བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། > ཆོས་ལུགས་འཆམ་མཐུན་དང་། སྙིང་རྗེ། ཁ་ཆེའི་ཆོས་ལུགས།

ཆོས་ལུགས་འཆམ་མཐུན་དང་། སྙིང་རྗེ། ཁ་ཆེའི་ཆོས་ལུགས།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
ཨི་ཊི་ལི། མི་ལཱན། ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༩ ཉིན།
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་ཕབ་སྒྱུར་དང་ཕྱོགས་སྒྲིག་རོབ་ཙམ་ཞུས།

ངོས་ནས་ཆོས་ལུགས་འཆམ་མཐུན་དང་འབྲེལ་བའི་སྐད་ཆ་ཚིག་ཁ་ཤས་ཤོད་རྒྱུ་ཡིན། སྐབས་རེ་ཆོས་ལུགས་ཀྱི་དད་མོས་ཐོག་འཁྲུག་འཛིང་ཡོང་གི་འདུག དཔེར་ན། དེ་སྔོན་བྱང་ཨཻར་ལན་ཌི་ (Northern Ireland) ནང་གི་འཁྲུག་འཛིང་དེ་སྲིད་དོན་གྱི་གནད་དོན་གཞི་རྩར་བྱས་པ་ཞིག་ཡིན་ནའང་། དེ་མྱུར་དུ་ཆོས་ལུགས་ཀྱི་གནད་དོན་ཞིག་ཏུ་གྱུར་བ་རེད། དེ་ནི་ཧ་ཅང་གི་ཐབས་རྡུགས་པོ་ཞིག་རེད། དེ་རིང་ཁ་སང་ཁ་ཆེའི་ནང་ལ་ཤི་འ་ (Shia) དང་སུ་ནིའི་ (Sunni) བའི་རྗེས་འཇུག་པ་རྣམས་ཀྱིས་ཀྱང་སྐབས་རེ་ཕན་ཚུན་འཛིང་རེས་གཏོང་གི་ཡོད། དེ་ཡང་ཤིན་ཏུ་ཐབས་རྡུག་ཅིག་རེད། ཤྲཱི་ལངྐའི་ (Shri Lanka) ནང་དུའང་། འཁྲུག་འཛིང་གི་གནད་དོན་ནང་སྲིད་དོན་ཡོད་ནའང། འོན་ཀྱང་གནད་དོན་ཁ་ཤས་ཀྱི་ཐད་ཧིན་དྷུ་དང་ནང་པའི་དབར་གྱི་འཁྲུག་འཛིང་ཞིག་ཡིན་པའི་མཐོང་སྣང་ཡོང་གི་ཡོད། དེ་ཞེད་སྣང་ཆེན་པོ་རེད་འདུག གནའ་སྔ་མོའི་དུས་སུ་ཆོས་ལུགས་འདྲ་མིན་གྱི་རྗེས་འཇུག་རྣམས་ཕལ་ཆེ་བ་ཕན་ཚུན་སོ་སོར་གནས་ཡོད། འོན་ཀྱང་དེང་གི་འཆར་མི་དེ་དག་འདྲིས་གཏུགས་ཉེ་བར་བརྟེན་ང་ཚོས་ཆོས་ལུགས་འཆམ་མཐུན་གོང་སྤེལ་གཏོང་བའི་དམིགས་བསལ་འབད་རྩོལ་བསྟེན་དགོས།

ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་ལོ་འཁོར་དུས་དྲན་ཐེངས་དང་པོའི་རྗེས་དྲན་སྨོན་ལམ་མཛད་སྒོ་དེ་བཞིན་ཝ་ཤིང་ཊོན་ཡེ་ཤུའི་ལྷ་ཁང་ཆེན་མོར་ (Washington National Cathedral) ཚོགས་པ་རེད། ངོས་རང་མཉམ་འཛོམས་དེའི་ནང་ཡོད། ངོས་ཀྱི་གཏམ་བཤད་ནང་དུ། སྟབས་ཉེས་པ་ཞིག་ལ་གང་ཟག་འགའ་ཞིག་གིས་ཁ་ཆེའི་མི་རིགས་རེ་འགའི་སྤྱོད་ངན་རྒྱུ་མཚན་དུ་བྱས་ནས་ཁ་ཆེའི་མི་རིགས་ཡོངས་རྫོགས་དྲག་སྤྱོད་པའི་མཐོང་སྣང་བསྐྲུན་པ་དང་། དེ་ནས་ཁོང་ཚོས་ནུབ་ཕྱོགས་དང་ཁ་ཆེ་གཉིས་ཀྱི་དབར་གནས་བཟོད་མི་བདེ་བའི་འཐབ་རྩོད་ཀྱི་སྐད་ཆ་ཤོད་ཀྱི་འདུག དེ་ནི་བདེན་པ་རྩ་བ་ནས་མ་རེད་ཅེས་བརྗོད་པ་ཡིན།

གང་ཟག་སྤྱོད་ངན་འགའ་རེ་རྒྱུ་མཚན་དུ་བྱས་ནས་ཆོས་ལུགས་དེ་ཁྱོན་ཡོངས་ནས་སྡུག་ཅག་ཡིན་པའི་གཟུགས་སུ་འགོད་པ་ནི་ཡོངས་སུ་ནོར་བ་ཞིག་རེད། ཁ་ཆེའི་ཆོས་ལུགས་དང་། འཇེའུ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཧིན་དྷུའི་ཆོས་ལུགས། དེ་བཞིན་ནང་པ་བཅས་ཚང་མ་འདྲ་པོ་ཡོད་པ་ནི་དངོས་བདེན་ཡིན། དཔེར་ན། ཤུགས་ལྡན་གྱི་རྗེས་འཇུག་པ་ཁ་ཤས་ཀྱིས་ངོས་རང་སྡོད་སའི་ཉེ་འགྲམ་དུ་མི་གསུམ་བསད་པ་རེད། དེའི་ནང་ནས་གཅིག་ནི་སློབ་དཔོན་ཡག་པོ་ཞིག་ཡིན་པ་དང་ཤུགས་ལྡན་ལ་དགག་པ་རྒྱག་མཁན་ཞིག་ཡིན་པ་དང་ཁོང་ལ་གྲི་བཙུགས་པའི་རྨ་ཤུལ་བཅུ་དྲུག་ཡོད་པ་རེད། གཞན་གཉིས་ནི་ཁོང་གི་སློབ་མ་ཡིན། མི་གསོད་ལག་དམར་བ་དེ་ཚོ་ནི་དངོས་གནས་གདུག་རྩུབ་ཅན་རང་རེད། འོན་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་བོད་རིགས་ནང་པ་ཡོངས་རྫོགས་དྲག་སྤྱོད་པ་རེད་ཅེས་བཤད་པ་ཡིན་ན་དེ་ལ་སུ་གང་གིས་ཀྱང་ཡིད་ཆེས་བྱེད་དོག་ཁ་པོ་མ་རེད། སྟོན་པ་བཅོམ་ལྡན་འདས་ཉིད་བཞུགས་པའི་དུས་སུའང་། ད་དུང་གང་ཟག་སྤྱོད་པ་ངན་པོ་འགའ་རེ་ཡོད་པ་རེད། དམིགས་བསལ་ཅན་གང་ཡང་མ་ཡིན།

ངོས་རང་ཁ་ཆེའི་ཆོས་ལུགས་ཀྱི་ཕྱི་རོལ་དུ་ཡོད་པའི་ནང་པ་ཞིག་ཡིན་ནའང་། ཕྱི་ཟླ་ ༩ པའི་ཚེས་ ༡༡ ཉིན་ནས་བཟུང་གང་ལྟར་ཡང་ངོས་ནས་དང་བླངས་ཀྱི་ཐོག་ནས་ཁ་ཆེའི་ཆོས་ལུགས་སྲུང་སྐྱོབ་ཀྱི་འབད་རྩོལ་བསྟེན་དང་སྟེན་མུས་སུ་མཆིས། ངོས་ཀྱི་ཆོས་གྲོགས་ཁ་ཆེ་བ་སྐྱེས་པ་གཙོ་བོར་འགྱུར་པའི་བུད་མེད་འགའ་རེས་ངོས་རང་ལ་གལ་སྲིད་སུས་མི་གསོད་ཀྱི་དྲག་སྤྱོད་སྤེལ་བ་ཡིན་ནའང་དེ་ནི་ཁ་ཆེ་མ་རེད་ཅེས་འགྲེལ་བརྗོད་བྱས་བྱུང། རྒྱུ་མཚན་ནི། ཁ་ཆེ་རྣམ་དག་སྟེ། ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་རྣམ་དག་ཅིག་ཡིན་ཚེ་ངེས་པར་དུ་ཕོ་མོ་སུ་རུང་གིས་ཨལ་ལཱ་ ༼ཁ་ཆེའི་འཇིག་རྟེན་བཀོད་པ་པོ།༽ ལ་བརྩེ་བ་ཡོད་པ་བཞིན་དུ་ཁོང་གིས་བསྐྲུན་པའི་ལུས་ཅན་ཚང་མར་དེ་ལྟ་བུའི་བརྩེ་སེམས་བཅང་དགོས། ལུས་ཅན་ཡོངས་རྫོགས་ཨལ་ལཱ་ཡིས་བྱས་པ་ཡིན་པས། གལ་ཏེ་བྱེད་པོ་ཨལ་ལཱ་ལ་བརྩི་བཀུར་བྱེད་པ་བཞིན་དུ་དེས་བྱས་པའི་ལུས་ཅན་ལ་ངེས་པར་དུ་བརྩེ་སེམས་བཅང་དགོས་སོ།

ངོས་ཀྱི་གྲོགས་པོ་གསར་འགོད་པ་ཞིག་གིས་ཏེ་ཧེ་རན་ (Tehran) ནང་ལུང་པ་དེའི་ཁ་ཆེའི་བླ་མ་ཆེ་ཤོས་ཁཱོ་མའེ་ནི་ (Ayatollah Khomeini) སྐབས་སུ་དུས་ཚོད་གང་ཙམ་བསྡད་མྱོང་བ་རེད། ཕྱིས་སུ་ཁོས་ང་ལ་དེར་ཡོད་པའི་ཁ་ཆེའི་བླ་ཆེན་ཚོས་ཁྱིམ་ཚང་ཕྱུག་པོ་རྣམས་ལས་དངུལ་སྡུད་ནས་དཔལ་འབྱོར་ཞན་པ་དག་ལ་བགོ་འགྲེམས་ཀྱིས་ཤེས་ཡོན་དང་དབུལ་འཕོང་ལ་རོགས་སྐྱོར་ཇི་ལྟར་བྱས་བཞིན་པའི་ཚུལ་རྣམས་བརྗོད་བྱུང། དེ་ནི་དངོས་གནས་སྤྱི་ཚོགས་རིང་ལུགས་པའི་བྱེད་སྟངས་རེད། ཁ་ཆེའི་རྒྱལ་ཁབ་ཚོའི་ནང་དངུལ་ཁང་གི་སྐྱེད་ཀར་བཀག་སྡོམ་བྱེད་ཀྱི་ཡོད། དེར་བརྟེན། གལ་སྲིད་ཁ་ཆེའི་ཆོས་ལུགས་ལ་གོ་རྟོགས་དང་དེའི་རྗེས་འཇུག་པ་ཚོས་ལྷག་བསམ་རྣམ་དག་གིས་དེ་ལག་ལེན་ཇི་ལྟར་བསྟར་ཚུལ་མིག་མཐོང་བྱུང་ཚེ། ཆོས་ལུགས་གཞན་དང་འདྲ་བར་དེ་ནི་དངོས་བདེན་དུ་ངོ་མཚར་ཅན་ཞིག་རེད། སྤྱིར་བཏང་ཆ་ནས་གལ་སྲིད་ང་ཚོས་ཆོས་ལུགས་གཞན་ལ་ཤེས་རྟོགས་བྱུང་བ་ཡིན་ན། ང་ཚོས་ཕན་ཚུན་གུས་བརྩི་དང། ཡིད་སྨོན། ལེགས་བཅོས་བཅས་གོང་སྤེལ་གཏོང་ཐུབ། དེ་འདྲ་སོང་ཙང། ང་ཚོས་ཆོས་ལུགས་ནང་ཕན་ཚུན་དབར་གྱི་གོ་རྟོགས་གོང་སྤེལ་གཏོང་རྒྱུར་འབད་རྩོལ་རྒྱུན་ཆགས་སུ་བསྟེན་དགོས།

ཉེ་འཆར་རང་ལི་སི་བྷོན་ (Lisbon) ནང་དུ་ངོས་ནས་ཁ་ཆེའི་ཚོགས་ཁང་ཞིག་ཏུ་ཆོས་ལུགས་ནང་ཕན་ཚུན་གྱི་ཚོགས་འདུར་བཅར་བ་ཡིན། དེ་ནི་ཁ་ཆེའི་ཚོགས་ཁང་ཞིག་གི་ནང་དུ་ཆོས་ལུགས་ནང་ཕན་ཚུན་གྱི་ཚོགས་འདུ་ཚོགས་པ་ཐེངས་དང་པོ་ཆགས་ཡོད། དེ་རྗེས་ང་ཚོ་ཆོས་ལུགས་མི་སྣ་རྣམས་དེ་གའི་ཚོགས་ཁང་ཞིག་ནང་མཉམ་དུ་ངག་བཅད་སྒོམ་རྒྱབ་པ་ཡིན། དེ་ནི་དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་རེད། དེ་འདྲ་སོང་ཙང་། ཆོས་ལུགས་ནང་ཕན་ཚུན་ཞི་མཐུན་ཡོང་རྒྱུར་འབད་རྩོལ་བསྟེན་དགོས།

ཁ་ཤས་ཀྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་པ་དང་ཡང་ཁ་ཤས་ཀྱིས་ཁས་ལེན་གྱི་མེད། དེ་གལ་ཆེན་པོ་མ་རེད། གལ་ཆེན་པོ་གང་རེད་ཟེར་ན། རྒྱུ་འབྲས་ཀྱི་རྣམ་གཞག་དེ་རེད། དེ་ཆོས་ལུགས་ཚང་མའི་ནང་གཅིག་མཚུངས་ཏེ། སྲོག་གཅོད་པ་དང། མ་འབྱིན་པ་ལེན་པ། ལོག་གཡེམ། རྫུན་སྨྲ་བ་བཅས་བྱ་མི་ཉན། ཆོས་ལུགས་འདྲ་མིན་གྱིས་ཐབས་ལམ་མི་འདྲ་བ་ལག་བསྟར་བྱེད་སྲིད་ནའང། དེ་དག་ཚང་མར་དམིགས་ཡུལ་གཅིག་མཚུངས་སུ་ཡོད་པ་རེད། རྒྱུ་རྐྱེན་ལ་མ་བལྟས་པར་འབྲས་བུར་ལྟོས་དང། ཁྱེད་རང་གིས་ཟ་ཁང་ཞིག་ལ་འགྲོ་བའི་སྐབས་ཁ་ལག་དེའི་རྫས་ཆ་གང་དང་གང་ལས་བྱུང་མིན་ཐོག་རྩོད་པ་མ་བྱེད་པར་ཁ་ལག་ཚང་མའི་རོ་བཅུད་སྣ་ཚོགས་ལ་ལོངས་སུ་སྤྱོད་དགོས། ཁ་ལག་བཟས་ནས་དེའི་རོ་བཅུད་ལ་ལོངས་སྤྱོད་བྱེད་པ་དེ་ནི་ལེགས་པ་ཡིན། །

བྱས་ཙང་ཆོས་ལུགས་འདྲ་མིན་ཚང་མས་སོ་སོའི་གྲུབ་མཐའ་བཟང་ངན་གྱི་ཐོག་རྩོད་གླེང་མ་བྱས་པར། ཆོས་ལུགས་དེ་དག་ཚང་མས་སོ་སོའི་དམིགས་ཡུལ་དང་བསྒྲུབ་བྱ་ཞིག་ཏུ་སྙིང་རྗེ་བསྟན་གྱི་ཡོད་པ་དང་། དེ་དག་ཡག་པོ་ཡིན་པར་ལྟ་དགོས། གང་ཟག་འདྲ་མིན་གྱི་ཆེད་དུ་ཐབས་ལམ་འདྲ་མིན་སྤྱོད་དགོས་པ་ནི་དངོས་བདེན་ཡིན། ང་ཚོས་ངེས་པར་དུ་དངོས་ཡོད་དང་འཚམ་པའི་ཐབས་ལམ་དང་ལྟ་ཚུལ་ཉམས་སུ་ལེན་དགོས།

ནང་སེམས་ཀྱི་ཞི་བདེ་ནི་སྙིང་རྗེ་དང་འབྲེལ་ཡོད་པ་རེད། ཆོས་ལུགས་ཆེ་ཁག་ཚང་མས་བརྩེ་བ་དང། སྙིང་རྗེ། བཟོད་སྒོམ་གྱི་བསླབ་བྱ་གཅིག་མཚུངས་སྤེལ་གྱི་ཡོད། སྙིང་རྗེ་གོང་སྤེལ་གཏོང་རྒྱུར་ང་ཚོར་ཆོས་ལུགས་དང་མ་འབྲེལ་བའི་ཐབས་ལམ་ཞིག་དགོས་པ་ཡིན། ཆོས་ལུགས་ཡོད་མཁན་དང་དེ་ལ་ལྷག་བསམ་རྣམ་དག་དང་བློ་གཅིག་སེམས་གཅིག་བྱེད་མཁན་རྣམས་ལ་མཚོན་ན། སོ་སོའི་ཆོས་ལུགས་ལ་རང་རྒྱུད་ཀྱི་སྙིང་རྗེ་གོང་སྤེལ་གཏོང་རྒྱུར་ནུས་པ་ཤུགས་ཆེ་ལྡན་ཡོད། ཆོས་དད་མེད་མཁན་ཏེ། ཆོས་ལུགས་བྱེ་བྲག་པ་ཞིག་ལ་དད་མོས་མེད་པའམ། ད་དུང་འགའ་ཞིག་ཆོས་ལ་མི་དགའ་མཁན་ཚོ་ལ་མཚོན་ན། སྐབས་རེ་ཁོང་ཚོར་ཡང་སྙིང་རྗེར་དོ་དབྱིངས་ཡོང་གི་མེད། རྒྱུ་མཚན་ནི་ཁོང་ཚོས་སྙིང་རྗེ་དེ་བཞིན་ཆོས་ལུགས་ཀྱི་གནད་དོན་ཞིག་ཏུ་སེམས་ཀྱི་ཡོད། དེ་ནི་ཡོངས་སུ་ནོར་བ་ཞིག་རེད། གལ་ཏེ་ཁྱེད་རང་ཆོས་ལུགས་ལ་ངན་ཕྱོགས་ནས་བལྟ་འདོད་ན། དེ་ནི་ཁྱེད་རང་གི་འདོད་མོས་རེད། འོན་ཀྱང་སྙིང་རྗེར་ངན་ཕྱོགས་ཀྱི་ལྟ་སྟངས་ཡོད་པ་དེར་རྒྱུ་མཚན་ཅི་ཡང་མེད།

ཐོག་མར་ང་ཚོ་སོ་སོའི་མ་ལས་སྐྱེས་པ་རེད། མི་གཞན་དང་སེམས་ཅན་དུད་འགྲོ་ཚོ་ཡང་མ་ལས་སྐྱེས་པ་དང་ཨ་མའི་བྱམས་སྐྱོང་འོག་འཚོ་གནས་བྱེད་ཀྱི་ཡོད། སྐྱེ་དངོས་འགྲོ་ལུགས་ཀྱི་རྒྱུ་རྐྱེན་ངེས་གཏན་ཞིག་ལ་བརྟེན་ནས་ང་ཚོ་གཅིག་ཏུ་སྒྲིལ་གྱི་ཡོད། དཔེར་ན་ངོས་རང་གི་ཨ་མ་ལགས་ལ་མཚོན་ན་ཁོང་ཧ་ཅང་གི་སེམས་བཟང་པོ་ཡོད། བྱས་ཙང་། དེ་རིང་གི་ངོས་ཀྱི་སྙིང་རྗེའི་ས་བོན་ཐོག་མ་དེ་ཨ་མ་ལགས་ནས་བྱུང་བ་རེད་མ་གཏོགས་ནང་ཆོས་ལས་མ་རེད། ནང་ཆོས་སློབ་སྦྱོང་བྱས་པའི་རྗེས་སུ་དེ་ཡར་རྒྱས་ཕྱིན་པ་རེད། གལ་སྲིད་ངོས་རང་ལ་བྱམས་སེམས་ཅན་གྱི་ཨ་མ་དེ་ལྟ་བུ་ཞིག་མེད་པའམ། ཕ་མ་གཉིས་ཀྱིས་ངོས་ལ་བཀོལ་ཉེས་བཏང་ཚེ་ད་ལྟའི་དུས་ངོས་ནས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ཧ་ཅང་དཀའ་བའི་གནས་སུ་གྱར་ངེས། དེར་བརྟེན་སྙིང་རྗེའི་ས་བོན་ནི་སྐྱེ་དངོས་འགྲོ་ལུགས་ཀྱི་རྒྱུ་རྐྱེན་ཞིག་རེད། ང་ཚོར་འཚོ་གནས་ཀྱི་དོན་དུ་དེ་དགོས་ཀྱི་ཡོད།

བརྩེ་སེམས་ནི་འཚར་ལོངས་ཚད་ལྡན་འོང་བའི་དགོས་ངེས་ཀྱི་རྒྱུ་རྐྱེན་ཞིག་ཡིན་པ་རེད། ཚན་རིག་པ་ཚོས་སྤྲེའུ་ཕྲུག་ལ་ཚོད་ལྟ་བྱས་ཡོད། རང་གི་མ་དང་མཉམ་དུ་ཡོད་པའི་སྤྲེའུ་ཕྲུག་ཚོ་རྟག་ཏུ་རྩེད་མོར་དགའ་བ་དང་སྐབས་རེ་འགའ་ཙམ་ལ་མ་གཏོགས་འཛིང་རེས་བྱེད་ཀྱི་མེད། མ་དང་བྲལ་བའི་སྤྲེའུ་ཕྲུག་ཚོ་ནི་རྒྱུན་དུ་དངངས་འཚབ་ཅན་དང་། མི་སྐྱིད་པ། དེ་བཞིན་འཛིང་རེས་མང་པོ་གཏོང་གི་ཡོད། དེར་བརྟེན་འཚར་ལོངས་ནི་གཞན་གྱི་བྱམས་རྩེ་དང་སྦྲེལ་ཡོད་པ་རེད། འཕྲོད་བསྟེན་ཚན་རིག་པ་ཚོར་གཞིགས་ན། ཁོང་ཚོས་ཤེས་རྟོགས་བྱུང་གསལ་ལ། སྙིང་རྗེ་ཇི་ཙམ་གྱིས་མང་བ་ཉམས་ལེན་བྱས་པ་དེ་ཙམ་གྱིས་སེམས་ངལ་དང་སེམས་སྡུག་ཉུང་བ་དང་། སེམས་ལ་ཞི་བདེ་ཇེ་མང་ཐོབ་པ། དེ་བཞིན་ང་ཚོའི་ཟུངས་ཁྲག་གི་རྒྱུ་བ་ལེགས་པ་དང་ཁྲག་ཤེད་གཅོག་འཕྲི་བྱེད་ཀྱི་ཡོད། གནད་དོན་འགའ་ཞིག་གི་ཐད་ལུས་པོའི་འགོག་སྲུང་མ་ལག་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད། འོན་ཀྱང་རྒྱུན་ཆད་མེད་པའི་ཁོང་ཁྲོ་དང་ཞེ་སྡང་གིས་འགོག་སྲུང་ནུས་པ་ཉམས་ཉེས་གཏོང་གི་ཡོད་པ་རེད། དེར་བརྟེན། སྙིང་རྗེ་དང་བཟོད་སེམས་ནི་འཕྲོད་བསྟེན་དང་ཚེ་རིང་པོར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

ང་ཚོས་སྔོན་འགྲོའི་སློབ་གྲྭ་ནས་མི་རྣམས་ལ་སྙིང་རྗེ་དང་བཟོད་བཞེས་གཉིས་འཕྲོད་བསྟེན་ལྟ་རྟོག་གི་ཆ་ཤས་སུ་སློབ་ཐུབ་པ་ཡིན། དེ་འདྲ་སོང་ཙང། ང་ཚོར་མིའི་རིན་ཐང་གོང་སྤེལ་ཚད་ལྡན་ཞིག་དགོས་ཀྱི་ཡོད། དེ་ཡང་ཆོས་ལུགས་བརྒྱུད་ནས་མ་ཡིན་པར་ཆོས་དང་མ་འབྲེལ་བའི་ཤེས་ཡོན་ཐོག་ནས་དགོས་ཀྱི་ཡོད། དེང་དུས་ཤེས་ཡོན་གྱིས་སེམས་བཟང་པོ་བྱེད་རྒྱུར་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད། དེ་ནི་ཞན་ཆ་ཞིག་རེད། གཙུག་ལག་སློབ་གཉེར་ཁང་ཁ་ཤས་ཀྱིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་སེམས་བཟང་པོའི་གལ་ཆེའི་རང་བཞིན་ངོ་སྤྲོད་ཇི་ལྟར་བྱ་བའི་ཚུལ་ལ་ཉམས་ཞིབ་བྱེད་བཞིན་ཡོད། དེ་ནི་ལེགས་པའི་ཆ་ཞིག་རེད།

ང་ཚོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་གཏོང་རྒྱུར་ཆོས་དང་མ་འབྲེལ་བའི་ཐབས་ལམ་ཞིག་དགོས་པ་ཡིན། ཆོས་དང་མ་འབྲེལ་བའི་དོན་ནི་ཆོས་ལུགས་ཀྱི་ཁ་གཏད་དུ་ལངས་པའམ་དེ་ལ་གུས་བརྩི་མི་བྱེད་པའི་དོན་མིན་པ་རེད། ངོས་ནས་ཆོས་དང་མ་འབྲེལ་བ་ཤོད་པའི་སྐབས་དེ་ནི་རྒྱ་གར་གྱི་རྩ་ཁྲིམས་ནང་དང་འདྲ་པོ་ཡོད། གན་དྷི་མཆོག་ནས་ཆོས་ལུགས་རིས་མེད་ལ་ནན་གསུངས་གནང་བ་སྟེ། ཁོང་གིས་ཆོས་ལུགས་ཚང་མའི་ཐོག་ནས་སྨོན་ལམ་བསྐྱོན་ཡོད་པ་རེད། ཆོས་དང་མ་འབྲེལ་བའི་དོན་ནི། ཆོས་ལུགས་གཅིག་ནས་གཞན་དུ་དགའ་འདེམས་གཞན་སྐྱུར་མེད་པར་ཆོས་ཁས་མི་ལེན་མཁན་གཏོགས་པའི་ཆོས་ལུགས་ཚང་མར་གུས་བརྩི་དགོས་པ་དེ་ཡིན། དེ་འདྲ་སོང་ཙང་། ང་ཚོར་ཐུན་མོང་བའི་མྱོང་བ་དང་ཚན་རིག་རྒྱུ་མཚན་གྱི་ཤེས་ཡོན་གཞི་རྩར་བཞག་ནས་ཆོས་དང་མ་འབྲེལ་བའི་ཐབས་ལམ་བརྒྱུད་དེ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དགོས་པ་ཡིན།

དྲི་བ། དེང་སང་གྱི་འཛམ་གླིང་ནང་ང་ཚོར་དངོས་གཙོ་སྨྲ་བའི་རིང་ལུགས་ཤུགས་ཆེ་ཡོད། དངོས་གཙོ་སྨྲ་བའི་མི་རྣམས་གང་འདྲ་ཡོད་དམ། ང་ཚོས་ཁོང་ཚོ་དང་མཉམ་དུ་འབྲེལ་བ་ཇི་ལྟར་བྱེད་དགོས་སམ།

༸གོང་ས་མཆོག་གི་བཀའ་ལན། དངོས་པའི་རིགས་ཀྱིས་ཕྱི་ལུས་ཀྱི་བཟོད་བདེ་བག་ཕེབས་ཁོ་ན་མཁོ་སྤྲོད་བྱེད་ཀྱི་ཡོད་ནའང་ནང་སེམས་ཀྱི་ནི་མིན། དངོས་གཙོ་སྨྲ་བའི་གང་ཟག་གི་ཀླད་པ་དང་ང་རང་ཚོའི་ཀླད་པ་གཅིག་པ་རེད། དེ་འདྲ་སོང་བ་ཡིན་ཙང་། ང་ཚོ་ཚང་མས་ནང་སེམས་ཀྱི་ན་ཟུག་དང། འཁྱེར་རྐྱང་། སྐྲག་སྣང། ཐེ་ཚོམ། ཕྲ་དོག་སྐྱེ་གི་ཡོད། དེ་དག་གིས་མི་ཚང་མའི་སེམས་ལ་གནོད་འཚེ་བྱེད་ཀྱི་ཡོད་པ་རེད། གནོད་ཚེ་དེ་རྣམས་དངུལ་གྱིས་སེལ་རྒྱུ་ནི་མི་སྲིད་པ་ཞིག་རེད། སེམས་ལ་དཀའ་ངལ་དང་གནོན་ཤུགས་ཆེན་པོ་ཡོད་པའི་མི་ཁ་ཤས་ཀྱིས་སྨན་འདྲ་མིན་སྤྱོད་ཀྱི་ཡོད། དེ་དག་གིས་འཕྲལ་སེལ་དུ་གནོན་ཤུགས་ཉུང་དུ་གཏོང་གི་ཡོད་ནའང། ཞར་སྐྱོན་ཤུགས་ཆེ་འཕོག་གི་ཡོད་པ་རེད། ཁྱེད་རང་གིས་སེམས་ཀྱི་ཞི་བདེ་ཉོ་ཐུབ་མི་སྲིད། སུ་གང་གིས་ཀྱང་སེམས་ཀྱི་ཞི་བདེ་འཚོང་གི་མེད་ནའང། མི་ཚང་མར་དེ་དགོས་ཀྱི་ཡོད། མི་མང་པོས་རླུང་སྨན་བཟའ་ཡི་ཡོད་པ་རེད། འོན་ཀྱང་སེམས་ཀྱི་གནོན་ཤུགས་འཇོམས་པའི་སྨན་ངོ་མ་དེ་སྙིང་རྗེ་ཡིན། དེ་འདྲ་སོང་ཙང། དངོས་གཙོ་སྨྲ་བའི་གང་ཟག་རྣམས་ལ་སྙིང་རྗེ་དགོས་ཀྱི་ཡོད་པ་རེད།

སེམས་ཀྱི་ཞི་བདེ་ནི་འཕྲོད་བསྟེན་ཡག་པོ་འོང་བའི་སྨན་ལེགས་ཤོས་དེ་ཡིན། དེས་ཕྱི་ལུས་པོའི་རྫས་ཁམས་རྣམས་སྙོམ་སྒྲིག་ཇེ་བཟང་དུ་གཏོང་། དེ་བཞིན་དུ་གཉིད་འདང་ངེས་བཞིན་པ་ཁུག་ཐུབ་རྒྱུར་ཕན་ཐོགས་ཡོད། གལ་སྲིད་ང་ཚོས་སེམས་ཞི་བདེ་ལྡན་པའི་ཐོག་ནས་གཉིད་ཁུག་ཚེ་དེར་དཀྲོག་རྐྱེན་གང་ཡང་མེད་པ་དང་གཉིད་ཁུག་རྒྱུའི་སྨན་ཡང་བཟའ་དགོས་ཀྱི་མེད། མི་མང་པོ་ཞིག་གིས་བྱད་བཞིན་མཚར་སྡུག་ལྡན་པ་ཞིག་འོང་རྒྱུར་དོ་སྣང་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་རང་ཁོང་ཁྲོ་ལངས་པའི་སྐབས་བྱད་བཞིན་ལ་བྱུག་རྫས་མང་པོ་བསྐུས་མིན་ལ་མ་ལྟོས་པར་དེས་སྙིང་རྗེ་པོར་སྡོད་ཀྱི་མེད། ཁྱེད་རང་ད་དུང་ཡང་མདོག་ངན་པོ་རང་འཇགས་གནས། འོན་ཀྱང་གལ་སྲིད་ཁྱེད་རང་ཁྲོང་ཁྲོ་ལས་ལྡོག་སྟེ་འཛུམ་ཤིག་ཤིག་ཏུ་ཡོད་ཚེ་ཁྱེད་རང་གྱི་བྱད་བཞིན་དེ་ལས་མཚར་སྡུག་ལྡན་པ་དང་ལྟ་སྣང་དོད་པོར་འགྱུར་ངེས།

གལ་ཏེ་ང་ཚོས་སྙིང་རྗེའི་ཐོག་འབད་རྩོལ་ཤུགས་ཆེ་བསྟེན་པ་ཡིན་ན། ཁོང་ཁྲོ་ལངས་པའི་སྐབས་དེ་དུས་ཡུན་ཐུང་ངུ་ཞིག་ལས་གནས་ཀྱི་མེད། དེ་ནི་ལུས་པོའི་འགོག་སྲུང་ནུས་པ་སྟོབས་ལྡན་ཞིག་འདྲ་བ་སྟེ། ནད་འབུ་ཞིག་སླེབས་པའི་ཚེ་གནོད་འཚེ་ཆེ་བ་གང་ཡང་མེད་པའོ། དེར་བརྟེན། ང་ཚོར་བཟང་ཕྱོགས་ཀྱི་བསམ་བློ་དང་སྙིང་རྗེ་དགོས་པ་ཡིན། དེས་ན། གོམས་འདྲིས་དང་ཚང་མ་གཅིག་ལ་གཅིག་བརྟེན་གྱི་དཔྱད་དོན་བརྒྱུད་ང་ཚོའི་བློ་སྟོབས་ཇེ་ཆེར་འཕེལ་གྱི་ཡོད།

ང་རང་ཚོ་ཚང་མར་བཟང་སྤྱོད་ཀྱི་ནུས་པ་གཅིག་མཚུངས་སུ་ལྡན་ཡོད། སོ་སོ་རང་ཉིད་ལ་ཁ་ཕྱོགས་ནས་བཟང་ཕྱོགས་ཀྱི་ནུས་པ་རྣམས་མཐོང་དགོས། ངན་པའི་ཆ་རྣམས་ཀྱང་དེར་ཡོད་ནའང། བྱ་བ་བཟང་པོ་སྒྲུབ་པའི་ནུས་པའང་དེར་ཡོད་པ་ཡིན། གཞི་རྩའི་མིའི་རང་བཞིན་ནི་ངན་ཕྱོགས་ལས་བཟང་ཕྱོགས་མང་བ་ཞིག་རེད། ང་ཚོའི་མི་ཚེ་སྙིང་རྗེ་དང་སྦྲགས་འགོ་འཛུགས་ཀྱི་ཡོད། དེ་འདྲ་སོང་བ་ཡིན་ཙང། སྙིང་རྗེའི་ས་བོན་དེ་ཁོང་ཁྲོའི་ས་བོན་ལས་སྟོབས་ཆེ་བ་ཡོད། སོང་ཙང་སོ་སོ་རང་ཉིད་ལ་བཟང་ཕྱོགས་ནས་ཤུགས་ཆེ་བ་བལྟ་དགོས། དེས་སེམས་ལ་ཞི་འཇམ་ཇེ་མང་ཞིག་བསྐྲུན་ངེས། དེས་ན། དཀའ་ངལ་འཕྲད་པའི་སྐབས་ལས་སླ་པོའི་ཐོག་ནས་སེལ་ཐུབ།

རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགའ་བྱར་ཅི་ཡོད། ། གལ་ཏེ་བཅོས་སུ་མེད་ན་ནི། ། དེ་ལ་མི་དགའ་བྱས་ཅི་ཕན། ། ཞེས་ང་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་དང་དེར་གཡོལ་ཐབས་སམ་སེལ་ཐབས་ཤེས་ཀྱི་ཡོད་ཚེ་དེར་སེམས་ཁྲལ་བྱེད་དགོས་མེད་པ་དང། གལ་ཏེ་ང་ཚོས་དཀའ་ངལ་དེ་སེལ་ཐུབ་ཀྱི་མེད་ན་དེ་ལ་སེམས་ཁྲལ་བྱས་ནས་ཕན་པ་གང་ཡང་མེད། དོན་དངོས་ཁས་ལེན་རྒྱུ་དེ་རེད་ཅེས་གསུངས་ཡོད།

དེ་འདྲ་སོང་ཙང། གལ་ཏེ་ངོས་ནས་བཤད་པ་རྣམས་ལ་ཁྱེད་ཚོ་དགའ་མོས་བྱུང་ན་སོ་སོ་རང་ངོས་ནས་བརྟག་དཔྱད་བྱོས། དེ་ལྟར་མ་བྱུང་ཚེ་སྣང་མེད་དུ་བསྐྱུར་ན་ཆོག ངོས་རང་སང་ཉིན་འགྲོ་མཁན་ཡིན། འོན་ཀྱང་ཁྱེད་རང་ཚོའི་དཀའ་ངལ་རྣམས་ཁྱེད་རང་ཚོ་དང་ལྷན་དུ་སྡོད་ཀྱི་རེད།། །།