བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། > ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
སུད་སི། ཧྥ་རི་བྷག ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ཉིན།
ཨེ་ལེག་ཛན་ཌར་ བྷར་ཛིན་གྱིས་སྒྲིག་སྦྱོར་ཕྲན་བུ་ཞུས།

རིམ་པ་གཉིས་པའི་ཁྱད་པར་ཐོག་དོ་སྣང་ཆེ་བ་བྱེད་པའི་སྐྱོན་ཆ།

བརྩེ་བའི་གཅེན་གཅུང་ཚོ་དེ་རིང་ཁྱེད་རྣམས་དང་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བས་ངོས་རང་ཧ་ཅང་དགའ་པོ་བྱུང་། ངས་མི་རྣམས་ལ་སྐད་ཆ་ཤོད་པའི་སྐབས་གསལ་པོར་ནན་བརྗོད་བྱ་འདོད་པ་ཞིག་ལ་ཐོག་མར་རང་ཉིད་འགྲོ་བ་མི་ཞིག་ཡིན་པ་དྲན་དགོས་པ་ཡིན། དེ་ཡང་དཔེར་ན། ང་ཚོས་ང་ སུད་སིའི་མི་ཡིན། ང་ཨི་ཊ་ལིའི་མི་ཡིན། ང་ ཧྥ་རན་སིའི་མི་ཡིན་སོགས་བསམ་བློ་གཏོང་མི་ཉན། དེ་བཞིན་ངའི་སྐད་སྒྱུར་བས་རང་ཉིད་ ཧྥ་རན་སིའི་མི་ཡིན་པ་དང་། ངས་རང་ཉིད་བོད་མི་ཡིན་ཞེས་བསམ་བློ་གཏོང་རྒྱུ་མེད། དེར་མ་ཟད་ངས་རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་བསམ་བློ་གཏོང་མི་རུང་། གང་ཡིན་ཟེར་ན། སྤྱིར་བཏང་ནས་ངས་སྐད་ཆ་ཤོད་སྐབས། མི་ཚེའི་ནང་སྐྱིད་པོ་དང་བར་ཆད་ཉུང་བ་ཡོང་བའི་ཐབས་སུ་རང་ཉིད་མི་ཞིག་ཡིན་པའི་ཐོག་ལ་བསམ་བློ་གཏོང་རྒྱུ་དེ་ཡིན་ཅེས་བརྗོད་ཀྱི་ཡོད།

མི་ཐེར་འབུམ་བདུན་ཡོད་པས་ལས་ཚང་མས་མི་ཚེ་སྐྱིད་པོ་ཞིག་འདོད་ཅིང་། ཚང་མར་དམིགས་ཡུལ་དེ་སྒྲུབ་པའི་ཐོབ་ཐང་ཡོད། དཔེར་ན། ང་བོད་པ་ཡིན་ཞེས་པ་ལྟ་བུའི་རིམ་པ་གཉིས་པའི་ཁྱད་པར་ཐོག་དོ་སྣང་ཤུགས་ཆེ་བ་བྱས་ན། བོད་ལྟ་བུ་བྱེ་བྲག་པ་ཞིག་ལ་སེམས་ཁུར་བྱེད་པ་ལྟ་བུ་མངོན་སྲིད། ང་ནང་པ་ཡིན་ཞེས་བརྗོད་ན་ནང་པ་གཞན་ཚོར་ཉེ་བའི་ཚོར་བ་སླེབ་སྲིད། འོན་ཀྱང་ཆོས་ལུགས་གཞན་ལ་ཚོར་བ་རང་བཞིན་གྱིས་ཐག་རིང་བ་ཡོང་གི་ཡོད།

ལྟ་ཚུལ་དེ་དག་ནི་དོན་དངོས་ཐོག་འདས་པའི་དུས་སུ་ཕྲད་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འཕྲད་སྲིད་པའི་དཀའ་ངལ་དང་འགྲོ་བ་མིའི་དྲག་སྤྱོད་ཐེ་བའི་དཀའ་ངལ་གྱི་རྒྱུ་ཡིན། ཅི་སྟེ་རང་དང་འདྲ་བར་མི་གཞན་རྣམས་འགྲོ་བ་མིར་བརྩི་འཇོག་བྱས་ན་དྲག་སྤྱོད་ནམ་ཡང་མི་ཡོང་། དེ་ལྟར་ཕན་ཚུན་གསོད་རེས་བྱེད་དགོས་པའི་རྒྱུ་མཚན་མེད། ང་ཚོས་ངའི་རྒྱལ་ཁབ་དང་། ཁོང་ཚོའི་རྒྱལ་ཁབ། ཁོང་ཚོའི་ཆོས་ལུགས་ཞེས་རིམ་པ་གཉིས་པའི་ཁྱད་པར་ཐོག་རིག་པ་བསྒྲིམས་ནས་འགྲོ་བ་མིའི་མཐུན་སྒྲིལ་ལ་སྣང་ཆུང་བཏང་ན། ཁྱད་པར་བཟོས་ཏེ་སོ་སོའི་མི་རིགས་དང་ཆོས་ལུགས་ལ་དོ་ཁུར་ཆེ་བ་བྱེད་ཀྱི་ཡོད། དེས་ན་ང་ཚོས་གཞན་གྱི་ཐོབ་ཐང་ལ་བརྩིས་མེད་གཏོང་བ་དང་གཞན་གྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་ཐུབ་ཀྱི་མེད། དེང་སང་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་གཞི་རྟེན་དེ་དག་སྟེ། རིམ་པ་གཉིས་པའི་ཁྱད་པར་ཐོག་དོ་སྣང་ཤུགས་ཆེ་བ་བྱས་པ་ལས་བྱུང་།

ད་ཆ་གཉེན་པོ་གཅིག་པུ་དེ་ནི་ས་མཚམས་དང་ཁྱད་པར་མེད་པར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཏུ་རྒྱ་ཆེ་ས་ནས་བསམ་བློ་གཏོང་རྒྱུ་དེ་ཡིན། དཔེར་ན། ངས་སྐད་ཆ་ཤོད་པའི་སྐབས། གལ་སྲིད་ངས་རང་ཉིད་ནང་པ་ཞིག་དང་ལྷག་པར་དུ་ཏཱ་ལའི་བླ་མ་ཡིན་བསམ་ནས་བཤད་ན། སྐད་ཆ་ཉན་མཁན་ཚོ་དང་རང་བཞིན་གྱི་ཉེ་བའི་ཚོར་བ་ཞིག་མི་སླེབས། དེ་ནི་ལྐུགས་རྟགས་རང་ཡིན། ཅི་སྟེ་ངས་ཁྱེད་རང་ཚོའི་བདེ་དོན་ལ་བཅོས་མིན་གྱི་སེམས་ཁུར་དང་བཅས་སྐད་ཆ་བཤད་ན། འགྲོ་བ་མི་རྣམས་གཅེན་གཅུང་དང་སོ་སོ་ལྟར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྐད་ཆ་ཤོད་དགོས། དོན་དངོས་ཐོག་ང་ཚོས་ཚང་མ་གཅིག་པ་ཡིན། བསམ་བློ་དང་། མྱོང་ཚོར། སྡུག་བསྔལ་སོགས་གང་ཐད་ནས་བལྟས་ཀྱང་ང་རང་ཚོ་གཅིག་པ་ཡིན། དེ་ལས་གལ་ཆེ་བ་ཞིག་ལ་ང་ཚོ་ཚང་མས་མི་ཚེ་སྐྱིད་པོ་ཞིག་འདོད་ཀྱི་ཡོད། ང་རང་ཡང་གཅིག་པ་ཡིན། དེར་བརྟེན་ང་ཚོས་རིམ་པ་དེའི་ཐོག་གོ་སྡུར་བྱེད་ཀྱི་ཡིན།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ལུས་ཀྱི་གྲུབ་ཆ་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད། འོན་ཏེ་ཆོས་ལུགས་ཀྱི་དད་པ་ནི་མི་གཅིག་པུར་ཡོད། འགྲོ་བ་མིའི་ཁྲོད་དུ་དད་པ་གོང་མཐོར་ཕྱིན་ཀྱང་། དེ་ནི་ལུས་ཀྱི་གྲུབ་ཆ་ཞིག་དེ་བས་མ་ཡིན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱིས་མི་ཐེར་འབུམ་བདུན་ཡོད་པར་ཚང་མར་ཁྱབ་ཀྱི་ཡོད། ངས་ཁ་སང་ཞུས་པ་བཞིན། མི་ཐེར་འབུམ་བདུན་ནས་ཐེར་འབུམ་གཅིག་གིས་ལུགས་མཐུན་ངང་ཆོས་ལ་དད་པ་མེད་ཅེས་བཤད་ཡོད་པ་དང་། ཚོད་དཔག་བྱས་ཐེར་འབུམ་དྲུག་ཆོས་ལ་དད་པ་ཡོད་མཁན་ཡིན་པར་བསམ་བློ་བཏང་ན། དེ་དག་ཁྲོད་ལྷད་ཞུགས་པའི་སྐྱོན་ཅན་མང་པོ་ཡོད། དཔེར་ན། དཀྲོག་གཏམ་དང་། བཤུ་གཞོག ལྐོག་ཟ། མགོ་སྐོར། རྫུན། ཚུལ་སྤྱོད་སོགས་ཀྱིས་སྐྱོན་ཞུགས་པ་ཡོད། དེ་ནི་ངའི་བསམ་པར་བསམ་བློའི་ཀུན་སྤྱོད་ལ་ཤེས་ན་ཡིད་ཆེས་མེད་པའི་སྐྱོན་རེད། དེར་བརྟེན་ཐ་ན་ཆོས་ཀྱང་དམིགས་ཡུལ་ལོག་པར་བེད་སྤྱོད་བྱེད་ཀྱི་ཡོད། ངས་ཁ་སང་བརྗོད་མེད་ལ་མ་ལྟོས་པར། སྐབས་རེ་ཆོས་ཀྱིས་ང་ཚོར་ཚུལ་འཆོས་བྱེད་སྟངས་སློབ་ཀྱི་ཡོད་པར་སྙམ། ང་ཚོས་ཁ་ནས་བྱམས་པ་དང་སྙིང་རྗེ་ལྟ་བུའི་ཚིག་མཛེས་པོ་དེ་འདྲ་བཤད། ལག་ལེན་དུ་འགེལ་གྱི་མེད། དེས་ན་དྲང་བདེན་མེད་པ་ཡོང་གི་ཡོད།

ཆོས་ལུགས་ཀྱིས་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་བསླབ་བྱ་བཟང་པོ་དེ་དག་གསུང་གི་ཡོད། འོན་ཀྱང་སོ་སོའི་ངོས་ནས་དེ་དག་སེམས་ཐག་ཉེ་པོར་འཛིན་ཐུབ་ཀྱི་མེད། དེ་ནི་བསམ་བློའི་ཀུན་སྤྱོད་མེད་པའི་རྐྱེན་གྱིས་རེད། ཡང་ན་བསམ་བློའི་ཀུན་སྤྱོད་ཀྱི་རིན་ཐང་མི་ཤེས་པའི་དབང་གིས་ཡིན། ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་མི་རྣམས་ལ་བསམ་བློའི་ཀུན་སྤྱོད་དེར་སློབ་སྦྱོང་སྤྲོད་ཕྱོགས་ཐད་བསམ་བློ་མང་ཙམ་གཏོང་དགོས། དེ་ནས་ཆོས་ཀྱི་སྐོར་ལ་བཤད་ན། ཆོས་ལུགས་རྣམ་དག་ཅིག་ཆགས་ངེས་ཡིན། ངས་ཁ་སང་བརྗོད་པ་བཞིན། ཆོས་ལུགས་ཚང་མས་རིན་ཐང་དེ་དག་ཐོག་ནན་བརྗོད་བྱེད་ཀྱི་ཡོད།

སོ་སོའི་ཁྱབ་ཁོངས་གཅིག་པུར་ཆགས་ནས་སྡོད་མི་རུང་བ།

འདས་པའི་དུས་རབས་ནང་། མི་རྣམས་ཕན་ཚུན་གསོད་རེས་བྱེད་པ་དང་ཆབས་ཅིག་དཀོན་མཆོག་ལ་སྨོན་ལམ་འདེབས་ཀྱི་ཡོད། ཧ་ཅང་ཁག་པོ་རེད། དེང་སང་ཡང་སྐབས་རེ་ཆོས་ལུགས་ཀྱི་མིང་ཐོག་ནས་འཁྲུག་རྩོད་ཡོང་གི་ཡོད་པ་དང་། ངའི་བསམ་པར་ཕྱོགས་གཉིས་ཀས་དཀོན་མཆོག་ལ་སྨོན་ལམ་འདེབས་ཀྱི་ཡོད། མཚམས་རེ་ངས་བསྟན་བཤིག་གྱི་ཚུལ་དུ། དཀོན་མཆོག་མགོ་འཐོམ་ཡོད་ཀྱི་རེད་ཅེས་བཤད་ཀྱི་ཡོད། ཕྱོགས་གཉིས་ཀས་ཁོང་ལ་སྨོན་ལམ་འདེབས་ཀྱི་ཡོད་སྟབས་ཐག་གཅོད་ཇིལྟར་བྱེད་ཐུབ། དེ་ཧ་ཅང་ཁག་པོ་རེད། ཐེངས་གཅིག་ཨར་ཇན་ཊི་ནའི་ནང་ཚན་རིག་པ་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་ཅིག་དང་མཉམ་དུ་བགྲོ་གླེང་ཞིག་གི་སྐབས། མ་གཞི་དེ་ཆོས་ལུགས་ནང་ཁུལ་གྱི་ཚོགས་འདུ་མིན་ཀྱང་། མ་ཐུ་རཱ་ན་(Maturana)ཞེས་པའི་དངོས་ཁམས་རིག་པ་སྨྲ་བ་ཞིག་ཐུག་འཕྲད་བྱས་པ་ཡིན། ཁོང་ནི་ཝ་རེ་ལ་(Varela)དམ་པའི་དགེ་རྒན་ཡིན་པ་དང་དེ་སྔོན་སུད་སིའི་ནང་ནས་ཐུག་འཕྲད་བྱུང་། དེ་རྗེས་ཨར་ཇན་ཊི་ནའི་ནང་ཐུག་བྱུང་། དེ་ནས་བཟུང་ཐུག་འཕྲད་མ་བྱུང་། ཁོང་གི་གཏམ་བཤད་གནང་བའི་སྐབས་ཁོང་གིས་དངོས་ཁམས་རིག་པ་སྨྲ་བ་ཞིག་ཡིན་པའི་ཆ་ནས། རང་གི་ཚན་རིག་གི་ཁྱབ་ཁོངས་གཅིག་པུར་ཆགས་ཞེན་བྱས་ནས་སྡོད་མི་ཉན་ཅེས་གསུངས་སོང་། དེར་བརྟེན་ངས་ཤེས་རྟོགས་བྱུང་བའི་གཏམ་རླབས་ཆེན་དང་རྒྱུ་མཚན་ལྡན་པ་ཞིག་རེད་འདུག

ང་རང་ནང་པ་ཞིག་ཡིན། འོན་ཀྱང་ངས་ནང་ཆོས་ལ་ཧ་ཅང་ཆགས་ཞེན་སྐྱེ་མི་ཉན། གང་ཡིན་ཞེ་ན། ཆགས་ཞེན་ནི་ཉོན་མོངས་ཤིག་རེད། རང་རྒྱུད་དུ་ཆགས་ཞེན་ཇེ་ཆེར་སོང་ན། སོ་སོའི་ལྟ་ཚུལ་ཕྱོགས་ལྷུང་ཅན་ཞིག་ཆགས་རྒྱུ་རེད། སོ་སོའི་སེམས་ཕྱོགས་སུ་ལྷུང་ན། ཡུལ་གྱི་གནས་ལུགས་ཚུལ་བཞིན་དུ་མཐོང་མི་ཐུབ།

དེར་བརྟེན་ཆོས་ཁ་ལ་ཁྱེར་ནས་འཁྲུག་རྩོད་བྱེད་པའི་གནད་དོན་མང་ཆེ་བའི་རྐྱེན་རྩ་གཙོ་བོ་དེ་ཆོས་ལུགས་ཀྱི་དད་པ་མིན་པར། དཔལ་འབྱོར་རམ་ཆབ་སྲིད་ཀྱི་ཁེ་ཕན་ཐོག་ནས་ཡིན་ངེས།

འོན་ཀྱང་དཔེར་ན། དད་པའི་རྗེས་འབྲང་པ་ལྟ་བུའི་གནད་དོན་ཁ་ཤས་ཁྲོད་མི་རྣམས་ཀྱིས་སོ་སོའི་ཆོས་ལུགས་ལ་ཞེན་ཆགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ཁོང་ཚོས་ཆོས་ལུགས་གཞན་གྱི་རིན་ཐང་མཐོང་ཐུབ་ཀྱི་མེད།

མ་ཐུ་རཱ་ནའི་བརྗོད་པ་དེ་ནི་ངོས་ལ་བསླབ་བྱ་དུམ་བུ་ཞིག་ཏུ་སྣང་། མི་མང་པོ་ཞིག་དང་ཐུག་འཕྲད་བྱུང་བའི་འབྲས་བུར་ངས་སྲོལ་རྒྱུན་གཞན་མང་པོ་ཞིག་ལ་ཡིད་སྨོན་བྱེད་ཐུབ་པ་དང་། ངས་རང་ཉིད་དད་པའི་རྗེས་འབྲང་པ་ཞིག་གམ་རྨོངས་ཞེན་ཅན་ཞིག་མ་ཆགས་པའི་རེ་བ་ལོས་བྱེད། མཚམས་རེ་ངས་འདི་བརྗོད་ཀྱི་ཡོད། ཐེངས་གཅིག་ང་རང་ཧྥ་རན་སིའི་ནང་གི་ལོར་ཌེ་སེ་(Lourdes)ཕྱིན་ནས། ཡི་ཤུ་མ་ཤི་ཀའི་སྐུ་འདྲ་ཆེན་པོ་ཞིག་ཡོད་སའི་ས་ཆར་གནས་སྐོར་དུ་ཕྱིན་པ་ཡིན། དེར་ངས་ཆུ་ཕྲན་བུ་བཏུང་ནས་སྐུ་འདྲའི་མདུན་དུ་ལངས་ཏེ། མི་ས་ཡ་མང་པོས་དུས་རབས་དེ་དག་རིང་གནས་དེར་བསྐྱོད་དེ་སྐུ་འདྲར་སྨོན་ལམ་བཏབ་ནས་སེམས་ནང་དགའ་བདེ་ཐོབ། ནད་པ་ཚོར་སོ་སོའི་དད་པ་དང་དཀོན་མཆོག་གི་བྱིན་རླབས་ལ་བརྟེན་ནས་ནད་གསོས་པ་སོགས་ངས་གོ་ཐོས་བྱུང་བ་བཞིན་ཡིད་ལ་སྒོམ་པ་ཡིན། དེར་བརྟེན་ངས་དེ་དག་ཡིད་ལ་བྱས་ཏེ་ཡི་ཤུའི་ཆོས་ལུགས་ལ་སེམས་གཏིང་ནས་ཡི་རང་ཆེན་པོ་བྱུང་བ་དང་མིག་ནས་མཆི་མ་ཤོར་གྲབས་བྱས་བྱུང་། སྐབས་གཞན་ཞིག་ལ་པོ་ཅུ་གྷལ་(Portugal) ནང་གི་ཧྥ་ཊི་མ་(Fatima)ནང་གནས་ཚུལ་ཡ་མཚན་ཅན་ཞིག་བྱུང་སོང་། ཡི་ཤུ་རྣམ་དག་ཆོས་པ་དང་ཡི་ཤུ་ཆོས་པ་གཞན་གྱི་དབུས་སུ་མཱ་རི་(Mary)ཡི་སྐུ་འདྲའི་མདུན་དུ་ང་ཚོས་འཁྱུག་ཙམ་རིང་ངག་བཅད་སྒོམ་བརྒྱབ་པ་ཡིན། ང་དང་གཞན་རྣམས་ཕྱིར་ཐོན་གྲབས་བྱེད་སྐབས། ངས་ཁ་ཕྱིར་བསྐོར་ནས་ལྟ་སྐབས་མཱ་རི་ཡིས་ང་ལ་འཛུམ་དམུལ་གནང་བཞིན་འདུག ངས་ཡང་བསྐྱར་ཞིབ་ལྟ་བྱེད་སྐབས་ཁོང་གིས་ང་ལ་འཛུམ་མདངས་སྟོན་གྱི་འདུག ངའི་བསམ་པརམཱ་རི་ཡིས་ངོས་ཀྱི་ཕྱོགས་ལྷུང་མེད་པའི་ཐབས་ལམ་དེ་ངོས་འཛིན་མཁྱེན་ཡོད་བཟོ་འདུག་སྙམ་བྱུང་། གལ་སྲིད་ངས་མཱ་རི་དང་མཉམ་དུ་བསྡད་དེ་ལྟ་གྲུབ་ཀྱི་ཐོག་ལ་བགྲོ་གླེང་བྱས་ན། མི་མཐུན་པ་མང་པོ་ཡོང་ངེས་པ་ཡིན།

གང་ལྟར་ཡང་སོ་སོའི་ཆོས་ལུགས་ལའང་ཞེན་ཆགས་བྱས་ན་ཡག་པོ་མེད། སྐབས་རེ་ཆོས་ལ་བརྟེན་ནས་སྤྱི་ཚོགས་འཁྲུག་རྩོད་དང་འགལ་ཟླ་བཟོ་བས་དེ་ནི་ཛ་དྲག་གི་གནད་དོན་ཞིག་ཡིན། ཆོས་ནི་སྙིང་རྗེ་དང་བཟོད་པ་གོང་སྤེལ་གཏོང་བ་སྟེ་ཁོང་ཁྲོ་དང་ཞེ་སྡང་གི་གཉེན་པོ་སྟེན་པའི་ཐབས་ཤིག་ཡིན། དེར་བརྟེན་ཆོས་ལ་བརྟེན་ནས་ཆོས་ལུགས་གཞན་ལ་ཞེ་སྡང་བྱེད་པའི་རྒྱུར་སོང་ན། དེ་ནི་སྨན་གྱིས་ནད་བཅོས་རྒྱུའི་ཚབ་ཏུ་ནད་ཀྱི་རྐྱེན་བྱེད་པ་དང་མཚུངས། ཐབས་ཤེས་གང་ཡོད་རེད། ཐབས་སྐྱོ་བའི་བྱེད་སྟངས་དེ་དག་ཚང་མ་རྩ་བའི་ཆ་ནས་བསམ་བློའི་ཀུན་སྤྱོད་ལ་ཤེས་ནས་ཡིད་ཆེས་མེད་པའི་རྐྱེན་གྱིས་ཡིན། བྱས་ཙང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་སླད་ང་ཚོར་ཉམས་ལེན་དང་ཐབས་ལམ་མི་འདྲ་བ་མང་པོ་དགོས་འདུག

ཆོས་དང་མ་འབྲེལ་བའི་རིང་ལུགས་དང་གཞན་ལ་གུས་བརྩི་བྱེད་པ།

ཆོས་ལུགས་རིས་མེད་དམ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་མཚོན་ན། ངས་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ཨ་ཌི་ཝཱ་ཎི་(Advani)ལགས་ངོ་ཤེས་ཀྱི་ཡོད། ཐེངས་གཅིག་ཁེ་ན་ཌ་ནས་ཡིན་པའི་བརྙན་འཕྲིན་རུ་ཁག་གཅིག་གིས་རྒྱ་གར་ནང་དམངས་གཙོའི་ལམ་ལུགས་ཚགས་ཚུགས་པོ་ཡོང་བའི་གཞི་རྟེན་གང་ཡིན་མིན་ཐད་ཁོང་ལ་བཅར་འདྲི་བྱས་བྱུང་ཞེས་གསུངས་ཀྱི་འདུག ཁོང་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྲོལ་རྒྱུན་ཁག་གི་དབར་མི་མཐུན་པ་ཕྲན་བུ་དང་ལྟ་ཚུལ་མི་འདྲ་བ་ཡོད་ནའང་། ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་བྱས་པ་ལས་བྱུང་བ་རེད་ཅེས་ལན་གནང་སྐོར་ངོས་ལ་གསུངས་བྱུང་། ཁོང་གིས་ངོས་ལ་རྒྱང་འཕེན་པའམ་ཆད་མཐའ་སྨྲ་བའི་གྲུབ་མཐའ་ནི་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་གྱི་སྔོན་ནས་དར་བ་དང་། ཆོས་ལུགས་གཞན་གྱིས་རྒྱང་འཕེན་པའི་ལྟ་བར་སྐྱོན་བརྗོད་དྲག་པོ་བྱས་ཀྱང་། རྒྱང་འཕེན་པའི་གྲུབ་མཐའ་འཛིན་མཁན་རྣམས་ད་དུང་དྲང་སྲོང་དུ་ལྟ་གི་ཡོད་ཅེས་གསུངས་བྱུང་། དེ་ནི་མི་མཐུན་པའམ་བགྲོ་གླེང་གི་རྩོད་གཞི་ཡོད་ནའང་གུས་བརྩི་ཡོད་པའི་རྟགས་ཡིན། དེར་བརྟེན་ང་ཚོས་ཀྱང་ཆོས་ལ་ཡིད་ཆེས་མེད་མཁན་ཚོར་གུས་བརྩི་བྱེད་དགོས།

ཁ་སང་ངས་ཆོས་དང་མ་འབྲེལ་བའི་སྐོར་བཤད་སྐབས་ངའི་ཡི་ཤུ་དང་ཁ་ཆེའི་གྲོགས་པོ་འགའ་ཞིག་གི་བློ་ལ་འཐད་པོ་ཞེ་དྲགས་བྱུང་ཡོད་ཀྱི་མ་རེད། ཧྥ་རན་སིའི་དང་བོལ་ཤི་ཝིག་(Bolshevik)གསར་བརྗེའི་སྐབས་ཆོས་ལ་ངོ་རྒོལ་བྱེད་པའི་འདོད་ཕྱོགས་ཤིག་བྱུང་ཡོད། འོན་ཀྱང་ངས་ཆོས་ལུགས་དང་ཆོས་ལུགས་ཀྱི་བསྟི་གནས་གཉིས་བར་ཁྱད་པར་གསལ་པོ་བཟོ་འདོད་བྱུང་། དེ་གཉིས་ནི་ཐ་དད་ཡིན། བསམ་ཤེས་ཅན་གྱི་མི་རྣམས་ཀྱིས་ཆོས་ལ་ངོ་རྒོལ་ཇི་ལྟར་བྱེད་སྲིད་དམ། ཆོས་ཟེར་ན་སྙིང་རྗེ་དང་བྱམས་བརྩེའི་དོན་ཡིན། སུ་གཅིག་གིས་ཀྱང་དེ་ལ་སྐྱོན་བརྗོད་བྱེད་མི་ཐུབ། འོན་ཀྱང་ཆོས་ལུགས་ཀྱི་བསྟི་གནས་ནི་ཐ་དད་ཡིན། ཧྥ་རན་སིའི་དང་བོལ་ཤི་ཝིག་གསར་བརྗེའི་སྐབས། གཉིས་ཀའི་སྐབས་དབང་འཛིན་པ་ཚོས་མི་དམངས་ལ་བཤུ་གཞོག་ཞེ་དྲགས་བཏང་ཡོད། དེར་མ་ཟད་དབང་འཛིན་པ་ཚོར་ཆོས་ལུགས་ཀྱི་བསྟི་གནས་ནས་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དང་། དེར་བརྟེན་གཞུང་འཛིན་དབང་འཛིན་པ་ཚོར་ངོ་རྒོལ་བྱེད་དགོས་ན་ངེས་པར་དུ་ཆོས་ལུགས་ཀྱི་བསྟི་གནས་ལའང་ངོ་རྒོལ་བྱ་རྒྱུ་གཏོགས་ཡོད། དེར་བརྟེན་ཆོས་ལུགས་སམ་དཀོན་མཆོག་ལ་ངོ་རྒོལ་བྱེད་རྒྱུའི་འདོད་ཕྱོགས་སླེབས་པ་རེད།

དེང་སང་ཡང་བོད་བརྒྱུད་ནང་པའི་སྤྱི་ཚོགས་ཐེ་བའི་ཆོས་ལུགས་ཀྱི་བསྟི་གནས་ཁག་ནང་བཤུ་གཞོག་གི་རིགས་ཡོད་ན། ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ང་རང་སྒེར་གྱི་ཉམས་ལེན་ལ་གཞིགས་ན། ལོ་ངོ་གཉིས་ཀྱི་གོང་ངས་༸ཏཱ་ལའི་བླ་མས་རྩོད་མེད་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱེད་པའི་མི་ལོ་བརྒྱ་ཕྲག་བཞི་ལྷག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་དེར་མཇུག་སྡོམ་བརྒྱབ་པ་ཡིན། ངས་དང་དུ་བླངས་ཏེ་དགའ་པོ་དང་གདེང་ཚོད་ཀྱི་ངང་ནས་མཇུག་སྡོམ་བརྒྱབ་པ་ཡིན། དངོས་གནས་བྱས་ན་དེ་འདྲའི་གནད་དོན་གྱིས་ཆོས་ལུགས་སམ་ནང་ཆོས་ཀྱི་རིན་ཐང་ལ་གནོད་སྲིད། དེར་བརྟེན་ང་ཚོས་ཆོས་ལུགས་ཀྱི་བསྟི་གནས་དང་ཆོས་ཀྱི་ཉམས་ལེན་དང་བསླབ་བྱ་ངོ་མའི་བར་ཁྱད་པར་འབྱེད་དགོས།

ཆོས་དང་མ་འབྲེལ་བའི་རིང་ལུགས་ཞེས་པའི་ཐད་རྒྱ་གར་གྱི་གོ་རྟོགས་དང་བསྟུན་ན། ཆོས་ལུགས་ལ་ཡི་མ་རངས་པའི་གོ་བ་ཅི་ཡང་མེད། དེ་ལས་ལྡོག་སྟེ་ཆོས་ལ་གུས་བརྩི་བྱེད་ཀྱི་ཡོད་ཅིང་ད་དུང་ཆོས་ལ་ཡིད་ཆེས་མེད་མཁན་ཚོར་ཡང་གུས་ཞབས་བྱེད་ཀྱི་ཡོད། ངའི་བསམ་པར་དེ་ནི་ཧ་ཅང་ཡག་པོ་ཞིག་རེད་འདུག ང་ཚོས་དེ་གོང་མཐོར་ཇི་ལྟར་གཏོང་ཐུབ་བམ། ཆོས་བཤད་བྱས་ནས་གཏོང་ཐུབ་བམ། མི་ཐུབ། སྨོན་ལམ་བཏབ་ནས་གཏོང་ཐུབ་བམ། མི་ཐུབ། འོན་ཀྱང་ཤེས་ཡོན་ལ་བརྟེན་ནས་གཏོང་ཐུབ། ང་ཚོས་ལུས་ཀྱི་འཕྲོད་བསྟེན་ཐད་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ག་རེ་བྱས་ནས་མྱོང་ཚོར་རམ་སེམས་ཀྱི་འཕྲོད་བསྟེན་ཐད་སློབ་སྦྱོང་མི་བྱེད། དཀོན་མཆོག་གམ་སྐྱེ་བ་ཕྱི་མ། ཡང་ན་སངས་རྒྱས་སམ་ཐར་པ་སོགས་ཀྱི་སྐོར་ཤོད་མི་དགོས། སེམས་སྐྱིད་པོ་ཡོད་པའི་མི་ཞིག་ཏུ་ཡར་རྒྱས་གཏོང་ཕྱོགས་སྐོར་གྲོས་བསྡུར་བྱེད་དགོས། མི་སྐྱིད་པོ་ཞིག་གིས་ཁྱིམ་ཚང་སྐྱིད་པོ་བཟོ་ཐུབ་པ་དང་དེ་ལ་བརྟེན་སྤྱི་ཚོགས་ཧྲིལ་པོ་སྐྱིད་པོ་ཞིག་ཡོང་ཐུབ། དེར་བརྟེན་ངའི་བསམ་པར་མྱོང་ཚོར་གྱི་འཕྲོད་བསྟེན་ཐད་ང་ཚོས་སློབ་སྦྱོང་བྱེད་དགོས་ཀྱི་འདུག

མྱོང་ཚོར་གྱི་འཕྲོད་བསྟེན།

མྱོང་ཚོར་གྱི་འཕྲོད་བསྟེན་ཟེར་ན་གང་རེད། དེ་ནི་ང་ཚོའི་སེམས་ཀྱི་ལྷིང་འཇགས་་སམ་ཡང་ན་སེམས་ཀྱི་ཞི་བདེར་གནོད་མཁན་གྱི་རྐྱེན་ལ་དོ་སྣང་བྱེད་པར་ཟེར། རྐྱེན་དེ་དག་ནི་སེམས་ཀྱི་ན་ཚ་འདྲ་པོ་ཡོད། གང་ཡིན་ཞེ་ན། ཉོན་མོངས་དེ་དག་གིས་རང་གི་སེམས་ཀྱི་ཞི་བདེ་གཏོར་བཤིག་གཏོང་བ་ཙམ་མ་ཟད་དངོས་པོའི་གནས་ལུགས་ལ་རྒྱུས་མངའ་བྱེད་པའི་རང་གི་ནུས་པ་ཉམས་དམས་པར་བྱེད་ཀྱི་ཡོད། དེ་ནི་གནོད་ཚབས་ཤིན་ཏུ་ཆེ། རྒྱུ་མཚན་ནི། རང་ཉིད་ཁོང་ཁྲོ་ལངས་པའི་སྐབས། དངོས་པོའི་གནས་ཚུལ་མི་མཐོང་བ་དང་རང་གི་སེམས་ཕྱོགས་སུ་ལྷུང་གི་ཡོད། དེ་བཞིན་འདོད་ཆགས་ལ་མཚོན་ནའང་ཡུལ་གྱི་གནས་ལུགས་སྒྲིབ་པར་བྱེད་ཀྱི་ཡོད། དེ་ནི་སེམས་ཀྱི་ན་ཚ་ཡིན། ང་ཚོའི་སེམས་ཀྱི་རང་བཞིན་ནི་གསལ་ཞིང་རིག་པ་ཡིན་པ་དང་། དེར་བརྟེན་གསལ་ཞིང་རིག་པ་དེ་སྒྲིབ་མཁན་གྱི་སེམས་ཀྱི་རྐྱེན་གང་ཡིན་རུང་མི་དགེ་བའམ་ཉོན་མོངས་ཁོངས་སུ་བསྡུ།

དེར་བརྟེན་མྱོང་ཚོར་གྱི་འཕྲོད་བསྟེན་ནི་ཉོན་མོངས་དེ་དག་ཤུགས་ཆུང་དུ་བཏང་ནས་སེམས་གསལ་པོ་དང་ལྷིང་པོ་ཞིག་ཡོང་བའི་ནུས་པ་རྒྱུན་འཛིན་བྱེད་ཀྱི་ཡོད། དེ་ལ་སེམས་བདེ་ཐང་ཞེས་བྱ། དེ་ལྟར་ཡོང་བར་ཐོག་མར་ང་ཚོས་དེ་དོན་གཉེར་གྱི་བསམ་པ་ཞིག་སྐྱེད་དགོས། བསམ་པ་དེ་མེད་པར་མི་རྣམས་ལ་དེ་བྱེད་ཟེར་བཙན་ཤེད་བྱེད་མི་ཐུབ། ཁྲིམས་དང་སྒྲིག་ལམ་སོགས་ཀྱིས་གྱིས་སྟངས་འཛིན་བྱེད་མི་ཐུ། འོན་ཏེ་སེམས་ཀྱི་ཞི་བདེ་ཡོང་ཐབས་ལ་མཚོན་ན། སོ་སོའི་དོན་གཉེར་གྱི་འདུན་པ་ལས་ཡོང་དགོས། དེ་ཡང་དེའི་རིན་ཐང་མཐོང་བ་ལས་འབྱུང་། དེ་ལྟའི་རིན་ཐང་དེ་ང་ཚོས་གཞན་ལ་བསླབ་ན་དགེ་མཚན་ཆེ།

སེམས་དང་མྱོང་ཚོར་ཐད་ཚན་རིག་གི་རྙེད་དོན།

ད་ང་ཚོས་ཚན་རིག་ལ་བལྟས་ན། ཐོག་མར་དེང་དུས་ཚན་རིག་གིས་ཚད་འཇལ་ཐུབ་པའི་ཕྱི་དངོས་པོའི་ཐོག་དོ་ནན་བྱས་ཡོད། ངའི་བསམ་པར་དུས་རབས་ཉི་ཤུ་པའི་དུས་མཇུག་དང་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འགོར་སེམས་དང་མྱོང་ཚོར་ཐད་དོ་དབྱིངས་བྱེད་མཁན་གྱི་ཚན་རིག་པ་ཉིན་རེ་ལས་བསྡད་པར་ཇེ་མང་དུ་འགྲོ་གི་ཡོད། གང་ཡིན་ཞེ་ན། འཕྲོད་བསྟེན་གྱི་ཐོག་ལ་སླེབས་སྐབས་སེམས་དང་མྱོང་ཚོར་བར་འབྲེལ་བ་ཧ་ཅང་ཉེ་པོ་ཡོད། ཚན་རིག་པ་འགའ་ཞིག་གིས་སེམས་བདེ་ཐང་དང་ལུས་བདེ་ཐང་སྐོར་བརྗོད་ཀྱི་ཡོད། གསོ་བ་རིག་པའི་ཚན་རིག་པ་ཚོས་ཀྱང་འཇིགས་སྐྲག་དང་། ཁོང་ཁྲོ། ཞེ་སྡང་ལྟ་བུའི་ཉོན་མོངས་རྣམས་དོན་དངོས་ཐོག་ང་ཚོའི་ནད་འགོག་མ་ལག་ལ་གནོད་སྐྱོན་ཆེན་པོ་ཡོད་སྐོར་བརྗོད་ཀྱི་ཡོད། ཆབས་ཅིག་སྙིང་རྗེ་ཆེ་བའི་སེམས་ཀྱིས་རྩ་བའི་ཆ་ནས་ལུས་ཀྱི་འཕྲོད་བསྟེན་རྒྱུན་སྐྱོང་དང་ཡར་རྒྱས་གཏོང་གི་ཡོད། ཨ་ཅང་ཅང་སེམས་སྐྱིད་པོ་ཡོད་པའི་མི་རྣམས་ལ་དེས་རྐྱེན་པས་ལུས་ལ་བཟང་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

ཐབས་སྐྱོ་བའི་གནས་སྟངས་ཤིག་གི་ཁྲོད་ནས་བཟང་སར་བལྟ་བ།

ང་རང་སྒེར་གྱི་མི་ཚེའི་ནང་། ལོ་ངོ་བཅུ་དྲུག་ལ་ངས་ལས་་འགན་མང་པོ་ཞིག་འཁྱེར་དགོས་བྱུང་སྟེ། གནས་སྟངས་ཧ་ཅང་ཁག་པོ་ཡོད། དེ་ནས་ལོ་ངོ་ཉི་ཤུ་རྩ་བཞིར་ངོས་ཀྱི་ལུང་པ་རྒྱ་མིའི་ལག་ཏུ་ཤོར་ནས། ད་བར་སྐྱབས་བཅོལ་བ་ཞིག་བྱས་ནས་བསྡད་དགོས་བྱུང་། ཆབས་ཅིག་བོད་ནང་སྡུག་བསྔལ་དང་དཀའ་ངལ་རུ་འཛིངས་ནས་ཡོད་པ་དང་། བོད་མི་ཚོས་ང་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བྱས་ཡོད། འོན་ཀྱང་ང་ལ་བྱ་ཐབས་ཅི་ཡང་མེད། གང་ལྟར་ངའི་སེམས་ཀྱི་ཞི་བདེས་གནས་སྟངས་ཚང་མར་དོན་དངོས་དང་མཐུན་པའི་ཐོག་ནས་བལྟ་ཐུབ་པ་བྱུང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་ཅི་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་གསུངས། དེ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན། དེར་བརྟེན་བསླབ་བྱ་དེ་ཉམས་ལེན་བྱེད་ཀྱི་ཡོད།

ཆོས་རྣམས་ལ་དོན་དངོས་དང་མཐུན་པའི་ཐོག་ནས་བལྟ་དགོས་པ་དང་ཕན་ཚུན་ལྟོས་གྲུབ་ཡིན་པ་ཤེས་རྒྱུ་གལ་ཆེ། དེ་ལྟར་བྱས་ན་གནས་ཚུལ་ག་རེ་བྱུང་ཀྱང་། བཟང་ཕྱོགས་ཀྱི་འབྲས་བུ་ཞིག་ཡོང་ཐུབ། ང་རང་ལ་མཚོན་ན། སྐྱབས་བཅོལ་ཞིག་ཆགས་ཀྱང་། མི་མང་པོ་ཞིག་དང་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་། དེ་ཡང་ཉམས་ཐག་དང་། འགོ་ཁྲིད། མཁས་པ། ཆོས་ལ་ཡིད་ཆེས་མེད་མཁན་སོགས་མང་པོ་ཞིག་རྒྱུས་མངའ་བྱུང་། དེ་ནི་ཕན་ཐོགས་པོ་འདུག གང་ཡིན་ཞེ་ན། གལ་ཏེ་ང་བོད་ནང་ལྷག་བསྡད་ཡོད་ན། ད་ལྟ་ང་རང་ཡོད་པའི་ཤེས་བྱའི་ཕྱེད་ཀ་ཙམ་ལས་ཐོབ་ཡོད་མདོག་ཁ་པོ་མ་རེད། དེར་བརྟེན་ཕྱོགས་གཅིག་ནས་བྱུས་ཉེས་ཤིག་ཡིན་ཀྱང་། ཕྱོགས་གཞན་ཞིག་ནས་གོ་སྐབས་བཟང་པོ་མང་པོ་ཞིག་ཐོབ་པ་རེད། ཅི་སྟེ་ང་ཚོས་ཕྱོགས་གང་ས་ནས་བལྟས་ན། འགྲིགས་ཤག་བསམ་པའི་ཚོར་བ་སླེབས་སྲིད། གནས་ཚུལ་ཐབས་སྐྱོ་པོ་དེ་འདྲ་བྱུང་ཡོད། འོན་ཀྱང་དེ་དག་ཡག་པོ་ཆགས་པའང་སྲིད་པ་ཡིན།

འདས་པའི་དུས་སུ་བོད་མི་རྣམས་ཧ་ལམ་ཁེར་རྐྱང་དུ་གནས་ཡོད། ད་ལྟ་བོད་མིའི་བསམ་བློ་གཏོང་སྟངས་རྒྱ་ཆེན་པོ་ཆགས་ཡོད། དུས་རབས་དེ་དག་རིང་བོད་མི་ཚོས་གཉིད་ཁུག་པ་ལྟར་བསྡད་པ་རེད། ད་ལྟ་གཉིད་སད་ཡོད། དེ་ཧ་ཅང་ཡག་པོ་རེད། དེར་བརྟེན་ང་ཚོས་ཕྱོགས་གང་ས་ནས་བལྟ་ཐུབ་ན། བཟང་ཕྱོགས་ཀྱི་ཆ་མང་པོ་མཐོང་རྒྱུ་ཡོད། དེ་ནི་སེམས་ཀྱི་ཞི་བདེ་རྒྱུན་སྐྱོང་བྱེད་པར་ཕན་ཐོགས་ཆེ། དེང་གྱི་ཆར་ངའི་གྲོགས་པོ་རྙིང་པ་མང་པོ་ཞིག་དང་ཐུག་འཕྲད་བྱུང་བའི་སྐབས། ཁོང་ཚོས་ངའི་གདོང་པ་མཐོང་བ་དང་། ད་དུང་གཞོན་ཉམས་དོད་པོ་ཞེ་དྲགས་འདུག་ཟེར་གྱི་འདུག བྱས་ཙང་མི་མང་པོ་ཞིག་གི་གཞོན་ཉམས་དོད་པོ་ཉར་བའི་གསང་ཐབས་ཤེས་འདོད་བྱེད་ཀྱི་འདུག སྤྱིར་བཏང་ནས་ངས་མི་རྣམས་ལ་ཆུ་ཚོད་བརྒྱད་དམ་དགུའི་གཉིས་ཡག་པོ་ཁུག་ན་དེས་སེམས་ཀྱི་ཞི་བདེར་ཕན་ཐོགས་ཆེན་པོ་འདུག་ཅེས་ཞུ་གི་ཡོད། དོན་དངོས་ཐོག་དེ་རྐྱེན་ཞིག་ཡིན་ངེས། འོན་ཀྱང་ང་ཚོའི་སེམས་ཀྱི་གནས་སྟངས་ལྷིང་པོ་དང་ལྷོད་པོ་ཞིག་ཡོད་པའི་ཁེ་ཕན་ངོ་མ་དེ་གང་ཡིན་ནམ་ཞེ་ན།

སེམས་ལྷོད་པོ་ཡོད་ན་དེས་གཤག་བཅོས་ལྟ་བུ་བྱས་རྗེས་རྨ་ཁ་གསོ་བར་ཕན་རླབས་ཤིན་ཏུ་ཆེ། ངོས་ཀྱི་མཁྲིས་སྣོད་ལ་གཤག་བཅོས་བྱེད་དགོས་བྱུང་བའི་སྐབས། ཚབས་ཧ་ཅང་ཆེ། ཕྱིས་སུ་གཤག་བཅོས་སྨན་པས། སྤྱིར་བཏང་གཤག་བཅོས་དེ་རིགས་བྱེད་པར་སྐར་མ་བཅོ་ལྔ་ནས་ཉི་ཤུ་བར་འགོར་གྱི་རེད། འོན་ཀྱང་ངའི་ནད་གཞི་ཚབས་ཆེ་བས། ཧ་ལམ་ཆུ་ཚོད་གསུམ་ཙམ་འགོར་སྲིད་ཅེས་གསུང་གྱི་འདུག ངའི་མཁྲིས་སྣོད་ཆེན་པོ་ཆགས་ཏེ་ལྡབ་གཉིས་ཙམ་ཆེ་རུ་སོང་བ་དང་རྣག་མང་པོ་བསགས་འདུག འོན་ཀྱང་ཉིན་ལྔའི་ནང་དྲག་སྐྱེད་བྱུང་། དེ་འདྲ་རེད། དེར་བརྟེན་སེམས་ལྷོད་པོ་དང་བཟང་ཕྱོགས་ནས་ལྟ་རྒྱུ་ནི་ལུས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་དང་། ཅི་སྟེ་གནས་ཚུལ་སྡུག་ཅག་ཅིག་བྱུང་ནའང་། མགྱོགས་མྱུར་སླར་གསོ་ཐུབ་པ་ཡོང་གི་ཡོད། དེས་ན་འཕྲོད་བསྟེན་ཡག་པོ་ཡོང་བར་སེམས་ཀྱི་ཞི་བདེ་ཧ་ཅང་དགོས་གལ་ཆེ།

ནང་གི་མཛེས་ཉམས་དང་ཕྱིའི་མཛེས་ཆ།

ཕྱེད་བསྟན་བཤིག་དང་ཕྱེད་ཀུ་རེའི་ཚུལ་དུ་ངས་འདིར་བརྗོད་རྒྱུར། བུད་མེད་ཁ་ཤས་བྱུང་རྫས་ཐོག་དངུལ་ཧ་ཅང་མང་པོ་འགྲོ་སོང་གཏོང་རྒྱུར་དགའ་པོ་ཡོད། ཁ་ཤས་ཀྱིས་ངོ་གདོང་ལ་སྔོན་པོ་དང་ལྗང་ཁུ་སོགས་ཚོན་འདྲ་མིན་བྱུག་གི་ཡོད། གཞན་གྱི་བལྟས་ན་མཛེས་པོ་དེ་ཙམ་མི་མཐོང་། འོན་ཀྱང་ཁོ་རང་ཚོའི་བསམ་པར་སྙིང་རྗེ་པོ་ཞེ་དྲགས་མཐོང་གི་ཡོད། མི་རྣམས་ཀྱིས་ཕྱིའི་མཛེས་ཉམས་ལ་དོ་སྣང་ཆེ་བ་བྱེེད་ཀྱི་ཡོད། ཉིན་གཞན་ཞིག་ལ་མི་མང་ལ་གཏམ་བཤད་བྱེད་པའི་སྐབས། བུད་མེད་གཅིག་གིས་སྐྲ་སྔོན་པོ་བཟོས་འདུག མཐོང་སྣང་ལ་མི་མཛེས་པ་ཞེ་དྲགས་འདུག དེར་བརྟེན་ངས་ཁོ་མོར་རྩེད་མོའི་རྣམ་པར་སྐྲ་སྔོན་པོ་བཟོས་ན་སྙིང་རྗེ་པོ་འདུག་ཅེས་བཤད་པ་ཡིན། ཕྱིའི་རྣམ་པ་གལ་ཆེན་པོ་ཡིན། འོན་ཀྱང་དེ་ལས་གལ་ཆེ་བ་ནི་ནང་གི་རྣམ་པ་ཡིན། ཕྱིའི་མཛེས་ཆར་འགྲོ་སོང་མང་པོ་གཏོང་མཁན་གྱི་བུད་མེད་རྣམས་ཀྱིས་ཐུགས་རྗེ་གཟིགས། ནང་སེམས་ཀྱི་མཛེས་ཆར་དོ་སྣང་མང་ཙམ་བྱེད་རོགས་གནང་། དེ་ལྟར་བྱུང་ན་དགེ་མཚན་ཤིན་ཏུ་ཆེ།

སེམས་དང་མྱོང་ཚོར་གཉིས་ཤེས་ཡོན་གྱི་སློབ་གཞི་ལྟར་སྦྱོང་དགོས་སྐོར།

ང་ཚོས་ཚན་རིག་གི་རྙེད་དོན་སྐོར་ཤོད་ཀྱི་ཡོད། ནང་སེམས་ཀྱི་ཞི་བདེ་ངོ་མ་དེ་ཧ་ཅང་གལ་འགངས་ཆེ། སེམས་ཀྱི་ཞི་བདེའི་རྨང་གཞི་ནི་རང་གིས་རང་ལ་གདེངས་་སྤོབས་དང་ནང་སེམས་ཀྱི་སྟོབས་ཤུགས་ཡིན་ཅིང་། དེ་དག་ནི་བྱམས་བརྩེ་དང་སྙིང་རྗེ་ཉམས་ལེན་བྱེད་པ་ལས་ཡོང་གི་ཡོད། དེ་ཡང་གཞན་ལ་གུས་ཞབས་དང་སེམས་ཁུར་བྱེད་པའི་ཐོག་ནས་ཡོང་དགོས། དེ་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་བྱ།

སྔོན་འགྲོའི་སློབ་གྲྭ་ནས་བཟུང་གཙུག་ལག་སློབ་གྲྭ་ཆེན་མོ་བར། ང་ཚོས་སེམས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་ཐུབ་ལ་མྱོང་ཚོར་ལ་གདོང་ལེན་བྱེད་སྟངས་སྦྱོང་ཐུབ། དེ་དང་འབྲེལ་བའི་སློབ་གཞི་ནི་ཧ་ཅང་རྒྱ་ཆེན་པོ་ཡོད། སེམས་དང་མྱོང་ཚོར་ཐད་འགྲེལ་བཤད་མང་པོ་ཡོད་ཅིང་དེ་གཉིས་ཀྱི་འབྲེལ་བའི་ཐད་ལ་མང་པོ་ཡོད། སེམས་ཀྱི་ཆ་ཤས་ཤིག་ནང་གང་ཡང་རུང་བ་ཞིག་བྱུང་ན་དེའི་འབྲས་བུར་ཆ་ཤས་གཞན་ཞིག་ལ་ཤུགས་རྐྱེན་སྦྱིན་གྱི་ཡོད་པ་སོགས་རྒྱུ་འབྲས་ཀྱི་རྣམ་གཞག་མཐོང་ཐུབ། དེ་ལ་གདོང་ལེན་བྱེད་པར་ང་ཚོས་སེམས་དང་ཀླད་པ་གཉིས་ཕན་ཚུན་འབྲེལ་བ་ཡོད་པའི་ཚུལ་ལ་བསམ་བློ་ཞིབ་ཚགས་པོ་གཏོང་དགོས།

སློབ་གཞི་རྒྱ་ཆེན་པོ་དེ་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་སློབ་སྦྱོང་བྱས་ན་དགེ་མཚན་ཆེན་པོ་ཡོད། ཨ་རིའི་ནང་འདས་པའི་ལོ་ཤས་ནང་ཚན་རིག་པ་རྣམས་ཀྱིས་གནས་ཚུལ་དེ་དག་ཐོག་ཉམས་ཞིབ་བྱས་ཏེ། མངོན་གསལ་དོད་པའི་གྲུབ་འབྲས་གང་འཚམ་ཐོན་ཡོད། དེའི་འབྲས་བུར། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ཤེས་ཡོན་གཞན་ལྟར་སློབ་ཁྲིད་བྱེད་ཀྱི་ཡོད། ད་ལྟ་ང་ཚོས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་ལ་གཞི་བཞག་སྟེ་གཏན་འབེབས་སློབ་ཚན་གྱི་ཟིན་བྲིས་འཆར་འགོད་བྱེད་བཞིན་ཡོད། དེ་ནི་ཆོས་དང་མ་འབྲེལ་བའི་ཤེས་ཡོན་ཐད་ཧ་ཅང་འཇུག་པོ་ཡོང་ངེས།

གལ་ཏེ་ཁྱེད་རྣམས་ལ་གོ་སྐབས་བྱུང་ཚེ། འདིར་ཕེབས་པ་རྣམས་དང་། ལྷག་པར་དུ་ཤེས་ལྡན་མི་སྣ། མཁས་དབང་རྣམས་ཀྱིས་དེའི་ཐོག་བསམ་བློ་མང་ཙམ་བཏང་ནས་བགྲོ་གླེང་འདྲ་ཚུགས་ཐུབ་ན་དཔེ་ཡག་པོ་རེད། ད་ལྟའི་ཆར་ཤེས་ཡོན་ལམ་ལུགས་ཁྲོད་བསམ་བློའི་ཀུན་སྤྱོད་ཀྱི་སློབ་ཚན་ཏག་ཏག་ཅིག་མེད། བྱས་ཙང་དེའི་སླད་མི་རྣམས་ཀྱིས་ཆོས་ལ་བརྟེན་གྱི་ཡོད། མ་གཞི་དེ་ཡག་པོ་ཡིན་ཀྱང་། ཆོས་ལ་ཡིད་ཆེས་མེད་མཁན་མང་པ་ཡོད་པས་ཆོས་ལུགས་ཀྱི་ལྟ་ཚུལ་ནི་ཚང་མའི་བློ་ལ་འཐད་པོ་མེད། ཁག་པོ་ཞེ་དྲགས་ཡོད། དེར་བརྟེན་ང་ཚོས་འཇིག་རྟེན་ཡོངས་ཀྱིས་ཁས་ལེན་ཐུབ་པའི་ཆོས་དང་མ་འབྲེལ་བའི་ལམ་ཞིག་འཚོལ་དགོས།

གྲུབ་སོང་། ད་དྲི་བ་དྲི་ལན་བྱེད་ཀྱི་ཡིན།

དྲི་བ་དྲི་ལན

དྲི་བ། ༸གོང་ས་མཆོག ངས་བཀའ་འདྲི་ཞུ་དགོས་པའི་བསམ་པའི་གནད་དོན་ཐོག་ཁྱེད་ཀྱིས་འགྲེལ་བཤད་ཟུར་ཙམ་གནང་གྲུབ་སོང་། འོན་ཀྱང་དཔྱིལ་ཕྱིན་པའི་ཤེས་པའི་ཆེད། ཡང་བསྐྱར་བཀའ་འདྲི་ཞུ་འདོད་བྱུང་། དགོངས་པ་མ་འཚོམས་རོགས་གནང་། སློབ་གྲྭ་ཁག་དང་གཙུག་ལག་སློབ་གཉེར་ཁང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་ཁྲིད་བྱེད་ཕྱོགས་ཐད་ཁྱེད་ནས་གཞན་དང་མཉམ་དུ་སློབ་ཁྲིད་ཀྱི་ལས་འཆར་རན་པོ་ཞིག་གསར་འཛུགས་གནང་གི་ཡོད་དམ། གནང་གི་ཡོད་ན། ཁྱེད་ལ་ཤེས་ཡོན་ནམ་དཔལ་འབྱོར་གྱི་ཆ་ནས་རྒྱབ་སྐྱོར་གནང་མཁན་དེ་འདྲ་ཡོད་དམ།

༸གོང་ས་མཆོག རྒྱ་གར་ནང་ལྡི་ལིར་ཡོད་པའི་གཙུག་ལག་སློབ་གྲྭ་འགའི་རོགས་རམ་ཡོད་པའི་ཐོག་ནས་ང་ཚོས་གཏན་འབེབས་སློབ་ཚན་གྱི་ཟིན་བྲིས་ཐད་ལས་དོན་འགོ་བཙུགས་ཟིན་པ་ཡིན། དེའི་སྐོར་ངས་གོང་དུ་བརྗོད་པ་ཡིན། དེ་ནས་ང་ཚོར་སེམས་དང་ཚེ་སྲོག་གི་བསྟི་གནས་ཡོད། ཨ་རིའི་ནང་ལ་མཚོན་ན། ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་དང་། ཨི་མོ་རི་གཙུག་ལག་སློབ་གྲྭ། སི་ཊན་ཧྥོརཌི་གཙུག་ལག་སློབ་གྲྭ་སོགས་ཀྱི་ནང་གང་ཟག་སྒེར་གྱི་སྣེ་ཁྲིད་འོག་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཤེས་ཡོན་ལག་བསྟར་བྱེད་བཞིན་ཡོད། དེ་བཞིན་བསྟི་གནས་དེ་ཡུ་རོབ་ནང་དུའང་རྒྱ་སྐྱེད་བཏང་ཟིན། མི་རིང་བར་ང་ཚོས་ལྡི་ལིའི་ཕྱི་ནང་གང་རུང་དུ་འཛུགས་འཆར་ཡོད། ད་ལྟ་བར་དུ་དེའི་ཐོག་ཤུགས་སྣོན་བརྒྱབ་པ་ཡིན། ནམ་ཞིག་གཏན་འབེབས་སློབ་ཚན་གྲུབ་པ་དང་། གཅིག་བྱས་ན་ང་ཚོས་དགེ་རྒན་འགའ་ཞིག་ལ་སྦྱོང་བརྡར་སྤྲད་དེ་ལག་བསྟར་བྱེད་ཐུབ་པ་སྲིད། དེ་ལག་བསྟར་བྱེད་འོས་པ་ཞིག་ཡིན། ང་ཚོས་བལྟ་རྒྱུ་རེད།

དྲི་བ། ༸གོང་ས་མཆོག རྒྱུ་སྐར་དང་འདིའི་ནང་ཡོད་པའི་འཛམ་གླིང་དང་། རྩི་ཤིང་། དུད་འགྲོ། ཡིད་འཕྲོག་པའི་འགྲོ་བ་མི་བཅས་ཚང་མར་ང་རང་དགའ་པོ་ཡོད། འོན་ཀྱང་འགྲོ་བ་མི་རྣམས་ཀྱིས་རྒྱུན་དུ་རྒྱུ་སྐར་གཏོར་བཤིག་གཏོང་གི་ཡོད། དཔེར་ན། ཆུང་ས་ནས་བཤད་ན་འགྱིག་དམ་ཉོ་བ་དང་། ཆེ་ས་ནས་ཤིང་ནགས་གཅོད་འབྲེག་ལྟ་བུ་བྱེད་ཀྱི་ཡོད། ངས་ངང་རྒྱུད་རིང་པོ་བྱེད་དགོས་པ་ཤེས་ཀྱི་ཡོད། འོན་ཀྱང་བྱ་སྤྱོད་དེ་འདྲ་མཐོང་བ་དང་། ཚེ་སྲོག་གཞན་ཞིག་འཆི་འགྲོ་བ་དང་སྡུག་བསྔལ་གྱིས་མནར་བ་མཐོང་སྐབས། སེམས་ནང་ཁོང་ཁྲོ་ཤུགས་ཆེན་པོ་བསྐྱེད་ནས་དེ་ལ་འཐབ་རྩོད་བྱེད་འདོད་ཡོང་གི་འདུག དེར་བརྟེན་ངའི་དྲི་བ་ནི། སྒྲུབ་ཕྱོགས་ཀྱི་ཁོང་ཁྲོ་ཞིག་ཡོད་དམ། ངས་བྱམས་བརྩེའི་ཐོག་ནས་འཐབ་རྩོད་བྱེད་ཐུབ་བམ།

༸གོང་ས་མཆོག ངས་གོང་དུ་བཤད་པ་ལྟར་ཁོང་ཁྲོ་ནི་ཀུན་སློང་དང་འབྲེལ་བ་ཡོད། གཞན་ལ་སེམས་ཁུར་བྱེད་པའི་ཐོག་ནས་ཁོང་ཁྲོ་བྱེད་པ་གཅིག་དང་། ཞེ་སྡང་གི་ཀུན་ནས་བསླངས་པའི་ཁོང་ཁྲོ་གཅིག་ཡོད། དེ་གཉིས་ཐ་དད་ཡིན།

དྲི་བ། ༸གོང་ས་མཆོག འདི་གར་ཆིབས་སྒྱུར་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་གསུང་ཐོས་པ་དང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེ། ང་ལ་དྲི་བ་སྟབས་བདེ་ཞིག་ཡོད། གལ་སྲིད་ཁྱེད་ལ་སང་ཉིན་དུས་ཚོད་སྟོང་པ་ཞིག་ཡོད་ན། ག་རེ་གནང་འདོད་ཡོད་དམ། ཐུགས་རྗེ་ཆེ།

༸གོང་ས་མཆོག སྤྱིར་བཏང་ནས་ང་ལ་དུས་ཚོད་བྱུང་ན་གཙོ་ཆེ་བ་བོད་ཡིག་ནང་ངས་ནང་པའི་དཔེ་ཆ་ཀློག་གི་ཡོད། བོད་བརྒྱུད་ནང་བསྟན་ནང་། གཞུང་པོད་གསུམ་བརྒྱ་ཙམ་ཡོད། དེ་དག་ལས་པོད་བརྒྱ་སངས་རྒྱས་ཉིད་ཀྱི་བཀའ་ཡིན། ཧ་ལམ་ཡི་ཤུའི་གསུང་རབ་དང་འདྲ། དེ་ནས་པོད་ཉིས་བརྒྱ་བསྟན་བཅོས་ཡིན། དེར་བརྟེན་དཔེ་ཆ་དེ་མཆོད་པའི་ཡུལ་ཙམ་མིན་པར་སློབ་སྦྱོང་བྱེད་དགོས་པའི་གཞུང་ཞིག་ཡིན་ཅེས་ངས་རྒྱུན་དུ་བོད་རིགས་ཚོར་བརྗོད་ཀྱི་ཡོད། ངས་མི་གཞན་རྣམས་ལ་དེ་ལྟར་བརྗོད་པ་བཞིན་ ང་རང་གི་ངོས་ནས་ཀྱང་དཔེ་ཆ་དེ་དག་ཀློག་ཐབས་བྱེད་དགོས་ཀྱི་ཡོད། པོད་གསུམ་བརྒྱ་ཡོད་པ་ལས་ད་བར་ངས་ཧ་ལམ་པོད་སུམ་ཅུ་ནས་བཞི་བཅུའི་བར་བཀླགས་ཡོད་ཀྱི་རེད། བྱས་ཙང་ད་དུང་ཀློག་རྒྱུ་མང་པོ་ལྷག་ཡོད། ང་ལ་ཉིན་གཉིས་ཀྱི་དུས་ཚོད་སྟོང་པ་བྱུང་ན། གཅིག་བྱས་ན་གངས་རི་ཡོད་སའི་ས་ཆར་ཕྱིན་ཏེ། གངས་ལ་བལྟ་འདོད་ཡོད།

དྲི་བ། ༸གོང་ས་མཆོག འཛམ་གླིང་འདིའི་ནང་ཁྱེད་རང་གིས་ཆོས་ལ་དད་པ་ཡོད་མཁན་མི་ཐེར་འབུམ་དྲུག་དང་མེད་མཁན་ཐེར་འབུམ་གཅིག་ཡོད་སྐོར་གསུང་སོང་། ང་ལ་བསམ་ཚུལ་གཅིག་ཡོད་པ་ནི། དེ་གཉིས་ཀ་མིན་པའི་མིའི་རིགས་ཀྱི་སྡེ་ཚན་གསུམ་པ་ཞིག་ཡོད། ཁོང་ཚོ་སྲོལ་རྒྱུན་ཆོས་ལུགས་ཤིག་གི་བསྟི་གནས་ནང་འདུག་རྒྱུར་དགའ་པོ་མེད། འོན་ཀྱང་ཁོང་ཚོ་ཆོས་ཁས་མི་ལེན་མཁན་མ་ཡིན། ཁོང་ཚོས་ཆོས་ལུགས་ཀྱི་བསྟི་གནས་ཤིག་གི་མཚམས་ལས་འདས་ནས་སེམས་དོན་གྱི་བསླབ་བྱ་འདོད་ཀྱི་ཡོད། དེར་བརྟེན་ཁོང་ཚོར་ཁྱེད་ཀྱིས་བཀའ་སློབ་གང་གནང་འཆར་ཡོད་དམ།

༸གོང་ས་མཆོག ལོ་མང་སྔོན་ང་ལ་སི་ཊོག་ཧོམ་(Stockholm)ནང་མི་ཁ་ཤས་གྲུབ་པའི་སྡེ་ཚན་ཆུང་ཆུང་ཞིག་ཐུག་བྱུང་། ཁོང་ཚོས་ད་ཡོད་ཀྱི་སྲོལ་རྒྱུན་ནམ་ཆོས་ལུགས་བྱེ་བྲག་པ་ཞིག་ལ་དགའ་མོས་གང་ཡང་བྱེད་ཀྱི་མི་འདུག འོན་ཀྱང་ཁོང་ཚོས་སེམས་དོན་གྱི་ཆོས་དོན་གཉེར་བྱེད་ཀྱི་འདུག དེ་འདྲ་ཡོད་པ་བདེན་པ་རེད། འོན་ཀྱང་ཁྱེད་རང་ཚོས་དུས་རབས་གསར་པའམ་འདི་ནས་ཏོག་ཙམ་བླངས། ཡང་དེ་ནས་ཏོག་ཙམ་བླངས་ཏེ་ཕན་ཚུན་བསྲེས་ནས་ཆེན་པོ་ཞིག་བཟོས་ཀྱང་དེ་ལ་ཕན་ཐོགས་ཞེ་དྲགས་མེད།

ངའི་བསམ་པར། སོ་སོ་རང་ཉིད་ཕྱི་དངོས་པོའི་དགོས་མཁོར་འདོད་པ་ཚིམས་པ་ཙམ་མིན་པར། དེའི་སྟེང་གཏིང་ཟབ་པའི་རིན་ཐང་འཚོལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེ། ང་ཚོས་སོ་སོའི་མི་ཚེར་བརྟག་དཔྱད་བྱེད་རྒྱུ་གལ་ཆེ་ཞིང་། ང་ཚོའི་བདེ་སྐྱིད་དེ་དཔེར་ན། དབང་ཤེས་ལ་བརྟེན་ནས་འདོད་པ་ཚིམས་པ་ལྟ་བུའི་ཐོག་ནས་ཡོང་གི་མེད་པ་ཤེས་དགོས། དཔེར་ན། རོལ་དབྱངས་ཤིག་བཏང་ན་རང་ཉིད་ལ་འདོད་པ་ཚིམས་ཀྱི་ཡོད། འོན་ཀྱང་རོལ་དབྱངས་མཚམས་བཞག་པ་དང་འདོད་པ་ཚིམས་ནས་སྡོད་ཀྱི་མེད། ནང་སེམས་ཀྱི་རིམ་པའི་ཐོག་དད་པའམ་སྙིང་རྗེའི་ཚོར་སྣང་སྟོབས་ཆེན་ཞིག་ཡོད་ན། གཏན་དུ་གནས་པའི་འདོད་པ་ཚིམས་པ་ཞིག་ཡོང་གི་ཡོད།

དྲི་བ། ཁྱེད་ལ་མཚོན་ན། མི་ཞིག་གི་མི་ཚེའི་ནང་གལ་ཆེ་ཤོས་ཀྱི་དངོས་པོ་གང་ཡིན་ནམ།

༸གོང་ས་མཆོག ངས་རྒྱུན་དུ་མི་རྣམས་ལ་མི་ཚེའི་དགོས་དོན་གཙོ་བོ་དེ་ནི་མི་ཚེ་སྐྱིད་པོ་ཞིག་ཡོང་རྒྱུ་དེ་ཡིན་ཅེས་བརྗོད་ཀྱི་ཡོད། བདེ་སྐྱིད་དང་དགའ་ཉམས་དེ་སྒྲུབ་པར། ང་ཚོས་དབང་ཤེས་དང་ཉམས་མྱོང་གྱི་རིམ་པའི་ཐོག་ནམ་ཡང་མ་བརྟེན་པར། ང་ཚོའི་སེམས་ཀྱི་གནས་སྟངས་ལ་བརྟེན་དགོས། དེར་བརྟེན་སྤྱིར་བཏང་ནས་ང་ཚོས་སོ་སོའི་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་མང་ཙམ་བྱེད་དགོས་ཞེས་ངས་ཤོད་ཀྱི་ཡོད། ཐུགས་རྗེ་ཆེ།