས་བརྒྱུད་ཆེ་ཁག་རྣམས་ཀྱི་མཚོན་དོན་གནས་བརྟན་སྨྲ་བ་དང་ བོད་དང་རྒྱ་ནག་བཅས་སུ་དར་བའི་ནང་པའི་ཆོ་ལུགས་རྣམས་ཀྱི་ཁྱད་ཆོསམི་འདྲ་བ་འགའ་ཞིག་གི་ཐོག་ལ་བལྟས་ན།

གནས་བརྟན་སྨྲ་བ་།

གནས་བརྟན་སྨྲ་བས་དྲན་པ་ཉེར་བཞག་ཀྱི་ཉམས་ལེན་ཐོག་ལ་ནན་ཏན་བྱེད་ཅིང་། དེའང་དབུགས་གཏོང་ལེན་དང་། སྡོད་པའི་སྐབས་གཟུགས་པོའི་ནང་གི་མྱོང་ཚོར། གོམ་པ་ཧ་ཅང་དལ་པོ་བརྒྱབ་ནས་འགྲོ་བའི་ཚེ་གཡོ་འགུལ་དང་སྐུལ་སློང་བཅས་ཀྱི་ཐོག་ལ་བློ་བསྒྲིམས་ནས་བྱེད་ཀྱི་ཡོད། གཡོ་འགུལ་དེ་དག་གི་ཐོག་ལ་དྲན་པ་ཉེར་བཞག་བསྒོམས་པ་དང་མཉམ་དུ། མྱོང་སྟོབས་ཀྱིས་མི་རྟག་པ་རྟོགས་པའི་ཤེས་རབ་མངོན་དུ་འགྱུར། དེ་ལྟ་བུའི་ཤེས་རབ་དེ་མྱོང་བ་ཐམས་ཅད་ལ་དཔྱད་ཞིབ་བྱེད་པར་བེད་སྤྱོད་བཏང་ན། སུ་གཅིག་ལའང་ལྟོས་པ་མེད་པར་རང་དབང་དུ་གནས་ཤིང་འགྱུར་བ་མེད་པའི་རྟག་པའི་བདག་མེད་པ་རྟོགས་ཐུབ། ཐམས་ཅད་སྐད་ཅིག་མ་ཡིན། དེ་ལྟར་རང་གཅེས་འཛིན་དང་དེས་དྲངས་པའི་སྡུག་བསྔལ་ལས་ཐར་བར་བྱེད་པའི་གནས་ལུགས་རྟོགས་པའི་ཤེས་རབ་སྐྱེད་པར་བྱེད། གནས་བརྟན་སྨྲ་བས་ད་དུང་བྱམས་པ་དང་སྙིང་རྗེའི་ཐོག་ལ་སྒོམ་རྒྱག་སྟངས་སློབ་ཀྱི་ཡོད། འོན་ཀྱང་འདས་པའི་ལོ་ངོ་བཅུ་ཕྲག་དེ་ཉིད་ཀྱི་རིང་ཐའི་ལན་ཌིའི་ནང་འགོ་བཙུགས་ཏེ། ལམ་དུ་ཞུགས་པའི་ནང་ཆོས་ (Engaged Buddhism) ཞེས་པར་འགྱུར་བ་ཕྱིན་ཡོད། ལམ་དུ་ཞུགས་པའི་ནང་ཆོས་ཀྱི་ལས་གཞིའི་ཁྲོད་སྤྱི་ཚོགས་དང་ཁོར་ཡུག་ཐད་རོགས་རམ་བྱ་རྒྱུ་དེ་ཡིན། དེར་མ་ཟད་གནས་བརྟན་སྨྲ་བའི་དགེ་འདུན་པ་རྣམས་ཀྱིས་ནང་པའི་གསུང་རབ་སློབ་སྦྱོང་བྱེད་པ་དང་ངག་ནས་འདོན་ཞིང་། ཁྱིམ་པ་རྣམས་ཀྱི་ཆེད་ཆོ་ག་ཕྱག་ལེན་ཀྱང་གནང་གི་ཡོད། དགེ་འདུན་པ་རྣམས་ཀྱིས་ཉིན་ལྟར་ངག་གདམས་ནས་ལྷུང་གཟེད་བསྣམས་ཏེ་བསོད་སྙོམས་ལ་ཕེབས་པ་དང་། ཁྱིམ་པ་ཚོས་ཁོང་རྣམས་ལ་ཞལ་ལག་ཕུལ་ནས་སྦྱིན་པའི་ཉམས་ལེན་བྱེད་ཀྱི་ཡོད།

ཤར་ཨེ་ཤི་ཡའི་ཐེག་ཆེན།

རྒྱ་ནག་ནས་དར་བའི་ཐེག་ཆེན་གྱི་ཆོས་རྒྱུད་ལ་སྡེ་ཚན་གཙོ་བོ་གཉིས་ལས། དག་ཞིང་(pure land)དང་ཉི་ཧོང་ནང་ལ་ཛེན་(Zen)ཞེས་པའི་ཆོས་རྒྱུད་གཉིས་ཡིན། དག་ཞིང་དུ་སྐྱེ་བར་འདོད་པའི་ཆོས་ལུགས་དེས། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མཐུན་རྐྱེན་ཚང་བའི་ལྷ་ཡུལ་གྱི་རིགས་ཤིག་སྟེ་དག་ཞིང་སྐྱེ་བའི་ཐབས་སུ། སངས་རྒྱས་འོད་དཔག་མེད་ཀྱི་མཚན་ངག་ནས་འདོན་པར་གཙོ་འདོན་བྱེད་ཀྱི་ཡོད། ཛེན་ཆོས་ལུགས་ཀྱིས་སེམས་རྣམ་རྟོག་ལས་ཞི་བའི་ཕྱིར་དམ་བསྒྲགས་ཆེན་པོས་སྒོམ་ལ་གཞོལ་བ་དང་། དེ་ལས་སེམས་ཀྱི་རང་བཞིན་སྙིང་རྗེ་ཆེ་ཅན་ཞིག་དང་ཤེས་རབ་རྒྱུད་ལ་མངའ་ཞིང་འོད་འཕྲོ་བར་བྱེད། ཆོས་ལུགས་དེ་གཉིས་ཀའི་ནང་བཙུན་པ་དང་བཙུན་མ་རྣམས་ཀྱིས་ཀོང་ཙེ་(Confucius)གྱི་རིག་གཞུང་ཉར་ཚགས་བྱས་ཏེ་གསུང་རབ་ངག་ནས་འདོན་ཅིང་། ཁྱིམ་པའི་སྤྱི་ཚོགས་ཁྲོད་དམིགས་བསལ་འདས་པོ་རྣམས་ཀྱི་ཆེད་ཆོ་ག་ཕྱག་ལེན་གནང་གི་ཡོད།

བོད་རྒྱུད་ཐེག་ཆེན།

བོད་རྒྱུད་ནང་པའི་ཐེག་ཆེན་གྱི་ཆོས་ལུགས་འདི་བཞིན་དབུས་ཨེ་ཤི་ཡའི་མགོ་ནས་མཇུག་བར་ཁྱབ་པ་དང་། སྒོམ་སྦྱོང་ནན་པོ་གནང་བ་དང་སྦྲགས་བློ་རིག་དང་རྟགས་རིག་ལ་སློབ་གཉེར་བྱས་པ་བརྒྱུད་དམིགས་བསལ་སེམས་ཀྱི་རང་བཞིན་དང་མྱོང་ཚོར་ཐོག་སློབ་སྦྱོང་གནང་གི་ཡོད། དེ་ནི་དྲན་ཤེས་ཀྱི་ནུས་པ་དང་ལུས་ཀྱི་ནུས་པ་ཕྲ་མོ་རྣམས་བེད་སྤྱོད་བྱས་ཏེ་རང་ཉིད་སངས་རྒྱས་ཀྱི་སྐུར་འགྱུར་ཐབས་བྱེད་པ་སྟེ། གསང་སྔགས་ཀྱི་ཆོས་ཉམས་ལེན་དང་མཉམ་དུ་སྡེབ་ནས་བྱེད་ཀྱི་ཡོད། དེའང་སྟོང་པ་ཉིད་དང་སྙིང་རྗེའི་ཐོག་སེམས་རྩེ་གཅིག་ཏུ་འབུངས་ཏེ་བྱེད་པ་དང་། དེའི་སྟེང་ནས་རང་ཉིད་སངས་རྒྱས་བྱེ་བྲག་ཅིག་གི་རྣམ་པར་གྱུར་སོང་སྙམ་པའི་མོས་པ་བྱེད་ཀྱི་ཡོད། མ་གཞི་རྣམ་པ་དེ་འདྲ་ལ་སྐབས་རེ་ཡི་དམ་ཞེས་འབོད་ཀྱི་ཡོད་ཅིང་། གོ་དོན་ནམ་བྱེད་ལས་ཀྱི་ཆ་ནས་དཀོན་མཆོག་དང་འདྲ་གི་མེད། ནང་ཆོས་ནི་ལྷ་མང་བསྟེན་པའི་གྲུབ་མཐའ་སྨྲ་བ་ཞིག་རྩ་བ་ནས་མིན། སངས་རྒྱས་ཀྱི་སྐུ་རེ་རེས་སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་བྱ་ཚུལ་མི་འདྲ་བ་རེ་མཚོན། དཔེར་ན། ཤེས་རབ་བམ་སྙིང་རྗེ་ལྟ་བུ། རང་ཉིད་སྐུ་གང་ཞིག་གི་རྣམ་པར་དམིགས་རྣམ་དུ་བྱེད་པ་དང་། འབྲེལ་ཡོད་གཟུངས་སྔགས་འདོན་པས་ཉོན་མོངས་པས་སྦགས་པ་དང་མི་དགེ་བའི་རང་ལྟ་ལས་རྒྱལ་བ་དང་། སྐུ་དེའི་ཆ་ཤས་སུ་འགྱུར་ཡོན་ཏན་རྣམས་གོང་འཕེལ་དུ་འགྲོ་བར་རོགས་རམ་བྱེད། དེ་ལྟའི་ཉམས་ལེན་ནི་ཚད་ཧ་ཅང་མཐོ་བས་ཚད་ལྡན་གྱི་དགེ་བའི་བཤེས་གཉེན་ཞིག་གི་ལམ་སྟོན་དགོས།

བོད་རྒྱུད་ནང་བསྟན་ཁྲོད་ད་དུང་ཞལ་འདོན་དང་ཆོ་གའི་བྱེད་སྒོ་ཧ་ཅང་མང་པོ་ཡོད་ཅིང་། རྒྱུན་དུ་དེ་དག་མི་དགེ་བའི་ཤུགས་དང་ལྷ་འདྲེའི་གེགས་བར་སེལ་བྱེད་ཡིན། དེ་ལྟའི་ཆོ་ག་ཁག་སྒྲུབ་པའི་སྐབས། དཀའ་ཚེགས་ལས་རྣམ་པར་རྒྱལ་ཕྱིར་ནུས་པ་དང་གདེང་ཚོད་འཐོབ་པར། སྒོམ་གྱི་མཐུན་རྐྱེན་དུ་རང་ཉིད་ཧ་ཅང་དྲག་ཤུལ་ལྡན་པ་དང་ཁྲོ་བོའི་རྣམ་པ་ཅན་གྱི་དམིགས་རྣམ་དུ་བྱེད་པ་དང་། དེ་བཞིན་བརྩེ་བ་དང་སྙིང་རྗེ་རྒྱུད་སྦྱོང་ཆེད་སྒོམ་གྱི་ཐུན་མོང་མ་ཡིན་པའི་ཐབས་ཚུལ་ཐོག་ལ་ཟབ་ནན་ཆེན་པོ་བྱེད་ཀྱི་ཡོད།