བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། > ཆོས་ལུགས་འདྲ་མིན་ནང་ཁུལ་དུ་མཐུན་སྒྲིལ་འཛུགས་པ།

ཆོས་ལུགས་འདྲ་མིན་ནང་ཁུལ་དུ་མཐུན་སྒྲིལ་འཛུགས་པ།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
ཧྥ་རན་སི། ནནྟ། ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༥ ཉིན།
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་ཕབ་སྒྱུར་དང་ཕྱོགས་སྒྲིག་རོབ་ཙམ་ཞུས།

ཆོས་ལུགས་སྒྱུར་བའི་ཉེན་ཁ།

འཛམ་བུ་གླིང་འདིའི་ནང་ཆོས་ལུགས་དང་རིག་གཞུང་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་དེ་དག་རེ་རེ་ནས་སོ་སོའི་མི་རིགས་ལ་རན་ཞིང་འཚམས་པར་འཕེལ་རྒྱས་འགྲོ་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ནས་རྒྱུན་དུ་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ཉར་ཚགས་བྱེད་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ནང་འཇེའུ་དང་ཁ་ཆེ་རེ་ཟུང་ཡོད་ནའང་མི་ཕལ་ཆེ་བ་ཡེ་ཤུ་ཡིན་པ་རེད། ཁོང་ཚོའམ་མི་སུ་ཞིག་ལ་མཚོན་ནའང། ཆོས་ལུགས་བསྒྱུར་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་དང་སྐབས་རེ་དེས་ཐེ་ཚོམ་གྱི་དྲ་བར་འཚུད་ངེས།

དེར་ངོས་ནས་རྒྱུན་དུ་བརྗོད་པའི་དཔེ་མཚོན་གཅིག་ཡོད། ལོ་རབས་དྲུག་ཅུ་པའི་འགོ་སྟོད་དུ་ང་ཚོ་བོད་པ་ཚོས་དཀའ་ངལ་ཆེན་པོ་མྱངས་པ་རེད། དེའི་སྐབས་སུ་ཡེ་ཤུའི་ཚོགས་པ་མང་པོས་ང་ཚོར་རོགས་སྐྱོར་བྱེད་པར་བསླེབས། བུ་ཕྲུག་ཆུང་ཆུང་ཁ་ཤས་ཡོད་པའི་བོད་པའི་བུད་མེད་ཅིག་ཡོད་པ་དང་ཁོ་མོར་གནས་སྟངས་དཀའ་ངལ་ཆེན་པོ་ཞིག་ཕྲད་ཡོད། དེ་ནས་ཡེཤུའི་ཆོས་སྤེལ་མཁན་ཞིག་བསླེབས་ནས་ཁོ་མོའི་ཕྲུ་གུ་རྣམས་ཡེ་ཤུའི་སློབ་གྲྭ་ཞིག་ཏུ་སློབ་ཞུགས་བྱེད་རྒྱུར་ཁས་བླངས་པ་རེད། ཉིན་ཞིག་ཁོ་མོ་ངོས་ཀྱི་འགྲམ་དུ་བསླེབས་ནས་མོ་རང་གི་མི་ཚེ་འདིར་ཡེ་ཤུ་ཞིག་བྱེད་རྒྱུ་ཡིན། འོན་ཀྱང་སྐྱེ་བ་ཕྱི་མར་ནང་པ་ཞིག་བྱེད་རྒྱུ་ཡིན་ཞེས་ཟེར་གྱི་འདུག དེས་ཁོ་མོར་ཆོས་ལུགས་ཐད་ཐེ་ཚོམ་ཡོད་པ་གསལ་པོར་སྟོན་གྱི་ཡོད། གལ་ཏེ་ཁོ་མོ་སྐྱེ་བ་ཕྱི་མར་ལྷ་ཡུལ་དུ་ཕྱིན་པ་ཡིན་ན། མོ་ལ་ནང་པ་བྱེད་རྒྱུའི་དགའ་མོས་མི་འོང་བ་དང་། གལ་ཏེ་མོ་རང་དམྱལ་བར་ཕྱིན་ཚེ། མོས་ནང་པ་ཞིག་བྱེད་མི་ཐུབ་བོ། །

ད་དུང་པོའོ་ལན་ཌི་ (Poland) བུད་མེད་རྒན་མོ་གཅིག་ཡོད། ངོས་ཀྱིས་ཕྱི་ལོ་ ༡༩༥༦ ནས་ཁོ་མོ་ངོ་ཤེས་པ་རེད། ཕྱི་ལོ་ ༡༩༥༩ ནས་བཟུང་ཁོ་མོས་ཤེས་ཡོན་ལ་དོ་དབྱིངས་ཤུགས་ཆེ་བྱས་པ་དང་བོད་པའི་སློབ་ཕྲུག་ཁ་ཤས་ལ་སློབ་ཡོན་སྤྲད་པ་རེད། ཁོ་མོ་ནང་ཆོས་ལ་དགའ་མོས་བསླེབས། འོན་ཀྱང་དེའི་སྔོན་ལ་མོ་རང་མཱ་ཌ་ར་སེ་ (Madras) ནང་གི་འཇིག་རྟེན་བཀོད་པ་པོ་ཐི་ཡོ་སོ་ཕི་ (Theosophy) འམ་ལྷ་ལམ་སྨྲ་བ་ཆོས་ལུགས་འདོད་མཁན་ཞིག་ཡིན་པ་རེད། ཁོ་མོར་ཆོས་ལུགས་རིས་མེད་ཀྱི་བསམ་ཚུལ་འདྲ་པོ་ཞིག་ཡོད་བཞིན་པ་ཡིན་ནའང། ཁོ་མོས་ནང་པའི་ཆོས་དེ་མོ་རང་སྒེར་གྱི་ཆོས་ལུགས་སུ་ཁས་ལེན་བྱེད་ཀྱི་ཡོད། ཁོ་མོའི་མི་ཚེའི་མཐའ་མཇུག་ཏུ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་དེ་མོའི་སེམས་དང་ཐག་ཉེ་རུ་འགྲོ་བ་ལྟ་བུར་སྣང་བ་དང་འདིས་ཀྱང་ཐེ་ཚོམ་གྱི་རྟགས་མཚན་ཞིག་སྟོན་གྱི་ཡོད། དེ་འདྲ་སོང་བ་ཡིན་ཙང། སོ་སོའི་ཆོས་ལུགས་རྒྱུན་འཛིན་བྱེད་རྒྱུ་ནི་ལེགས་ཤོས་ཡིན་པ་རེད།

དེ་ལྟ་ནའང། མི་ས་ཡ་མང་པོའི་དཀྱིལ་ནས་ཁ་ཤས་ཤར་ཕྱོགས་པའི་ཆོས་ལུགས་དང་དམིགས་བསལ་གྱིས་ནང་པའི་ཆོས་ལ་ལྷན་སྐྱེས་ཀྱི་དོ་དབྱིངས་ཤིག་སླེབ་ཀྱི་ཡོད། མི་དེ་རྣམས་ཀྱིས་བསམ་བློ་གཟབ་གཟབ་བྱས་ནས་གཏོང་དགོས། གལ་ཏེ་ཁོང་ཚོས་ནང་ཆོས་དེ་སོ་སོའི་རང་གཤིས་ལ་དེ་བས་འཚམ་པོ་ཡོད་ན་སྐྱོན་མེད་པས་འགྲིག་པ་རེད། བོད་པ་རྣམས་ཀྱི་དབུས་སུའང་ང་ཚོ་བརྒྱ་ཆ་ ༩༩ ནང་པ་ཡིན། འོན་ཀྱང་འདས་པའི་དུས་རབས་བཞིའི་རིང་ལ་དྭགས་ཀྱི་ཁ་ཆེ་ཁ་ཤས་བོད་ནང་གནས་སྡོད་བྱེད་བཞིན་ཡོད་ཅིང། ཁོང་ཚོས་བོད་པ་དང་གཉེན་སྒྲིག་བྱས་ཏེ་ཁོང་ཚོའི་ཕྲུ་གུ་རྣམས་ཁ་ཆེ་ཆགས་པ་རེད། ད་དུང་ཨ་མདོ་ས་ཁུལ་དུ་ཡེ་ཤུ་ཁ་ཤས་ཡོད་བཞིན་པ་རེད། དེར་བརྟེན་གཉི་ག་ལྷན་དུ་གནས་རྒྱུར་དཀའ་ངལ་གང་ཡང་མེད།

ད་དུང་ངོས་ནས་ངེས་པར་དུ་བརྗོད་དགོས་པ་ཞིག་ལ། མི་ཞིག་གིས་ཆོས་ལུགས་གསར་པར་ཞུགས་པའི་སྐབས་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ལ་ལྟ་ཚུལ་ལོག་པ་ཞིག་གཏན་ནས་འཛིན་མི་ཉན། མིའི་རང་བཞིན་གྱི་ཆ་ཤས་སུ་དེ་འདྲའི་ལྟ་ཚུལ་ལོག་པ་ཞིག་རྒྱུན་དུ་འོང་བ་ཡིན། གལ་ཏེ་ཁྱེད་རང་གིས་སོ་སོའི་སྲོལ་རྒྱུན་རྙིང་པས་རང་ཉིད་ལ་ཕན་ཐོགས་ཆེར་མི་མཐོང་ནའང། དེ་ཕན་ཐོགས་ཆེར་མེད་པ་དེ་སྤྱི་ཡོངས་ཀྱི་ཐོག་ཁྱབ་ཀྱི་མེད། ཆོས་ལུགས་ཚང་མས་མིའི་རིགས་ལ་ཕན་པ་སྒྲུབ་ཀྱི་ཡོད། དམིགས་བསལ་གྱི་ཐོག་ནས་དཀའ་ངལ་གྱི་གནས་སྟངས་ནང་ལྷུང་བའི་སྐབས་ཆོས་ལུགས་ཚང་མས་རེ་བ་སྦྱིན་གྱི་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་། ང་ཚོས་ངེས་པར་དུ་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས་པ་ཡིན་ནོ། །

རང་གཞན་གྱི་ཆོས་ལུགས་ཕན་ཚུན་སློབ་སྦྱོང་ལེན་པ།

དེང་སང་གི་དོན་དངོས་ནི་འདས་པའི་དོན་དངོས་ལས་ཕྲན་བུའི་མི་འདྲ་བ་ཞིག་ཡོད་པ་རེད། འདས་པའི་ནང་སྲོལ་རྒྱུན་ཐ་དད་པའི་མི་རྣམས་གང་ཙམ་གྱིས་ལོགས་སུ་གནས་ཡོད། ནང་པ་རྣམས་ཨེ་ཤི་ཡའི་ནང་གནས་པ་དང། ཁ་ཆེ་རྣམས་དབུས་དཀྱིལ་དང་ཁ་ཤས་ཨེ་ཤི་ནང་གནས། ནུབ་ཕྱོགས་ནང་ཕལ་ཆེ་བ་ཡེ་ཤུའི་ནང་གནས་ཡོད། དེར་བརྟེན། འབྲེལ་བ་ཉུང་ངུ་ཞིག་ལས་མེད་པ་རེད། འོན་ཀྱང་ད་ལྟའི་ཆར་དུས་ཚོད་ཐ་དད་ཡིན། གནས་སྤོ་མང་པོ་བྱེད་པའི་རྦ་རླབས་གསར་པ་འཕྱུར་བཞིན་ཡོད་པ་སྟེ། གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་དང་མ་ཟད་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གྲྭ་སོགས་ཡོད་པ་རེད། ད་ལྟའི་ཆར་ནང་པའི་ཆོས་ཀྱི་སྐོར་ལ་གཏོགས་པའི་གནས་ཚུལ་ཧ་ཅང་མང་པོ་ཞིག་མཁོ་སྒྲུབ་བྱེད་སླ་བ་ཡིན། རྒྱུ་རྐྱེན་སྣ་ཚོགས་དེ་དག་ལ་བརྟེན་ནས་ང་ཚོའི་འཛམ་གླིང་སྤྱི་ཚོགས་དེ་བཞིན་ངོ་བོ་གཅིག་ལྟ་བུར་འགྱུར་ཡོད་པ་སྟེ། ངོ་བོ་གཅིག་ལ་རིག་གཞུང་འདྲ་མིན་དང་ཆོས་ལུགས་འདྲ་མིན་ནོ། །

དེར་བརྟེན་དེ་ལ་ཅི་ཞིག་འབྱུང་མིན་ལ་སྲིད་པའི་ཆ་གཉིས་ཡོད་པ་རེད། སྲིད་པའི་ཆ་དང་པོ་ནི་སྲོལ་རྒྱུན་འདྲ་མིན་དབར་གྱི་འབྲེལ་ལམ་ཉེ་པོ་བྱུང་བ་དེ་ལ་བརྟེན་ནས་སོ་སོ་རང་ཉིད་ཀྱི་སྲོལ་རྒྱུན་ཉེན་ཁའི་སེམས་ཚོར་ཕྲན་ཙམ་ཞིག་ཡོད་པ་ཡིན། སྲོལ་རྒྱུན་གཞན་རྣམས་ང་ཚོ་དང་འབྲེལ་ལམ་ཆེ་རུ་འགྲོ་བ་ལ་བརྟེན་ནས་ང་ཚོར་མི་བདེ་བ་ཕྲན་བུ་ཞིག་འོང་གི་ཡོད། དེ་ནི་ངན་ཕྱོགས་ཀྱི་སྲིད་པའི་ཆ་དེ་རེད། སྲིད་པའི་ཆ་གཉིས་པ་ནི་འབྲེལ་གཏུགས་ཆེ་བའི་དོན་དངོས་འདི་ལ་བརྟེན་ནས་འཚར་ལོངས་འབྱུང་བཞིན་པའི་སྲོལ་རྒྱུན་དབར་ལ་དོན་དམ་པའི་འཆམ་མཐུན་ཡར་རྒྱས་གཏོང་བའི་གོ་སྐབས་འབྱུང་སྲིད་པ་དེ་ཡིན། དེ་ནི་ཆེས་བཟང་ཕྱོགས་ཀྱི་སྲིད་པའི་ཆ་ཡིན་པས་ང་ཚོས་ད་ལྟ་ནས་དོན་དམ་གྱི་འཆམ་མཐུན་འཛུགས་རྒྱུར་འབད་རྩོལ་ངེས་པར་དུ་བསྟེན་དགོས། གལ་ཏེ་ང་ཚོས་རིགས་པའི་གཞུང་ལུགས་ཀྱི་གཞི་རྩ་མེད་པའི་ཆོས་ལུགས་ཏེ། ཉི་མ་དང་ཟླ་བ་ལ་སོགས་པའི་རིགས་ལ་ཆོས་བྱེད་རྒྱུར་དད་པ་ཙམ་ཡོད་པ་རྣམས་ཕུད་ནས་ཆོས་ལུགས་ཆེ་ཁག་སྟེ། ཡེ་ཤུ་དང། འཇེའུ། ཁ་ཆེ། ཧིན་དྷུའི་ཆོས་ལུགས་འདྲ་མིན་དང་། ནང་པའི་ལུགས། གཅེར་བུ་བ། ཏའོ་ཅའོ་ཆོས་ལུགས། ཁུང་རྩི་ལ་སོགས་མང་པོར་ལྟ་ཞིབ་བྱེད་དགོས། དེ་དག་རེ་རེར་སོ་སོའི་དམིགས་བསལ་ཁྱད་ཆོས་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་། འབྲེལ་གཏུགས་ཉེ་པོ་དེ་བརྒྱུད་ནས་ང་ཚོས་ཕན་ཚུན་ཤེས་བྱ་གསར་པ་ལེན་རེས་བྱེད་ཐུབ་ཅིང། ང་ཚོས་སོ་སོའི་སྲོལ་རྒྱུན་ཕྱུག་ཏུ་གཏོང་ཐུབ་ཡིན་ནོ། །

ང་ཚོ་བོད་རྒྱུད་ནང་པ་ཚོར་མཚོན་ན། ང་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱབ་ལ་ཁེར་རྐྱང་དུ་གནས་ཤིང། ང་ཚོར་འཛམ་གླིང་ཕྱི་ཕྱོགས་སུ་ཅི་ཞིག་བྱེད་ཀྱི་ཡོད་པའི་ཐོག་ལ་ཤེས་རྟོགས་མེད་པ་རེད། འོན་ཀྱང་ད་ལྟ་ནི་གནས་སྟངས་དེ་ཡོངས་སུ་འགྱུར་བ་ཐེབས་པ་རེད། ད་ལྟ་ནི་ལོ་ལྔ་བཅུ་ཙམ་ཕྱིན་པའི་རང་ཁྱིམ་མེད་པའི་སྐྱབས་བཅོལ་ལ་མཚོན་ན། ང་ཚོར་གནས་སྡོད་བྱེད་ས་གསར་པ་རྙེད་ཡོད་པ་དང་ལུང་པ་གཞན་གྱི་ནང་ནས་སྲོལ་རྒྱུན་གཞན་ལས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མང་པོ་ཐོབ་ཡོད་པ་རེད། དེ་ཧ་ཅང་གི་བེད་སྤྱོད་ཆེན་པོ་བྱུང་ཡོད། འདས་པའི་ནང་ང་ཚོས་རྒྱ་གར་ནང་ཤེས་ཡོན་སྤེལ་རེས་ཀྱི་ལས་རིམ་མང་པོ་གཉེར་ཡོད་ཅིང། ཡི་ཤུའི་ཆོས་གྲོགས་ཕོ་མོ་རྣམས་ཀྱིས་ང་ཚོའི་འགྲམ་ནས་སློབ་སྦྱོང་བྱེད་རྒྱུའི་དོན་དུ་རྒྱ་གར་ལ་བསླེབས་པ་དང་ང་ཚོའི་གྲྭ་བཙུན་ཁ་ཤས་ནུབ་ཕྱོགས་ལ་བསྐྱོད་ནས་ཡེ་ཤུ་ཆོས་ལུགས་ཀྱི་དགོན་སྡེ་ཁག་གི་ནང་ཉམས་མྱོང་བསགས་ཡོད། དེར་བརྟེན། དེ་འདྲའི་འབྲེལ་བ་དམ་ཟབ་ཀྱི་ལྷན་དུ་གལ་ཏེ་ང་ཚོས་སེམས་སྦུག་དོག་པོ་མ་བྱས་པར་གུ་ཡངས་པོ་བྱས་ཚེ་ཕན་ཚུན་གཅིག་ནས་གཅིག་གིས་གང་ཡང་རུང་བ་ཞིག་སློབ་སྦྱོང་བྱེད་ཐུབ། ལམ་དེ་བརྒྱུད་ནས་ང་ཚོས་ཕན་ཚུན་གཉིས་མོས་ཀྱི་གོ་རྟོགས་དང་གུས་བརྩི་གོང་འཕེལ་གཏོང་ཐུབ་པ་ཡིན། གང་ལྟར་ཡང་དོན་དངོས་གསར་པ་ཞིག་དེར་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང། ངོས་ཀྱི་བསམ་པར་ཆོས་ལུགས་འདྲ་མིན་གྱི་དབུས་སུ་ཕན་ཚུན་གཉིས་མོས་ཀྱི་འཆམ་མཐུན་གོང་འཕེལ་ཡོང་བ་དེ་གལ་འགངས་ཆེན་པོ་ཡིན། ངོས་རང་མ་ཤི་བའི་བར་གྱི་དམ་བཅའི་ནང་ནས་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་ཡིན། དེས་ཕན་ཐོགས་ཆེན་པོ་ཡོང་ངེས།

དེར་བརྟེན། ངོས་ནས་ཆོས་ལུགས་གཞན་གྱི་རྗེས་འཇུག་ཡིན་པའི་ནུབ་ཕྱོགས་སུ་ནང་པའི་ཆོས་ཀྱི་ཐོག་གཏམ་བཤད་བྱེད་པའི་སྐབས་དམིགས་ཡུལ་ནི་མི་དེ་དག་ལ་ནང་ཆོས་ཀྱི་གོ་རྟོགས་གང་ཙམ་ཞིག་བསླེབ་རྒྱུར་ཕན་ཐོགས་བྱེད་རྒྱུ་དེ་ཡིན། དེས་བཟོད་སྒོམ་ཡར་རྒྱས་ལ་ཕན་ནུས་འཐོན་ངེས། དེ་ནས་ད་ལྟའི་ཡེ་ཤུའི་མཆོད་དཔོན་པཱོབ་ཀྱིས་ནན་ཆེར་བརྗོད་གནང་བ་དང་ཕལ་ཆེར་འདྲ་བ་སྟེ། རྒྱུ་མཚན་དང་དད་པ་གཉི་གའི་ཐོག་ལྷན་དུ་ནན་བཤད་དགོས་པ་ཡིན། དེ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་མེད་ན་སྐབས་རེ་དད་པ་ནི་འབྲེལ་མེད་ཙམ་དུ་ལུས་ཀྱི་ཡོད། འོན་ཀྱང་རྒྱུ་མཚན་ཡོད་ན་དད་པ་ནི་འབྲེལ་བ་ཆེན་པོ་ཡོད་པའི་མི་ཚེའི་ཆ་ཤས་སུ་འགྱུར་གྱི་ཡོད། དཔེར་ན། འཇིག་རྟེན་བཀོད་པ་པོར་དད་པ་བྱེད་པ་དེ་གང་ཟག་ཞིག་དཀའ་ངལ་ནང་དུ་ལྷུང་བའི་དུས་ལྟ་བུར་ཕན་ཐོགས་ཆེན་པོ་ཡོང་བ་སྟེ། དེས་མི་དེར་རེ་བ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། ང་ཚོས་ཁོང་ཁྲོ་དང་། ཞེ་སྡང་། ཕྲ་དོག །གཞན་མགོ་སྐོར་འདོད་དང་ཐུབ་ཚོད་གཏོང་འདོད་ཀྱི་བསམ་པའི་ཐོག་ལ་བསམ་བློ་བཏང་ཚེ། དེས་ན་ང་ཚོར་དད་པ་ཡོད་ན་དད་པ་དེས་སེམས་ཚོར་དང་བྱ་བ་ངན་པའི་རིགས་དེ་དག་ལས་སྐྱོབ་པ་ཡིན། ང་ཚོས་དེ་རྟོགས་པའི་དུས་དད་པ་དེ་བཞིན་ཉིན་རེའི་འཚོ་བའི་ནང་གལ་ཆེར་འགྱུར་ངེས། ནང་པའི་ལུགས་ལ་ང་ཚོས་དད་པ་དང་རྒྱུ་མཚན་ཐོག་གཅིག་མཚུངས་ཀྱི་དོ་གལ་བྱེད་ཀྱི་ཡོད། དེར་བརྟེན། ནང་པའི་གཞུང་འགྲེལ་ཁ་ཤས་ཏེ། ཁྱད་པར་དུ་རྒྱུ་མཚན་གཞི་རྩར་བྱས་པ་དག་ལུགས་གཞན་གྱི་ཉམས་ལེན་པ་རྣམས་ལ་ཕན་ཐོགས་ཡོང་སྲིད་པ་ཡིན།

ཚན་རིག་དང་ཤེས་ཡོན་སྤེལ་རེས།

དེང་གི་འཛམ་བུ་གླིང་འདིའི་ནང་ཡོད་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་སྣ་ཚོགས་ནང་དུ་སྡེ་ཚན་གཉིས་ཡོད་པ་ནི། འཇིག་རྟེན་བཀོད་པ་པོ་ཡོད་པར་སྨྲ་བ་ལུགས་ཤིག་དང་མེད་པར་སྨྲ་བའི་ལུགས་ཤིག་ཡོད་པ་རེད། ནང་པ་སངས་རྒྱས་པའི་ཆོས་ནི་འཇིག་རྟེན་བཀོད་པ་པོ་མེད་པར་སྨྲ་བའི་ལུགས་ཡིན། འཇིག་རྟེན་བཀོད་པ་པོ་མེད་པར་སྨྲ་བའི་ཆོས་ལུགས་ལ་གཞིགས་ན། རྒྱུ་འབྲས་ཀྱི་རྣམ་གཞག་ལ་ནན་བཤད་བྱེད་ཀྱི་ཡོད། དེར་བརྟེན། རང་བཞིན་གྱི་ཐོག་ནས་ནང་པའི་ཆོས་ཀྱི་ནང་རྒྱུ་དང་འབྲས་བུའི་རྣམ་གཞག་གི་གཞུང་འགྲེལ་མང་པོ་ཡོད་པ་དང། འདི་ནི་རྒྱུ་འབྲས་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། དེའི་ནང་ཕན་ཐོགས་ཡོད་པ་སྟེ། དེས་ང་ཚོས་རང་ཉིད་ཀྱི་སྐོར་དང་སོ་སོའི་སེམས་ཀྱི་སྐོར་ལ་ཤེས་རྒྱུར་ཕན་ཐོགས་ཡོད་པ་རེད།

དཔེར་ན། ང་ཚོས་གནོད་པ་ཅན་གྱི་སེམས་ཚོར་དང་ལྟ་ཚུལ་རྣམས་སོ་སོའི་སྡུག་བསྔལ་དང་དཀའ་ངལ་གྱི་འབྱུང་རྩ་ཡིན་པ་ཤེས་རྟོགས་དགོས་པ་ཡིན། སྡུག་བསྔལ་དང་དཀའ་ངལ་སེལ་རྒྱུར་ང་ཚོས་ལུས་ངག་གི་རིམ་པ་ཁོ་ན་ཙམ་གྱི་ཐོག་དོ་སྣང་སྤྲད་པ་མ་ཡིན་པར་སེམས་ཀྱི་ཐོག་ལ་དོ་སྣང་སྤྲོད་དགོས། དེ་ཚོར་ཡ་ལན་སྤྲོད་རྒྱུ་ཡང་ཤུགས་ཆེ་བ་སེམས་ཀྱི་ཐོག་ནས་འོང་བ་ཡིན།

ནང་པའི་ལུགས་ལ་སེམས་ཀྱི་འགྲེལ་བཤད་ནི་ཧ་ཅང་རྒྱས་པོ་ཡོད། མ་ཟད་ང་ཚོས་དེ་དང་མཚུངས་པ་སྔ་མོའི་རྒྱ་གར་གྱི་ལུགས་ཁ་ཤས་ནང་རྙེད་ཀྱི་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང། དེ་རིང་ཁ་སང་དེང་དུས་ཚན་རིག་གིས་གནས་འདིར་བརྟག་དཔྱད་གཏིང་རིང་པོ་བྱེད་བཞིན་ཡོད། དཔེར་ན། སྨན་དཔྱད་ཚན་རིག་གིས་སེམས་ཚོར་གྱི་ཐོག་ལ་ཞིབ་འཇུག་ལས་གཞི་འགོ་འཛུགས་བཞིན་ཡོད་པ་ནི། སེམས་ཚོར་རྣམས་ང་ཚོའི་འཕྲོད་བསྟེན་དང་འབྲེལ་བའི་ནང་གལ་ཆེན་པོ་ཆགས་ཡོད་པ་རེད། གཟུགས་གཞི་བདེ་ཐང་ཞིག་འོང་བ་ནི་སེམས་ཚོར་ལ་འབྲེལ་བ་ཡོད། དེར་བརྟེན། དེ་ནི་ཀླད་པས་བྱ་བ་ཇི་ལྟར་བྱེད་མིན་བརྟག་དཔྱད་བྱེད་མཁན་གྱི་དབང་རྩའི་ནད་རིགས་ཀྱི་སྨན་པ་ཚོར་སེམས་ཚོར་ལ་དེ་བས་མང་བ་བརྟག་དཔྱད་བྱེད་རྒྱུར་དམིགས་བསལ་གྱིས་གལ་ཆེན་པོ་ཆགས་ཡོད། ཤེས་ཡོན་གྱི་གནས་གཞན་གྱི་ནང་དུའང་སེམས་དང་སེམས་བྱུང་ལ་དོ་དབྱིངས་ཤུགས་ཆེ་ཞིག་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང། ནང་པའི་ཆོས་དང་སྔ་མོའི་རྒྱ་གར་གྱི་ཆོས་ལུགས་ལས་སེམས་དང་སེམས་བྱུང་གི་གནས་ཚུལ་གྱི་སྐོར་ནི་ཁོང་ཚོའི་དཔྱད་ཞིབ་ལ་ཤིན་ཏུ་མཁོ་བ་ཞིག་ཡིན་པ་རེད།

ནམ་རྒྱུན་ངོས་ནས་ནང་པའི་ཆོས་དེ་དབྱེ་བ་གསུམ་དུ་འབྱེད་ཀྱི་ཡོད། ནང་པའི་ཚན་རིག་དང། ནང་པའི་གྲུབ་མཐའ། ནང་པའི་ཆོས་ལུགས་བཅས་སོ། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་མཛད་པར་གཟིགས་དང། སྟོན་པའི་འབྱུང་ཁུངས་ཀྱི་ཐོག་ནས་སེམས་ཅན་དཀྱུས་མ་ཞིག་ཡིན། སྟོན་པས་ཉིད་ཀྱིས་གཤེགས་པའི་ལམ་སྟེ། སངས་རྒྱས་ཀྱི་གོ་འཕང་མཆོག་ལ་རྗེས་སུ་འབྲང་ནས་ང་ཚོའི་སེམས་དང་སེམས་བྱུང་དཀྱུས་མ་རྣམས་ཐེམ་པ་རིམ་འཛེགས་བཞིན་བཅོས་ཚུལ་བསྟན་ཡོད། དེ་འདྲ་སོང་བ་ཡིན་ཙང། ནང་ཆོས་ཀྱི་ཐབས་ཚུལ་ནི་གང་ཟག་དཀྱུས་མའི་གནས་ནས་འགོ་འཛུགས་དགོས་པ་དང་། དེ་ནས་གནས་རིམ་དེའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མ་འཐོབ་བར་དུ་ལམ་དུ་འཇུག་དགོས་སོ། །

རྒྱུ་མཚན་དེ་ལ་བརྟེན་ནས་དང་ཐོག་ང་ཚོས་དེང་སང་གི་དོན་དངོས་ཏེ། དེས་ནང་པའི་ཚན་རིག་དགོས་མཁོ་ཅན་དུ་འགྱུར་བ་དེ་ཤེས་དགོས། དེ་ནས་གཞི་རྩ་དེའི་ཐོག་ང་ཚོས་འགྱུར་བ་སྲིད་པ་སྟེ། འཕོ་འགྱུར་སྲིད་པ་མཐོང་བ་ཡིན། ང་ཚོས་འགྱུར་བ་ནི་སྲིད་པ་ཞིག་དང་དེ་ནི་ནང་པའི་རིགས་པའི་གཞུང་ལུགས་ཡིན་པ་མཐོང། དེ་ང་ཚོར་ཇེ་གསལ་དུ་འགྲོ་བའི་དུས་ནང་སེམས་ཀྱི་འཕོ་འགྱུར་གྱི་བརྒྱུད་རིམ་ནང་གདེང་སྤོབས་ཡོད་པས་ང་ཚོས་ནང་པའི་ཆོས་ཀྱི་ཉམས་ལེན་འགོ་འཛུགས་ཐུབ་པ་ཡིན།

དེར་བརྟེན། གལ་ཏེ་ང་ཚོས་ནང་པའི་ཚན་རིག་ལ་ཕྱིར་ཁ་ཕྱོགས་ནས་བལྟས་ཚེ། དེས་གནས་གཉིས་ཀྱི་ཐོག་བསྟན་གྱི་ཡོད་པ་ནི། ནང་གི་ཐོག་ནས་སེམས་དང། ཕྱིའི་ཐོག་ནས་རྡུལ་ཕྲན། སའི་གོ་ལ་ལ་སོགས་པ་མང་པོའི་དོན་འགྲེལ་གྱི་ཡོད། ནུབ་ཕྱོགས་པའི་ཚན་རིག་གིས་ཕྱི་དངོས་པོའི་རིམ་པའི་ཐོག་གནས་ཚུལ་དེ་བས་མང་བ་མཁོ་སྤྲོད་བྱེད་ཅིང། དེ་གནས་དེར་ཧ་ཅང་གི་ཡར་ཐོན་ཅན་ཞིག་ཏུ་སྣང། ང་ཚོ་ནང་པ་ཚོས་དེ་ལས་ཕྲ་རབ་དང་དེ་དག་གི་བྱེད་ལས་སྐོར་དང་། རིགས་རྒྱུན་དཔྱད་ཞིབ་ཀྱི་སྐོར། སའི་གོ་ལའི་སྐོར་སོགས་སློབ་སྦྱོང་དེ་བས་མང་བ་ཞིག་བྱེད་ཐུབ་པ་ཡིན་ཞིང། འདི་དག་ནི་ནང་པ་ཡིན་པའི་ཆ་ནས་ང་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་རེད། མ་མཐར་ཡང་སའི་གོ་ལར་མཚོན་ན། རི་ཡི་རྒྱལ་པོ་རི་རབ་མེད་པ་ནི་གང་ཙམ་གྱིས་གསལ་པོ་ཆགས་ཡོད། དེར་བརྟེན། ང་ཚོའི་སྔ་རབས་ཀྱི་འགྲེལ་པ་ཁ་ཤས་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པ་ཡིན། དེ་འདྲ་སོང་བ་ཡིན་ཙང། འཇིག་རྟེན་ཁམས་ཀྱི་རིག་པའི་གནས་ལ་ཚན་རིག་གིས་ཤེས་རྟོགས་བྱུང་བ་སྟེ། རྡུལ་ཕྲ་རབ་ཀྱི་དངོས་ཁམས་རིག་པ་དང། ཀོན་ཊམ་དངོས་ཁམས་རིག་པ་ལ་སོགས་པ་མང་པོ་ཞིག་ཡོད་པ་ནི་ང་ཚོ་ནང་པ་ཚོས་སྦྱོང་དགོས་གལ་ཆེན་པོ་ཡིན།

དེ་ལྟ་ནའང་། དེང་དུས་ཚན་རིག་དང་ནང་པའི་ཆོས་ལས་ཤེས་རྟོགས་བྱུང་བ་ཁ་ཤས་ནི་གཅིག་མཚུངས་ཡིན་པ་རེད། དཔེར་ན། ཐོག་མར་མི་རྣམས་ཀྱིས་ཡུལ་གྱི་སྟེང་དུ་གཞན་ལ་ལྟོས་མེད་ཀྱི་ཆོས་ཤིག་རང་ངོས་ནས་གྲུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟ་ཀོན་ཊམ་དངོས་ཁམས་རིག་པའི་ཤེས་རྟོགས་ལ་གཞིགས་ན། གནས་སྟངས་དེ་འདྲ་ཞིག་མེད་པ་མཐོང་ཡོད། ང་ཚོ་ནང་པ་ཚོར་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ནས་ཤེས་རྟོགས་དེ་བྱུང་བ་རེད། ནང་པའི་ཆོས་ལས་རང་ངོས་ནས་གྲུབ་པའམ་གནས་པའི་ཆོས་གང་ཡང་མེད་ནའང། དེ་ལས་ལྡོག་ཏེ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་ཡོད།

ད་ལྟ་ནང་གི་ཤེས་རྟོགས་ལ་མཚོན་ན། དེང་དུས་ཚན་རིག་གིས་བརྟག་དཔྱད་ཁ་ཤས་སྣེ་འཁྲིད་རྒྱུའི་འགོ་འཛུགས་བྱེད་བཞིན་ཡོད་པས་ཕྱོགས་གཉི་གར་ཕན་ཐོགས་ཡོང་ངེས་ཡིན། ནང་པ་ཚོས་ཕྱི་དངོས་པོའི་ཆོས་ཀྱི་སྐོར་ལ་ཚན་རིག་ལས་སློབ་སྦྱོང་བྱེད་ཐུབ་པ་དང་ཚན་རིག་གིས་ཉོན་མོངས་པའི་སེམས་ཚོར་དག་དང་དེ་འདྲ་བའི་ནང་སེམས་ཀྱི་ཆོས་ལ་ཇི་ལྟར་འཇུག་ཚུལ་ནང་པ་ཚོ་ལས་སློབ་སྦྱོང་བྱེད་ཐུབ། དེར་བརྟེན། ང་ཚོས་ཚན་རིག་པ་ཚོ་དང་སྐད་ཆ་ཤོད་པའི་སྐབས་སྐྱེ་བ་ཕྱི་མ་དང་ཐར་པའི་སྐོར་ལ་སྐད་ཆ་ཤོད་ཀྱི་མེད། ང་ཚོས་ཆོས་ལུགས་ལྟ་ཚུལ་སྐོར་སྐད་ཆ་ཤོད་ཀྱི་མེད་ནའང། དེ་ལས་ལྡོག་སྟེ་ང་ཚོས་སེམས་དང་སེམས་བྱུང་སྐོར་སྐད་ཆ་ཤོད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ང་ཚོའི་ཐབས་ལམ་མཚུངས་པ་སྟེ། ང་ཚོས་དངོས་པོའི་དོན་དངོས་ཀྱི་གནས་སྟངས་རྟོགས་དོན་དུ་བརྟག་དཔྱད་བྱེད་ཀྱི་ཡོད།

ཁྱེད་རང་ཚོ་ནུབ་ཕྱོགས་པ་ནང་པའི་ཆོས་ལ་དགའ་མོས་ཡོད་མཁན་ཚོས་སོ་སོའི་ཚན་རིག་ཞིབ་འཇུག་ལག་ལེན་བསྟར་ཚེ་ཕན་ཐོགས་ཡོང་བ་ཡིན། དེར་བརྟེན། ཚན་རིག་ཀྱི་བསམ་ཕྱོགས་ཤིག་དང་ལྷན་དུ་ནང་པའི་བསྟན་པར་བརྟག་དཔྱད་བྱེད་རྒྱུའི་གོ་སྐབས་སྤྲོད་པ་གཞི་རྩར་བྱས་ཚེ་ངོས་ནས་ནང་པ་མ་ཡིན་པའི་ཚོགས་བཅར་བ་ཚོར་ནང་པའི་ཆོས་ཀྱི་གཏམ་བཤད་བྱེད་དུས་སྐྱོན་མེད་པའི་སྣང་བ་ཞིག་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ཀྱི་སྐད་ཆ་འདི་དག་ཤེས་ཡོན་གྱི་གཏམ་བཤད་ཅིག་དང་འདྲ་བར་གཟིགས་རོགས་གནང་། འགོ་འཛུགས་པའི་སྐབས་ཁ་འདོན་ཏོག་ཙམ་མ་གཏོགས་དེ་མིན་ངོས་ཀྱི་སྐད་ཆའི་ནང་ཆོ་གའི་རིགས་ཏེ། ཆོས་ལུགས་ཀྱི་ལྟ་ཚུལ་གང་ཡང་མེད། ངོས་ནས་ཚན་རིག་གི་གཏམ་བཤད་ཙམ་བྱེད་ཀྱི་ཡོད། ཁྱེད་རང་ཚོས་ཅི་ཞིག་སེམས་ཀྱི་འདུག་གམ།། །།