བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། > རྒྱལ་སྤྱིའི་སྟེང་ནང་ཆོས་ཀྱི་ད་ལྟའི་གནས་སྟངས་ (༡༩༩༦)།

རྒྱལ་སྤྱིའི་སྟེང་ནང་ཆོས་ཀྱི་ད་ལྟའི་གནས་སྟངས་ (༡༩༩༦)།

ཨེ་ལེག་ཛན་ཌར། བྷར་ཛིན།
ཨི་ཇིབ། ཁའེ་རོ ། ཕྱི་ལོ་ ༡༩༦༦ ཟླ་ ༡༡ །
ཐོག་མར་
Berzin, Alexander. Buddhism and Its Impact on Asia.
Asian Monographs
, no. 8.
Cairo: Cairo University, Center for Asian Studies, June 1996
ཞེས་པའི་ཆ་ཤས་སུ་པར་འགྲེམས་ཞུས།

ལྷོ་དང་ལྷོ་ཤར་ཨེ་ཤི་ཡས་གནས་བརྟན་སྡེ་པའི་ནང་ཆོས།

ཤྲཱི་ལངྐ།(Sri Lanka)

ད་ལྟའི་ཆར་རྒྱལ་ཁབ་འགའ་ཤིག་ནང་ནང་ཆོས་དར་འཕེལ་དང༌། འགའ་ཤིག་ནང་དཀའ་ངལ་འཕྲད་བཞིན་ཡོད། དཔེར་ན། ཤྲཱི་ལངྐ་ (Sri Lanka) དང༌། ཐེ་ལན་ཌི་ (Thailand) འབར་མ་ (Burma) བཅས་ཀྱི་ནང་གནས་བརྟན་སྡེ་པ་ཤུགས་ཆེར་འཕེལ་བཞིན་ཡོད། འོན་ཀྱང་ལའོ་སུ་ (Laos) དང༌། ཀམ་སྦོ་དྲི་ཡ་ (Cambodia) ཝི་ཏི་ནམ་ (Vietnam) བཅས་ཀྱི་ནང་ཆེས་ཉམས་ཆགས་འགྲོ་ཟིན་ཡོད། དུས་རབས་བཅུ་དྲུག་ནས་བཅུ་དགུ་པའི་ནང་དང་པོ་རྣམ་དག་ཡེ་ཤུའི་ཆོས་ལུགས་ཀྱིས་ཆོས་ལུགས་གཞན་ལ་བརྡབ་བསིགས་ (Inquisition) དང༌། དེ་ནས་ཡེ་ཤུའི་ཆོས་ཁྱབ་སྤེལ་གཏོང་མཁན་གྱི་དབང་སྒྱུར་བ་ཚོས་སྡུག་སྦྱོང་གཏོང་བའི་དབང་གིས་ཤྲཱི་ལངྐ་ནང་ནང་ཆོས་ཉམས་རྒུད་ཕྱིན་ཡོད་པ་རེད། དུས་རབས་བཅུ་དགུ་མཇུག་ཏུ་དབྱིན་ཇིའི་མཁས་པ་དང༌། ལྷ་ལམ་སྨྲ་བ་ཚོས་རོགས་སྐྱོར་ལ་བརྟེན་ནས་སླར་གསོ་ཐུབ་པ་བྱུང་ཡོད། དེའི་འབྲས་སུ། ཤྲཱི་ལངྐའི་ནང་པ་ལ་སྐབས་འགར་ “ཡི་ཤུའི་ཆོས་ལུགས་གསར་མའི་” ནང་པ་སྟེ་མཁས་པའི་ངང་ཚུལ་སློབ་གཉེར་གལ་གནད་དང་། ཁྱིམ་པའི་སྤྱི་ཚོགས་ཆེད་གྲྭ་བ་ཚོས་མཐུན་འགྱུར་དང་སློབ་སྟོན་གནང་རྒྱུ། གྲྭ་པ་ཙམ་མིན་པ་ཁྱིམ་པ་རྣམས་ལའང་ཐད་ཀར་སྒོམ་ཉམས་ལེན་བྱེད་རྒྱུ་ཡོད་པ། ཞེས་མཚོན་འཛིན་བྱེད་ཀྱི་ཡོད། ཁྱིམ་འཛིན་མཁན་གྱི་སྤྱི་ཚོགས་རྣམས་དད་ཤུགས་ཆེན་པོ་ཡོད་ཀྱང༌། སྐབས་འགར་སླབ་པ་སློབ་གཉེར་དང་ཕྱག་ལེན་ཆ་སྙོམ་མེད་པའི་དགེ་འདུན་པ་ཉུང་དྲག་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད།

ཨིན་ཌོ་ནི་ཤི་ཡ་ (Indonesia) དང༌། མཱ་ལེ་ཤི་ཡ།(Malaysia)

ཤྲཱི་ལངྐའི་དགེ་འདུན་པ་རྣམས་ནས་དུས་རབས་བཅོ་ལྔ་པའི་མཇུག་ཏུ་བྷ་ལཱི་དང༌། ཨིན་ཌོ་ནི་ཤི་ཡ་དང་། མཱ་ལེ་ཤི་ཡའི་ས་ཕྱོགས་གཞན་ཁག་ནང་ཉམས་ཟིན་པའི་གནས་བརྟན་སྡེ་པའི་ནང་ཆོས་སླར་གསོའི་ཆེད་མཐུན་འགྱུར་གནང་བཞིན་ཡོད། འདི་ནི་ནུས་ཤུགས་ཐོན་པ་ཤིན་ཏུ་ཆུང་ཆུང་རེད། བཱ་ལཱི་ (Bali) ནང་ལ་དང་ཞེན་གནང་མཁན་ཚོ་ནི་ཧིན་དྷུའི་ཆོས་དང་འདྲེས་མ་ཡིན་པ་སྲོལ་རྒྱུན་བཱ་ལཱིའི་ཆོས་ཀྱི་རྗེས་འཇུག་པ་རྣམས་དང་། ནང་ཆོས། ས་གནས་ཀྱི་ གཤིན་འདྲེ་མཆོད་པའི་ཆོས་ཀྱི་རྗེས་འདྲང་པ་དག་ཡིན་པ་དང་། ཨིན་ཌོ་ནི་ཤི་ཡ་དང༌། མཱ་ལེ་ཤི་ཡའི་ས་ཕྱོགས་གཞན་ནང་ཆོས་དད་པ་རྣམས་ནི་རྒྱ་ནག་གི་ཐེག་ཆེན་པའི་ནང་པའི་སྤྱི་ཚོགས་ཡིན། དེ་ནང་གནས་བརྟན་སྡེ་པ་དང༌། རྒྱ་ནག བོད་པའི་རྣམ་པ་ཡོད་པའི་འདྲེས་མ་ཨིན་ཌོ་ནི་ཤི་ཡ་ནང་པའི་ཆོས་རྒྱུད་པ་ཆེས་ཉུང་ཤས་ཀྱང་ཡོད།

ཨིན་ཌོ་ནི་ཤི་ཡའི་གཞུང་འབྲེལ་ "ཚུལ་ཁྲིམས་ལྔའི་" (panchashila) སྲིད་བྱུས་ལྟར་ན་ཆོས་ལུགས་ཚང་མས་ངེས་པར་དུ་འཇིག་རྟེན་བྱེད་པོ་ (God) ཁས་ལེན་ཡིད་ཆེས་ཡོད་དགོས། སྤྱིར་ནང་ཆོས་ནས་འཇིག་རྟེན་བྱེད་པོ་ (God) གང་ཟག་བྱེ་བྲག་པ་ལྟ་བུ་ཁས་ལེན་གནང་གི་མེད་པར་སོང་ཙང་སྐབས་འགར་ནང་ཆོས་ལ་ལྷ་མེད་སྨྲ་བར་ངོས་འཛིན་བྱས་ཀྱི་ཡོད། གཞུང་འབྲེལ་ཐོག་དེ་ལྟ་ངོས་འཛིན་བྱས་དགོས་དོན་དང་པོའི་སངས་རྒྱས་ (Adibuddha) ཁས་ལེན་པའི་རྒྱུ་མཚན་གྱི་ཡིན། འདིའི་སྒྲ་བཤད་ལ་དང་པོའི་སངས་རྒྱས་ཡིན་པ་དང་དེའི་འགྲེལ་བཤད་ཅེས་ཨིན་ཌོ་ནི་ཤི་ཡའི་ནང་ལོ་སྟོང་གོང་དུ་དར་འཕེལ་བྱུང་བའི་དུས་འཁོར་གསང་སྔགས་ཀྱི་གཞུང་ནང་ཡོད། དང་པོའི་སངས་རྒྱས་ནི་དུས་དང༌། ཚིག་བརྡ། གཞན་ཚད་འཛིན་ཀུན་ལས་འདས་པའི་ཕྱི་ཚུལ་ཐམས་ཅད་ཀྱི་བྱེད་པོ་ཀུན་མཁྱེན་དེ་ཡིན། སྤྱི་བཏང་ནས་མཚོན་དོན་གཟུགས་ཞིག་གིས་མཚོན་པར་བྱས་ཀྱང་དོན་དངོས་ལ་ཁོང་ཉིད་འགྲོ་བ་མ་ཡིན། གནའ་བོའི་སངས་རྒྱས་ནི་ཆེས་མི་མངོན་པ་དང་། དེ་གང་ཟག་ཀུན་གྱི་ནང་སེམས་རང་བཞིན་གྱི་འོད་གསལ་བ་ལྟ་བུ་ཡོད། རྒྱུ་མཚན་དེར་བརྟེན་ཁ་ཆེའི་ཆོས་ལུགས་ (Islam) དང༌། ཧིན་དྷུའི་ཆོས་ལུགས། (Hinduism) རྣམ་དག་ཡེ་ཤུའི་ཆོས་ལུགས་ (Catholic) དང་། ཡེ་ཤུའི་ཆོས་ལུགས་གསར་མ་ (Protestant) ནང་ཆོས་བཅས་ཆོས་ལུགས་ལྔ་ཨིན་ཌོ་ནི་ཤི་ཡའི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་ངོས་འཛིན་བྱེད་ཀྱི་ཡོད།

རྒྱ་གར།(India)

དུས་རབས་བཅུ་བདུན་ཙམ་གྱི་ནང་རྒྱ་གར་གྱི་ཧི་མཱ་ལཱ་ཡའི་འོག་མའི་ས་ཁུལ་ནང་ནང་ཆོས་ག་ལེར་ག་ལེར་ཉམས་རྒུད་ཕྱིན་ཡོད། འོན་ཀྱང་དུས་རབས་བཅུ་དགུ་པའི་མཇུག་ལ་ཤྲཱི་ལངྐའི་མི་དམངས་ནས་དབྱིན་ཇིའི་ཤེས་ཡོན་ཅན་ཚོའི་མཐུན་གྲོགས་ལ་བརྟེན་ནས་རྒྱ་གར་ནང་ཡོད་པའི་ནང་པའི་གནས་རྩ་ཆེན་ཁག་ཉམས་གསོ་སླད་མ་ཧཱ་བྷོ་དྷི་སྤྱི་ཚོགས་ཐེབས་རྩ་ (Maha Bodhi Society) གསར་འཛུགས་གནང་ཡོད། ཁོ་ཚོ་ལམ་ལྷོང་ཡག་པོ་བྱུང་བ་དང༌། ནང་པའི་རིག་གཞུང་གཞན་མང་པོ་ནང་ཡོད་པ་བཞིན་གནས་ཆེན་དེ་ཚོ་ཚང་མའི་ནང་དགོན་པ་དང་གྲྭ་པ་ཡོད།

ཕྱི་ལོ་ ༡༩༥༠ ཡི་ནང་རྒྱ་གར་ནུབ་ཕྱོགས་སུ་ཨཾབྷེད་ཀར་ (Ambedkar) གྱིས་རིགས་དམན་པའི་འཁྲོད་ནང་པ་གསར་མའི་ལས་འགུལ་དབུ་འཛུགས་གནང་ཡོད། ༼མང་ཚོགས་༽བརྒྱ་ཕྲག་མང་པོ་གྲལ་རིམ་མཐའ་མའི་ཁོངས་སུ་གཏོགས་པའི་མིང་ངན་སེལ་སླད་ཚོགས་ཞུགས་བྱས་ཡོད། དེ་ཁོང་ཚོ་རང་ཉིད་ལ་སྤྱི་ཚོགས་དང༌། ཆབ་སྲིད་ཀྱི་ཐོབ་དབང་ཐོབ་ཐབས་ནན་བཤད་བྱས་ཡོད། སླར་གསོ་འདི་དབུ་འཛུགས་གནང་ནས་མི་རིང་བར་ཨཾབྷེད་ཀར་འདས་གྲོངས་སུ་གྱུར་པ་རེད། དུས་དེ་ནས་བཟུང་[ལས་འགུལ་] འདིའི་འགོ་འཁྲིད་ནུབ་ཕྱོགས་ནང་པའི་མཐུན་ཚོགས་ཞེས་པའི་ཚོགས་སྡེ་དམིགས་སལ་དུ་ནུབ་ཕྱོགས་ཉམས་ལེན་པ་ཚོའི་ཆེད་བཟོས་པ་དེ་འགོ་འཛུགས་གནང་མཁན་དབྱིན་ཇི་བ་སངྒཱ་རཱཀ་ཤི་ཏ་ (Sangharakshita) ནས་གནང་བ་རེད།

ཐེ་ལན་ཌི་།(Thailand)

ཐེ་ལན་ཌི་ནང་ཐེ་ལན་ཌི་རྒྱལ་རྒྱུད་ཀྱི་དཔེ་སྟོན་ཤུགས་རྐྱེན་ལ་བརྟེན་ནང་པའི་དགོན་སྡེའི་སྤྱི་ཚོགས་ནང་གོམས་སྲོལ་དག་གཙང་གཅེས་སྲུང་རྒན་འཁུར་སླད་ཆེས་མཐོའི་མཁན་པོ་དང༌། དགེ་སློང་གི་སྡེ་ཡོད་པ་རེད། དགོན་སྡེའི་སྤྱི་ཚོགས་ནང་གནས་དབེན་པར་བསྟེན་ནས་སྡོད་མཁན་དང༌། གྲོང་རང་ནང་སྡོད་མཁན་སྟེ་རིགས་མི་འདྲ་བ་གཉིས་ཡོད། འདི་གཉིས་ཀ་སྐྱ་བོའི་སྤྱི་ཚོགས་ནས་གུས་བཀུར་དང༌། རམ་འདེགས་ཤུགས་ཆེ་ཞུ་ཡུལ་ཡིན། དགེ་འདུན་པ་བསོད་སྙོམས་ལ་བརྟེན་ནས་ནགས་སུ་བཞུགས་པའི་སྲོལ་ཤུགས་ཆེ་ཡོད་པ་རྣམས་ནགས་དབེན་གནས་ལ་བཞུགས་ནས་སྒོམ་སྒྲུབ་གཏིང་ཟབ་གནང་གི་ཡོད། དེ་དང་མཉམ་དུ་དགོན་པའི་སྒྲིག་ཁྲིམས་ལ་དམ་དོན་གནང་དགོས་པ་དེ་སློབ་གཉེར་གྱི་ལས་རིམ་ལྟེ་བ་ཆགས་ཀྱི་ཡོད། གྲོང་ལ་གནས་པའི་དགེ་འདུན་ཚོས་ས་གནས་མང་ཚོགས་ཀྱི་བདེ་དོན་ཆེད་ཆོ་ག་འདྲ་མིན་སྲུང་གི་ཡོད། འོན་ཀྱང་ཁོ་ཚོས་སློབ་གཉེར་གཙོ་བོ་དཔེ་ཆ་བློ་འཛིན་བྱ་རྒྱུ་དེ་རེད། ཐེ་ལན་ཌི་རིག་གཞུང་ནང་གདོན་འདྲེ་ལ་ཡིད་ཆེས་ཡོད་པར་སོང་དགེ་འདུན་པ་ཚོས་སྐྱ་བོ་མི་དམངས་ལ་སྲུང་སྐྱོབ་ཆེད་ སྲུང་འཁོར་སྤྲོད་ཀྱི་ཡོད། དེར་དགེ་འདུན་པ་ཚོའི་ཆེད་གཙུག་ལག་སློབ་ཁང་ཡོད་པ་དེས་ལས་དོན་གཙོ་བོ་དགེ་འདུན་པ་ཚོ་ལ་ནང་པའི་བསྟན་བཅོས་པཱལཱི་སྐད་ནང་ཡོད་པ་རྣམས་དེང་རབས་ཐེ་ལན་ཌི་སྐད་ལ་ཕབ་བསྒྱུར་སྦྱོར་བརྡར་ཆེད་ཡིན།

མཡེཎ་མཱར། (Myanmar)(འབར་མ་ Burma)

མཡེཎ་མཱར་(འབར་མ་ Burma) ནང་དྲག་དམག་གཞུང་འཛིན་པ་ཚོས་ནང་ཆོས་དམ་བསྒྲགས་ཆེན་པོས་ཆོས་དོན་ལྷན་ཁང་གི་མངའ་འོག་འཇུག་ཡོད། གཞུང་འཛིན་པ་ཚོས་གཞུང་དང་འགལ་ཟླ་འཛིན་མཁན་སྡོད་ས་དང་། དམིགས་བསལ་དུ་ལུང་པའི་བྱང་ཕྱོགས་ལ་ཡོད་པའི་དགོན་པ་རྣམས་གཏོར་བཤིག་ཚད་མེད་བཏང་ཡོད། ད་ཆ་གཞུང་ནས་དགེ་འདུན་པ་ཚོའི་རྒྱབ་སྐྱོར་ཐོབ་ཐབས་དང༌། སྐྱོན་བརྗོད་མི་ཡོང་སླད་དངུལ་འབོར་ཆེན་པོ་སྤྲད་བཞིན་ཡོད། འབར་མ་ནང་སྒོམ་སྒྲུབ་དང༌། དམིགས་བསལ་དུ་ཆོས་མངོན་པ་སྟེ་ནང་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། འདུལ་བ་བཅས་སྐོར་སློབ་གཉེར་ལ་གལ་གནད་གཅིག་མཚུངས་དང་ཆ་སྙོམ་འཛིན་པའི་སྲོལ་ལུགས་དུས་ཡུན་རིང་པོ་ནས་ཡོད། དགོན་པ་མང་པོའི་ནང་ཐབས་ལམ་འདི་ཚོ་ད་དུང་ཡང་ཡོད་པ་དང་། ཁྱིམ་པ་ཚོས་དད་མོས་ཤུགས་ཆེ་བྱེད་བཞིན་ཡོད། དུས་རབས་བཅུ་དགུ་པའི་མཇུག་ནས་བཟུང་ཕལ་ཆེར་དབྱིན་ཇིའི་མི་སེར་སྤེལ་ཡུལ་བཙན་འཛུལ་གྱི་ཤུགས་རྐྱེན་ལ་བརྟེན་འབར་མཱ་ནང་དགེ་འདུན་པ་དང་། སྐྱ་བོ་སློབ་དགེ་ཚོས་འབར་མཱའི་སྐྱ་བོ་ཕོ་མོ་ཚོ་ལ་དྲན་ཤེས་གོང་འཕེལ་ཆེད་གཞི་མའི་སྒོམ་སྒྲུབ་སྦྱོང་བརྡར་གནང་ས་སྒོམ་གྱི་བསྟི་གནས་མང་པོ་བྱུང་།

བྷང་ལ་རྡེ་ཤི།(Bangladesh)

བྷང་ལ་རྡེ་ཤིའི་ལྷོ་ཕྱོགས་སུ་འབར་མའི་ས་མཚམས་ཀྱི་རི་བརྒྱུད་ལ་འབར་མའི་ནང་ཆོས་ཀྱི་སྲོལ་ལུགས་འཛིན་མཁན་གྲོང་གསེབ་ཁྱེར་རྐྱང་ལུས་པ་མང་པོ་ཡོད། འབར་མ་ནས་ལོགས་སུ་དབྱེ་བར་སོང་ཙང་ཁོ་ཚོས་ནང་ཆོས་ཀྱི་གོ་རྟོགས་དང༌། ལག་ལེན་གྱི་གནས་ཚད་ཧ་ཅང་དམའ་པོ་ཡོད།

ལའོ་སུ་།(Laos)

ལའོ་སུས་གྲོང་གསེབ་ཚོགས་སྡེ་ནང་སྲོལ་རྒྱུན་རང་བཞིན་ལྟར་ད་དུང་ཡང་ནང་ཆོས་སློབ་འཁྲིད་དང་ལག་ལེན་བྱེད་བཞིན་ཡོད། འོན་ཀྱང་ཨ་རི་ཝི་ཏི་ནམ་་དམག་ཆེན་ (American-Vietnam War) གྱི་རྐྱེན་པས་དགོན་སྡེ་ཁག་གི་གནས་སྟངས་ཞན་པོ་གྱུར་ཡོད། ལའོ་སུའི་སྐྱ་བོ་ཚོ་ནས་ད་དུང་ཡང་དགེ་འདུན་པ་བསོད་སྙོམས་ལ་ཕེབས་མཁན་ཚོར་ཟས་སྦྱིན་པ་དང་། ཚེས་བཅོ་ལྔའི་ཉིན་དགོན་པ་ལ་འགྲོ་གི་ཡོད། འོན་ཀྱང་སྒོམ་ཉམས་ལེན་གྱི་ལམ་སྲོལ་ཧ་ཅང་ཞན་པོ་ཡོད། སྔོན་མ་དགེ་འདུན་པ་ཚོར་མ་ཁེ་སཱི་རིང་ལུགས་ (Marxism) སློབ་གཉེར་བྱེད་དགོས་ཀྱང་ད་ཆ་དེ་འདྲ་མེད། ད་ཆ་མང་ཚོགས་ནས་གུང་ཁྲན་རིང་ལུགས་ཁ་ནས་ཚིག་ཙམ་ལས་བརྗོད་དགོས་པ་མེད་ཙང་གྲྭ་པ་བྱེད་ཡ་ལས་སླ་རུ་གྱུར་ཡོད།

ཀམ་པུ་ཅི་ཡ། (Kampuchea) (ཀམ་སྦོ་དྲི་ཡ་Cambodia)

ཀམ་པུ་ཅི་ཡའམ་ཀམ་སྦོ་དྲི་ཡ་ནང་པཱོལ་པོཊ་(Pol Pot) ཡིས་ཉམ་རྒུད་དང་དབང་འཛིན་རྫོགས་རྗེས་ནང་ཆོས་སླར་གསོ་བྱུང་བ་དང༌། ལྷག་པར་དུ་རྒྱལ་སྲས་སཱི་ཧཱཎུཀ་(Prince Sihanouk) རྒྱལ་སྲིད་བཟུང་ནས་བཀག་འགོག་དམ་བསྒྲགས་ལྷོད་རུ་ཕྱིན་ཡོད། ཡིན་ནའང་ད་དུང་། རྒྱལ་ཁབ་ལ་མིའི་ནུས་ཤུགས་དགོས་པར་སོང་ཙང་རབ་ཏུ་བྱུང་བ་ལ་ངེས་པར་དུ་རང་ལོ་སུམ་ཅུའམ་བཞི་བཅུ་ལོན་པ་ཡོད་དགོས། ཁེ་མེར་ (Khmer) གྱི་བླ་ཆེན་མ་ཧཱ་གྷོ་སཱ་ནནྡ་(Mahaghosananda) སྒོམ་ཉམས་ལེན་ཀམ་སྦོ་དྲི་ཡ་ལ་ཉམས་ཟིན་པ་བརྟེན་ཐེ་ལན་ཌི་ལ་སྦྱང་ནས་སོ་སོའི་ལུང་པ་ནང་སླར་གསོ་ཆེད་འབད་བརྩོན་བྱེད་བཞིན་ཡོད། དབེན་གནས་བསྟེན་པའི་སྲོལ་ཀམ་སྦོ་དྲི་ཡ་ནང་ཇི་ཙམ་ལྷག་ཡོད་པ་རྣམས་སོ་སོར་ནུས་པ་དམིགས་བསལ་ཐོབ་པ་འདོད་པ་ལས་སྒོམ་སྒྲུབ་སྐོར་དོ་སྣང་བྱེད་ཀྱི་མེད།

ཝི་ཏི་ནམ་།(Vietnam)

སྤྱིར་ཝི་ཏི་ནམ་་ནང་རིགས་གནས་གསར་བརྗེ་དང་མཚུངས་པ་རྩ་བ་ནས་བྱུང་མེད་ཀྱང༌། ནང་ཆོས་ནི་ད་དུང་ཡང་རྒྱལ་ཁབ་ཀྱི་དགྲ་བོར་ངོས་འཛིན་གྱི་ཡོད། དགེ་འདུན་པ་ཚོས་རྒྱལ་ཁབ་ཀྱི་དབང་སྒྱུར་དང་། དབང་འཛིན་པ་ལ་ཁ་གཏད་མུ་མཐུད་བྱེད་ཀྱི་ཡོད། རབ་ཏུ་བྱུང་བ་ལ་ཧ་ཅང་ཁག་པོ་ཡོད་པ་དང༌། དགེ་འདུན་པ་མང་པོ་ད་དུང་ཡང་བཙོན་འཇུག་བྱེད་ཀྱི་ཡོད། དགོན་སྡེ་མང་ཆེ་བ་སྒོ་རྒྱག་ཟིན། ལྷག་མ་རྣམས་མང་ཆེ་བ་དྲིལ་བསྒྲགས་ཀྱི་ཆེད་དུ་ཡིན། སྲིད་གཞུང་ནས་ཝི་ཏི་ནམ་དམག་འཁྲུག་སྐབས་དམར་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་ལུང་པའི་བྱང་ཕྱོགས་ལ་གནས་པའི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོ་ལ་ལྷོད་པ་དང་། ལྷོ་ཕྱོགས་ཀྱི་དགེ་འདུན་པ་ཚོ་ལ་དྭོགས་པ་མང་བ་དང༌། འཁྲེག་འཛིན་ཆེ་བ་བྱེད་ཀྱི་ཡོད།

ཤར་ཨེ་ཤི་ཡའི་ཐེག་པ་ཆེན་པོའི་ནང་པ།

ཐེ་ཝན། (Taiwan) ཧོང་ཀོང་དང༌། (Hong Kong) ཕྱི་གླིང་རྒྱ་ནག་ས་ཁུལ་ཁག (Overseas Chinese Areas)

ཤར་ཨེ་ཤི་ཡའི་ཐེག་ཆེན་ནང་པའི་སྲོལ་དེ་རྒྱ་ནག་ནས་བྱུང་བ་དང་། དེ་ཐེ་ཝན་དང༌། ཧོང་ཀོང༌། ལྷོ་ཀོའོ་རི་ཡའི་ནང་ཤུགས་ཆེ་ཤོས་ཡོད། ཐེ་ཝན་ནང་སྐྱ་བོའི་སྤྱི་ཚོགས་ནས་ཆེས་གཏོང་ཕོད་ཆེན་པོས་རམ་འདེགས་བྱེད་པའི་དགེ་འདུན་པ་དང་བཙུན་མའི་དགོན་སྡེའི་སྤྱི་ཚོགས་ཤུགས་ཆེན་པོ་ཡོད། མ་ཟད་ སྤྱི་ཚོགས་བདེ་དོན་ཆེད་ནང་པའི་གཙུག་ལག་སློབ་ཁང་དང་སྤྱི་ཚོགས་ཀྱི་བདེ་དོན་སྒྲུབ་མཁན་ནང་པའི་ལས་གཞི་ཁག་ཡོད། ཧོང་ཀོང་ནང་ལའང་དགོན་སྡེའི་སྤྱི་ཚོགས་དར་འཕེལ་འགྲོ་བཞིན་ཡོད། མཱ་ལེ་ཤི་ཡ་། (Malaysia) སིངྒ་པུར། (Singapore) ཨིན་ཌོ་ནི་ཤི་ཡ། (Indonesia) ཐེ་ལན་ཌི་ (Thailand) ཧྥི་ལི་པིན་ (Philippines) བཅས་ཕྱི་གླིང་རྒྱ་རིགས་ནང་པའི་སྤྱི་ཚོགས་ནང་མེས་པོའི་བདེ་དོན་ཆེད་རིམ་གྲོ་གནང་ཡ་དང་། འཚོ་གནས་སླད་རྒྱུ་ནོར་ལོངས་སྤྱོད་གསོག་ཡ་དོ་གལ་ཆེ་བ་བྱེད་ཀྱི་ཡོད། ནང་པའི་ལྷ་སྲུང་རྣམས་ལ་སྐྱ་བོས་སྤྱིི་ཚོགས་ནས་གཟུགས་པོའི་འཕྲོད་བསྟེན་དང་སེམས་ཁམས་ཀྱི་དཀའ་ངལ་སྐོར་སློབ་སྟོན་ཞུས་ཀྱི་ཡོད། ལྷ་སྲུང་དེ་ཚོ་སྐུ་ཕེབས་ནས་གསུང་བྱོན་པའི་རྒྱུད་ལམ་མང་པོ་ཡོད། ཨེ་ཤི་ཡ་སྟག་ (“Asian tiger") ཞེས་པའི་དཔལ་འབྱོར་གོང་འཕེལ་ལ་ཤུགས་རྐྱེན་སྤྲོད་མཁན་གཙོ་བོ་རྒྱ་རིགས་ཚོང་པ་བས་དཔལ་འབྱོར་ལམ་ལྷོང་ཡོང་ཕྱིར་རྒྱུན་དུ་དགེ་འདུན་པ་ཚོ་ལ་འདོན་ཆོ་ག་སྒྲུབ་པའི་དོན་དུ་གཏོང་ཕོད་ཆེན་པོའི་ངང་ཞལ་འདེབས་འབུལ་གྱི་ཡོད།

ཀོའོ་རི་ཡ།(Korea)

ལྷོ་ཀོའོ་རི་ཡའི་ནང་ཡེ་ཤུར་སྒྱུར་མཁན་གྱི་ཡེ་ཤུའི་ལས་འགུལ་ཁག་འཕེལ་བཞིན་པའི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་ནང་ཆོས་ད་དུང་ཡང་ཤུགས་ཆེན་པོ་ཡོད། མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་དགེ་འདུན་དང་བཙུན་མའི་དགོན་སྡེའི་སྤྱི་ཚོགས་མང་པོ་ཡོད། ལྷག་པར་དུ་སྒོམ་གྱི་ལམ་སྲོལ་དར་འཕེལ་འགྲོ་བཞིན་པ་དང་། དམིགས་བསལ་གྱི་སོཎ་ (Son) ཞེས་པའི་ཀོའོ་རི་ཡས་ཛེན་གྱི་སྲོལ་དར་འཕེལ་འགྲོ་བཞིན་ཡོད། ཕྱོགས་གཞན་ལ་བྱང་ཀོའོ་རི་ཡའི་ནང་དྲིལ་བསྒྲགས་ཀྱི་དོན་དགོན་སྡེ་ཁ་ཤས་ལས་ནང་ཆོས་ཐོག་དྲག་བསྣོན་ཚབས་ཆེ་བྱེད་ཡོད།

ཉི་ཧོང༌།(Japan)

ཉི་ཧོང་ནང་ཡུལ་སྐོར་སྤྲོ་འཆམ་པ་དང༌། ལྟ་སྐོར་བ་ཚོས་ཆེད་ཡིད་དུ་འོང་པའི་དགོན་པ་མང་དག་གཅིག་ཡོད་ཀྱང༌མང་ཆེ་བ་ཚོང་དོན་ཆེད་རེད། སྤྱིར་བཏང་ནས་སྒོམ་ཉམས་ལེན་པ་ཡག་པོ་དེ་འདྲ་འགའ་ཤས་ཡོད་ཀྱང་རྒྱུན་སྲོལ་མང་ཆེ་བ་ཞེན་པོ་དང་འཆར་ཅན་ལྟ་བུ་གྱུར་ཡོད། དུས་རབས་བཅུ་གསུམ་ནས་ཉི་ཧོང་གི་ལུགས་སྲོལ་ནང་དགོན་པའི་མཆོད་དཔོན་ཚོ་གཉེན་སྒྲིག་དང་། ཆང་རག་ལོངས་སྤྱོད་པར་བཀག་འགོག་མེད། མཆོད་དཔོན་དེ་ཚོ་རིགས་རིམ་པས་ཚངས་སྤྱོད་དགེ་འདུན་པའི་ལམ་སྲོལ་གྱི་བརྗེ་ཚབ་བྱེད་པ་རེད། ཉི་ཧོང་པ་མང་ཆེ་བ་ནང་ཆོས་དང་ཉི་ཧོང་གི་ཤཱིན་ཏོ་གཤིན་འདྲེས་ཆོས་ (Japanese Shinto spirit religion) གཉིས་ཀ་རྗེས་སུ་འབྲང་གི་ཡོད། ཁོང་ཚོས་ཆོས་དཔོན་ནས་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་བའི་སྐབས་ཤཱོན་ཏོས་སྲོལ་ལུགས་ལག་བསྟར་དང༌། འཆི་འདས་སྐབས་ནང་ཆོས་ལག་བསྟར་བྱེད་ཀྱི་ཡོད་ཀྱང་སྲོལ་ལུགས་གཉིས་ཀས་ཐད་གོ་རྟོགས་ཤིན་ཏུ་དམན་པོ་ཡོད། ཚོང་སྡེ་ཆེན་པོ་ཁག་གི་ནང་ལས་ཀའི་གནོན་ཤུགས་སེལ་ཐབས་སུ་ནང་པའི་ཐབས་ལམ་ལག་བསྟར་བྱེད་པ་དང་། ཉི་ཧོང་གི་ནང་པའི་ཆོས་ལུགས་ཆེན་པོ་ཞིག་གིས་རྒྱལ་ཡོངས་ནང་ཞི་བདེ་མཆོད་རྟེན་བཞེང་ཡག་གི་ལས་གཞི་ཆེན་པོ་ཡོད་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་འབྲེལ་བ་གཅིག་ཀྱང་མེད་ཀྱང་རང་ཉིད་ནང་པ་ཡིན་ཞེས་བརྗོད་མཁན་རྨོངས་ཞེན་ཅན་གྱི་དུས་མཐས་གསོལ་མཆོད་པ་མང་པོ་ཡང་ཡོད། ལོ་རྒྱུས་ཐོག་ཉི་ཧོང་ནང་པའི་དག་ཞིང་ཡིན་པའི་ཡིད་ཆེས་ཀྱིས་ཉི་ཧོང་གི་ནང་པའི་སྲོལ་ལུགས་འགའ་ཤས་རྒྱལ་ཞེན་ཤིན་ཏུ་ཆེན་པོ་ཡོད་མཁན་ཡོད། འདི་དག་གོང་མའི་ཤཱིན་ཏོའི་གསོལ་མཆོད་ལས་འདྲེན་པ་དང༌། དེ་ཉི་ཧོང་རྒྱལ་ཁབ་ལ་བདག་དགོས་པའི་གལ་འགངས་བརྩིས་ཀྱི་ཡོད། དེ་འདྲའི་གོམས་སྲོལ་གྱི་རྐྱེན་པས་རྒྱལ་ཞེན་ཤིན་ཏུ་ཆེན་པོ་ཡོད་པ་དང་དད་པའི་རྗེས་འབྲང་པའི་དྲི་ཡོད་མཁན་ནང་པའི་ཆབ་སྲིད་ཚོགས་པ་བྱུང་བ་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ།

ཕྱི་ལོ་ ༡༩༦༠ དང་ ༧༠ དོན་གྲངས་ཀྱི་རིག་གནས་གསར་བརྗེ་སྐབས་རྒྱ་ནག་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧཱན་རྒྱ་རིགས་ཡོད་སའི་ས་གནས་ནང་གི་ནང་པའི་དགོན་སྡེ་མང་ཆེ་བ་རྩ་གཏོར་བཏང་བ་དང༌། ཚད་ལྡན་གྱི་སྦྱོང་བརྡར་ཡོད་པའི་དགེ་འདུན་པ་དང༌། བཙུན་མ། དགེ་རྒན་ཕལ་མོ་ཆེར་ཁྲིམས་བཅད་དང་བཙོན་འཇུག་བྱས་ཡོད། འོན་ཀྱང་། ཧཱན་མི་རིགས་མེད་སའི་ས་གནས་དཔེར་ན་བོད་དང༌། ནང་སོག ཤར་ཏུར་ཀི་སི་ཐན་༼ཞིན་ཅང་༽བཅས་ཀྱི་ནང་འདི་འདྲའི་གཏོར་རླག་ཁྱབ་ཆེན་པོ་བྱས་མེད། དེང་སང་རྒྱ་ནག་ནང་ཧཱན་རྒྱ་རིགས་ལོ་ཚད་འདྲ་མིན་ཀུན་ནང་ཆོས་ལ་དགའ་ཞེན་ཡོད། འོན་ཀྱང་དཀའ་ངལ་གཙོ་བོ་ནི་དགེ་རྒན་ཉུང་དྲགས་ཀྱི་ཡོད། ན་གཞོན་མང་པོ་གྲྭ་བཙུན་བྱེད་ཀྱི་ཡོད་ཀྱང་ཁོ་ཚོས་སྤུས་ཀ་དམའ་པོ་ཡོད། མཐོ་སློབ་འཐོན་པའི་ན་གཞོན་མང་ཆེ་བ་ལས་ཀར་འཇུག་ནས་དཔལ་འབྱོར་གསོག་འདོད་བྱེད་ཀྱི་ཡོད་པ་དང་། དགོན་པར་འཛུལ་བཞུག་བྱེད་མཁན་ཤུགས་ཆེ་བ་རྩ་བའི་རྒྱལ་ཁབ་ཀྱི་མཐའ་ཁོབ་ལ་སྡོད་མཁན་དབུལ་པོ་དང༌། ཤེས་ཡོན་མེད་པའི་ཁྱིམ་ཚང༌ཤ་སྟག་ཡིན། དགྲ་དམར་གྱི་ཁྲིམས་བཅད་ལས་ཐར་བའི་སློབ་འཁྲིད་ཐུབ་མཁན་དགེ་འདུན་པ་དང་བཙུན་མ་རྒན་རབས་ཚད་ལྡན་ཆེས་ཉུངས་ཤས་ལྷག་ཡོད་པས་ནང་ན་གཞོན་སློབ་འཁྲིད་སྦྱོང་བརྡར་ཡོད་མཁན་གཅིག་ཀྱང་མེད། རྒྱ་ནག་ནང་གི་གྲོང་སྡེ་ཆེ་ཁག་དང༌གནས་ཆེན་ཁག་གི་ནང་སློབ་ཁྲིད་ལས་རིམ་ལོ་གཉིས་ནས་བཞི་བར་ཡོད་མཁན་གྱི་གཞུང་གི་ནང་པའི་མཐོ་སློབ་ཡོད་པའི་ནང་སློབ་ཁྲིད་ལས་རིམ་དང་མཉམ་དུ་ཆབ་སྲིད་ཀྱི་སློབ་གསོ་ཡང་སྤྲོད་ཀྱི་ཡོད། དེ་དག་གི་ནང་ཧཱན་རྒྱ་རིགས་གྲྭ་བཙུན་གསར་བུ་བ་འགའ་ཞིག་ལས་འཛུལ་ཞུགས་བྱེད་ཀྱི་མེད།

སྤྱིར་ཧཱན་རྒྱ་རིགས་དགོན་པའི་ནང་ནང་ཆོས་ཤེས་ཡོན་ཀྱི་གནས་ཚད་ཧ་ཅང་དམའ་པོ་ཡོད། ད་ལྟའི་ཆ་ལ་མི་མང་ཚོས་ནང་ཆོས་ཀྱི་ཕྱི་གཟུགས་བསྐྱར་གསོ་ལ་དོ་སྣང་གཙོ་བོ་བྱེད་ཀྱི་ཡོད། དཔེར་ན། དགོན་པ་དང༌། མཆོད་རྟེན། སྐུ་རྟེན་སོགས་གསར་རྒྱག་དང་། འདི་ཐད་དཔལ་འབྱོར་དང༌། ཁང་པ་འཛུགས་བསྐྲུན་སླད་དུས་ཚོད་དང༌། ནུས་ཤུགས་འབུངས་དགོས་ཀྱི་ཡོད། གནས་སྐབས་འགའ་ཞིག་ལ་རྒྱ་ནག་གཞུང་ནས་བསྐྱར་སྐྲུན་དེ་དག་ཆེད་དཔལ་འབྱོར་གྱི་མཐུན་གྱུར་བྱེད་ཀྱི་ཡོད། དེ་འབྲས་སུ། ད་ཆ་ནང་པའི་ལྷ་ཁང་མང་དག་ཞིག་ཡུལ་བསྐོར་སྤྲོ་འཆམ་པ་ ཡིད་མགུ་ཆེད། ཡང་ན། འགྲེམ་སྟོན་ཆེད་ལྟ་སྒོ་འབྱེད་པ་དང༌། དགོན་པ་ནང་སྡོད་མཁན་རྣམས་འཛིན་ཤོག་བླང་མཁན་དང༌། ལྷ་ཁང་གི་ཞབས་ཕྱི་ལྟ་བུར་གྱུར་ཡོད། འདིས་རྒྱ་གཞུང་གི་འཚོལ་སྒྲུབ་ཤུགས་ཆེར་བྱེད་པའི་ཆོས་དད་རང་དབང་ཡོད་ཚུལ་གྱི་ཕྱིའི་སྣང་ཚུལ་དེ་རེད། ཡིན་ནའང༌། སླར་གསོ་ཆེད་དངུལ་གྱི་འགྲོ་གྲོན་མང་ཆེ་བ་ས་གནས་མི་མང་དང༌། སྐབས་འགར་ཕྱི་རྒྱལ་ཡོན་བདག་ཁག་དང༌། མང་ཆེ་བ་དགོན་སྡེ་རང་ཉིད་ནས་སྦྱོར་གྱི་ཡོད། རྒྱ་དམར་གྱི་སྡུག་སྦྱོང་མ་གཏོང་གོང་ལ་ལྷ་ཁང་ནང་ཕ་མེས་ཀྱི་ཕྱག་མཆོད་ལག་ལེན་ཡོད་པ་རྣམས་ད་ཆ་བསྐྱར་གསོ་ཐུབ་ཡོད། འོན་ཀྱང་རྒྱ་ནག་གི་ས་ཁུལ་མང་ཆེ་བའི་ནང་སློབ་འཁྲིད་དང་ཉམས་ལེན་གྱི་གནས་ཚད་ག་ལ་གང་འཚམས་ཡོད་མཁན་རྒྱ་མིའི་དགོན་པ་འགའ་ཤས་ལས་མེད།

དབུས་ཨེ་ཤི་ཡའི་ཐེག་ཆེན་ནང་ཆོས།

བཙན་བྱོལ་ནང་ཡོད་པའི་བོད་མི།

དབུས་ཨེ་ཤི་ཡའི་བོད་མིའི་གོམས་སྲོལ་འཁྲོད་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དྲག་དམག་ནས་བོད་ལ་བཙན་བཟུང་བྱས་པར་ངོ་རྒོལ་གྱན་ལངས་ཆེན་མོའི་རྗེས་རྒྱ་གར་བཙན་བྱོལ་ན་གནས་པའི་༸གོང་ས་ཏཱ་ལའི་བླ་མའི་ཉེ་འཁོར་དུ་ཡོད་པའི་བོད་མི་སྐྱབས་བཅོལ་སྤྱི་ཚོགས་ནང་ཤུགས་ཆེ་ཤོས་ཡོད། ཁོང་ཚོས་བོད་ཀྱི་དགོན་སྡེ་ཆེ་ཁག་མང་པོ་དང༌། བཙུན་དགོན་དུ་མ་སླར་གསོ་ཐུབ་ཡོད་པ་དང༌། དེ་དག་གི་ནང་དགེ་འདུན་པ་མཁས་པ་དང་། སྒོམ་ཆེན་པ། བཤེས་གཉེན་ཆེན་པོ་རྣམས་ལ་སྲོལ་རྒྱུན་སྦྱོང་བརྡར་གྱི་གོ་སྐབས་ཆ་ཚང་བ་ཡོད་པ་དང་། བོད་ཀྱི་ནང་པའི་ཆོས་རྒྱུད་ཚང་མ་སོ་སོའི་གོམས་སྲོལ་རྒྱུད་འཛིན་ཆེད་ཤེས་ཡོན་དང་། ཉམས་ཞིབ། པར་སྐྲུན་གྱི་མཐུན་རྐྱེན་སོགས་ཡོད། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་རྒྱ་གར་ཧི་མ་ལ་ཡེ་རི་རྒྱུད་དང༌། བལ་ཡུལ། འབྲུག ལ་དྭགས་དང་འབྲས་ལྗོངས་བཅས་ཀྱི་ནང་དགེ་རྒན་གཏོང་ནས་ནང་ཆོས་བསྐྱར་སྤེལ་གྱིས་ནང་པའི་བསྟན་པ་སླར་གསོ་ཆེད་ཕན་ཐོགས་སྒྲུབ་ཡོད། ས་གནས་དེ་དག་གི་དགེ་འདུན་པ་དང༌། བཙུན་མ་མང་ཆེ་བ་བཙན་བྱོལ་བོད་པའི་དགོན་སྡེ་དང༌། བཙུན་དགོན་ནང་ཤེས་ཡོན་དང༌། སྦྱོང་བརྡར་གྱི་གོ་སྐབས་ཐོབ་མུས་རེད།། 

བལ་ཡུལ།(Nepal)

བོད་ཀྱི་ནང་པའི་གོམས་སྲོལ་ནི་བལ་ཡུལ་ཤར་ཕྱོགས་ཁུལ་གྱི་ཤར་པ་ཚོ་དང་། བལ་ཡུལ་དབུས་ལ་གནས་སྡོད་བྱེད་མཁན་གྱི་བོད་མི་སྐྱབས་བཅོལ་བ་ཚོས་ཉམས་སུ་ལེན་གྱི་ཡོད། བལ་ཡུལ་གྱི་སྲོལ་རྒྱུན་ནང་ཆོས་ནི་ཀཐ་མན་གྲུ་ལུང་གཤོངས་ན་གནས་པའི་ནེ་ཝཱ་རཱི་ (Newari) མི་རིགས་ཚོས་ནང་ད་ལྟ་ཡང་ཕྱོགས་ཙམ་གནས་བཞིན་ཡོད། རྒྱ་གར་གྱི་ཐེག་ཆེན་དང༌ཧིན་དྷུའི་ཆོས་ཀྱི་རྣམ་པ་འདྲེས་མ་རྗེས་འདྲང་གིས་དགོན་པའི་ནང་རིགས་རུས་དབྱེ་འབྱེད་ཡོད་སའི་ནང་པའི་ཚོགས་པ་ཁོ་ཚོ་གཅིག་པོ་ཡིན། དུས་རབས་བཅུ་དྲུག་པ་ནས་བཟུང་དགེ་འདུན་པ་ཚོ་གཉེན་སྒྲིག་ཆོག་པ་དང་། ཁོང་ཚོའི་ནང་རྒྱུད་འཛིན་ནས་དགོན་པ་སྲུང་མཁན་དང་། མཆོད་དཔོན་གནང་མཁན་རིགས་སོ་སོ་ཡོད། ཆོས་ཀྱི་བྱེད་སྒོ་དག་གནང་མཁན་རྣམས་རིགས་མཐོ་བ་ནས་ཡོང་དགོས།

བོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ཞིང་ཆེན་ལྔ་སྟེ་བོད། (Tibet) མཚོ་སྔོན་ཞིང་ཆེན ཆིང་ཧཡེ། (ཆིང་ཧའེ་ Qinghai) ཀན་སུའུ། (Gansu) སི་ཁྲོན་དང༌། (Sichuan) ཡུན་ནན་ (Yunnan) བཅས་ཀྱི་ནང་ཆ་བགོས་བྱེད་ཡོད་པས་བོད་རང་གི་ནང་ནང་ཆོས་ཀྱི་གནས་སྟངས་ད་དུང་ཡང་ཛ་དྲག་ཆེ་རུ་གྱུར་ཡོད། ཕྱི་ལོ་ ༡༩༥༩ སྔོན་ཡོད་པའི་དགོན་པ་དང་བཙུན་དགོན་ ༦༥༠༠ ལས་ ༡༥༠ མ་གཏོགས་ཡོངས་རྫོགས་གཏོར་བཤིག་གཏོང་ཚར་བ་ལས་མང་ཆེ་བ་རིག་གནས་གསར་བརྗེའི་སྔོན་ནས་རྩ་གཏོར་ཟིན། ཤེས་ལྡན་གྲྭ་བཙུན་ཤུགས་ཆེ་བ་ སྲོག་ཐོག་གཏོང་བའམ་བཙོན་ཁང་ནང་འདས་གྲོངས་གྱུར་བ་དང༌། སྤྱིར་གྲྭ་བཙུན་མང་ཆེ་བ་བཙན་དབང་གིས་སྐྱ་ཕབ་ཏུ་འཇུག་ཡོད། ཕྱི་ལོ་ ༡༩༧༩ ལོར་འགོ་འཛུགས་ནས་རྒྱ་ནག་གིས་བོད་མི་ཚོ་ལ་སོ་སོའི་དགོན་པ་རྣམས་བསྐྱར་བཞེངས་ཆོག་པའི་བཀའ་འཁྲོལ་གནང་བ་དང༌། མང་པོ་ཞིག་བསྐྱར་གསོ་ཐུབ་ཡོད། རྒྱ་ནག་གཞུང་ནས་དགོན་པ་གཉིས་སམ་གསུམ་ཙམ་ལ་མཐུན་གྱུར་སྦྱོར་ཡོད་ཀྱང༌། མང་ཆེ་བ་ནི་གྲྭ་ཟུར་དང༌། རྒྱ་ཆེ་ས་གནས་མང་ཚོགས། ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་དཔལ་འབྱོར་མཐུན་གྱུར་ལས་སླར་གསོ་ཐུབ་པ་བྱུང་ཡོད། ན་གཞོན་བརྒྱ་ཕྲག་མང་པོ་གྲྭ་བཙུན་སྒྲུབ་ཡོད་ཀྱང༌། ད་ཆ་རྒྱ་ནག་གཞུང་ནས་བསྐྱར་དུ་དམ་བསྒྲགས་ཤུགས་ཆེ་འགེལ་བཞིན་ཡོད། ཉེན་རྟོག་པ་དང་། གཞུང་གི་གསང་མྱུལ་བ་མང་དག་ཅིག་གྲྭ་བར་ཆས་རྫུས་ཀྱིས་དགོན་པའི་ནང་བཀག་སྡོམ་བྱེད་ཀྱི་ཡོད། གྲྭ་བཙུན་རྣམས་ནས་ཡང་ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དྲག་གནོན་དང༌། མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ། ཆོས་དད་རང་དབང་ཐོབ་ཆེད་ངོ་རྒོལ་ཐབས་རྩོད་མང་པོ་བྱེད་ཀྱི་ཡོད།

རྒྱ་ནག་དམར་པོའི་འགོ་ཁྲིད་ཚོས་བོད་ནང་གི་ནང་ཆོས་སྟེང་དབང་སྒྱུར་ཆེད་འབད་བརྩོན་བྱས་ཀྱི་ཡོད་པ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཀྱིས་ཕྱིར་ཆེས་མངོན་གསལ་ཆག་ཡོད། དུས་རབས་བཅུ་བདུན་པའི་ནང་སྐུ་འཚོ་བཞེས་པའི་པཎ་ཆེན་བླ་མ་སྐུ་ཕྲེང་དང་པོ་ནི་༸གོང་ས་ལྔ་པའི་ཡོངས་འཛིན་ཡིན་པ་དང༌། བོད་མིའི་འཁྲོད་༸གོང་ས་སྐྱབས་མགོན་ཆེན་པོའི་རྗེས་ཁོང་ཉིད་ཆོས་ཀྱི་དབུ་འཁྲིད་མཐོ་ཤོས་གཉིས་པ་རྩི་གི་ཡོད། ༸གོང་ས་མཆོག་ཡང་ན་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་གོང་མའི་རྒྱུད་འཛིན་པ་བྱིས་པ་ཆུང་ངུ་དེས་ཡང་སྲིད་དུ་ངོས་འཛིན་གནང་གི་ཡོད། ལྷ་སྲུང་ལ་བསྟེན་གཏུགས་དང༌། སྐུ་གོང་མའི་སྐབས་ཀྱི་མི་དང་ཕྱག་རྫས་འཁྲུལ་མེད་དྲན་ཤེས་དཔྱིས་ཕྱིན་པ་ངོས་གཟུང་གིས་ཡངས་སྲིད་ངོས་འཛིན་གནང་གི་ཡོད།

སྤྱིར་༸གོང་ས་སྐུ་ཕྲེང་ལྔ་པ་ནས་བཟུང་༸གོང་ས་མཆོག་སྐུ་ཕྲེང་ཡོངས་ལ་བོད་ཀྱི་ཆོས་དང་སྲིད་གཉིས་ཀས་དབུ་འཁྲིད་གནང་ཡོད། པཎ་ཆེན་རིན་པོ་ཆེ་སྲིད་ཕྱོགས་ཀྱི་དབང་འཛིན་ནམ་ཡང་གནང་མྱོང་མེད། ཡིན་ནའང༌། དུས་རབས་ཉི་ཤུའི་སྒོ་སྟོད་ནས་རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེ་༸གོང་ས་མཆོག་གི་སྲིད་དབང་གི་ཁ་གཏད་ལྟ་བུར་རྒྱབ་སྐྱོར་གྱིས་བོད་མི་རྣམས་ཁ་བྲལ་གཏོང་ཐབས་བྱས་ཀྱང་ལམ་ལྷོང་བྱུང་མེད།

དུས་རབས་བཅུ་བདུན་པའི་གུང་ནས་དུས་རབས་ཉི་ཤུའི་སྒོ་སྟོད་དབར་ཨེ་ཤི་ཡའི་བྱང་ཤར་གྱི་ཧཱན་རྒྱ་རིགས་མ་ཡིན་པ་མན་ཇུས་ (Manchus) རྒྱ་ནག་ལ་དབང་སྒྱུར་བྱས་པ་རེད། ཁོ་ཚོས་བོད་ཀྱི་ནང་ཆོས་ལ་ཕྱི་ཚུལ་རྒྱབ་སྐྱོར་གྱིས་གོང་མའི་རྒྱལ་ཁམས་ཀྱི་ཤུགས་རྐྱེན་ཡོད་སའི་རྒྱ་ཁྱོན་ནང་སོག་པོ་དང་བོད་མི་རྣམས་ཀྱི་དགའ་ཞེན་ཐོབ་ཐབས་འབད་བརྩོན་བྱས་ཡོད་པ་དང་། ཁོ་ཚོས་རྒྱུན་དུ་བོད་གཞུང་གི་སྒྲིག་འཛུགས་སྟངས་འཛིན་དང་དབང་འཛིན་ལྟེ་གནས་ལྷ་ས་ནས་པེ་ཅིང་ (Beijing) དུ་གཡོ་བྱུས་ཀྱི་འཕོ་གྱུར་གཏོང་ཐབས་བྱས་ཡོད། དུས་རབས་བཅོ་བརྒྱད་པའི་དཀྱིལ་ལ་༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམས་གཉིས་ཀྱི་ཡང་སྲིད་འདེམས་སྒྲུག་དང་ངོས་འཛིན་གནང་རྒྱུའི་དབང་ཆ་མན་ཇུ་གོང་མ་ཁོ་ནར་ཡོད་པ་དང་། དེ་ཡང་གསེར་བུམ་དཀྲུག་འདོན་གྱི་ལམ་ནས་བྱས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། བོད་པ་ཚོས་དེ་ལ་ངོས་ལེན་བྱས་མེད། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ག་དུས་ཡིན་ཡང་༸གོང་ས་མཆོག་རྐྱང་པས་གནང་གི་ཡོད།

རྒྱ་ནག་དམར་པོའི་གཞུང་ཆོས་མེད་སྨྲ་བ་ཡིན་པས་ཆོས་ཕྱོགས་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་རྒྱུ་མེད་པ་དང༌། རྒྱ་ནག་དམར་པོས་འདས་པའི་རྒྱ་ནང་དབང་སྒྱུར་བྱས་མཁན་གོང་མའི་རྒྱལ་རྒྱུད་ཀྱི་སྲིད་བྱུས་ཡོངས་སུ་བརྩི་མེད་བཏང་ཡོད། འོན་ཀྱང་ཕྱི་ལོ་ ༡༩༩༥ ལོར་རྒྱ་དམར་ནས་རང་ཉིད་མན་ཇུ་གོང་མའི་ཁྲིམས་མཐུན་གྱི་རྒྱུད་འཛིན་པ་ཡིན་པས་ཕྱི་ལོ་ ༡༩༨༩ ལོར་སྐུ་གཤེགས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་རྩད་གཅོད་དང༌། ངོས་འཛིན་བྱེད་རྒྱུའི་དབང་ཚད་ཡོད་ཚུལ་གྱི་བསྒྲགས་གཏམ་སྤེལ་ཡོད། འདི་ནི་པཎ་ཆེན་རིན་པོ་ཆེ་མ་དགོན་གྱི་མཁན་པོས་ཡང་སྲིད་རྩད་གཅོད་དང༌། ༸གོང་ས་མཆོག་ནས་བྱིས་པ་དེར་གཞུང་འབྲེལ་གྱི་ངོས་འཛིན་གནང་ཟིན་པའི་རྗེས་ཡིན། དེ་རྗེས་བྱིས་པ་དེ་དང༌། ཁོང་གི་ནང་མི་པེ་ཅིང་དུ་འཁྲིད་དེ་གར་སོང་ཆ་མེད་དུ་གྱུར་པ་དང་། མཁན་པོ་བཙོན་འཇུག་བྱས་ནས་པཎ་ཆེན་རིན་པོ་ཆེའི་དགོན་པ་དམར་ཤོག་གི་དམ་བསྒྲགས་ཤུགས་ཆེ་འོག་ འཇུག་ཡོད། དེ་ནས་རྒྱ་ནག་འགོ་ཁྲིད་ཚོས་བླ་ཆེན་ཡོངས་རྫོགས་ལྷན་འཛོམས་མཛད་སྒོར་བཀའ་འགུག་གིས་པཎ་ཆེན་རྫུས་མ་ངོས་འཛིན་བྱས། དེ་རྗེས་རྒྱ་ནག་གི་སྲིད་འཛིན་བྱིས་པ་ལོ་དྲུག་དེ་ཐུག་འཕྲད་བྱས་པ་དང༌། རྒྱ་ནག་དམར་པོའི་གཞུང་ལ་གུས་ཞེན་དགོས་པའི་བཀོད་བྱུས་གཏོང་ཡོད།

རྒྱ་ནག་གཞུང་གི་ཐེ་བྱུས་ཐོག་བོད་ནང་གྱི་ནང་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་ནི་བཤེས་གཉེན་ཚད་ལྡན་མེད་པ་དེ་རེད། དམར་ཤོག་གི་གྲགས་གནོན་འོག་བཤེས་གཉེན་རྒན་རབས་པ་ཉུང་ཤས་ལས་འཚོ་གནས་ཐུབ་མེད། བཤེས་གཉེས་ཉུང་ཤས་ཡོད་པ་རྣམས་ཀྱང་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་སྐུ་ངལ་གྱིས་གསར་འཛུགས་གནང་བའི་གཞུང་གི་ནང་པའི་མཐོ་སློབ་ནང་ལོ་གཉིས་སམ་མང་ན་ལོ་བཞི་ལས་སློབ་འཁྲིད་སྦྱོར་བརྡར་ཐོབ་པ་དག་ཡིན། སྤྱིར་རྒྱ་ནག་ནང་ལས་སློབ་འཁྲིད་མང་བའི་གོ་སྐབས་ཡོད་ཀྱང༌། བོད་ནང་དགོན་སྡེ་མང་ཆེ་བ་ཡུལ་བསྐོར་སྤྲོ་འཆམ་པ་ཡིད་མགུ་སླད་དང་། གྲྭ་བ་ཚོ་བྱུང་འཛིན་བླངས་མཁན་དང༌། ལྷ་ཁང་ཞབས་ཕྱི་ལྟ་བུའི་ལས་ཀ་བྱེད་དགོས་ཡོད། སྤྱིར་སྐྱ་བོ་མང་ཚོགས་རྣམས་ཆོས་ལ་དད་གུས་ཤུགས་ཆེན་པོ་ཡོད་ཀྱང༌རྒྱ་ནག་ཧཱན་མི་རིགས་ཀྱི་མི་འབོར་སྤོ་བཞུད་དང་། རྒྱ་ནག་རང་ནང་ནས་མཁོ་སྤྲོད་བྱེད་པའི་ཆེས་འཕེལ་བཞིན་པའི་ཆང་རག་གོང་ཁེ་པོ་དང་། ཧེ་རོའིན་བཟི་སྨན། འདོད་པའི་འཆལ་སྤྱོད་སྣ་ཚོགས། རྒྱན་རྩེད་རིགས་ལ་སོགས་པའི་དབང་གི་བོད་པའི་ན་གཞོན་ཆ་ཤས་ཤུགས་ཆེ་བ་ལས་ཀའི་གོ་སྐབས་ཉུང་དུ་ཕྱིན་ནས་ཀུན་སྤྱོད་ཉམས་རྒུད་འགྲོ་བཞིན་ཡོད།

ཤར་ཏུར་ཀི་སི་ཐན ། (East Turkistan) (ཞིན་ཅང་ Xinjiang)

ཤར་ཏུར་ཀི་སི་ཐན་ (ཞིན་ཅང་) ནང་གནས་སྡོད་བྱེད་མཁན་ཁལ་མུག (Kalmyk) སོག་པོའི་དགོན་པ་མང་ཆེ་བ་རིག་གནས་གསར་བརྗེ་སྐབས་གཏོང་བཤིག་བཏང་ཡོད། མང་པོ་ཞིག་ད་ལྟ་སླར་གསོ་ཐུབ་ཡོད་ཀྱང་བོད་ནང་ལས་ལྷག་པའི་དགེ་རྒན་ཤིན་ཏུ་དཀོན་པའི་དཀའ་ངལ་ཡོད། གྲྭ་པ་གཞོན་པ་མང་པོ་སློབ་གཉེར་གྱི་མཐུན་རྐྱེན་ཞན་པས་དབང་གི་སེམས་ཤུགས་ཆགས་ནས་ཕྱིར་འཐོན་འགྲོ་ཡི་ཡོད།

ནང་སོག (Inner Mongolia)

བོད་ཀྱི་ནང་པའི་གནས་སྟངས་ཐབས་སྡུག་ཤོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཡོད་པའི་ནང་སོག་ནང་ཡིན། ལུང་པའི་ནུབ་ཕྱོགས་ཁུལ་ལ་ཡོད་པའི་དགོན་པ་མང་ཆེ་བ་རིག་གནས་གསར་བརྗེ་སྐབས་གཏོར་བཤིག་བཏང་ཟིན། མན་ཇུ་རི་ཡས་ (Manchuria) མངའ་འོག་ན་ཡོད་པའི་ཤར་ཁུལ་གྱི་དགོན་པ་རྣམས་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་ཨུ་རུ་སུས་རྒྱ་ནག་བྱང་ཕྱོགས་ཉི་ཧོང་ལས་བཅིང་འགྲོལ་གཏོང་སྐབས་སི་ཊ་ལེན་ (Stalin) དམག་དཔུང་གིས་གཏོར་བཤིག་བཏང་ཡོད། རིག་གནས་གསར་བརྗེ་སྐབས་ཕལ་ཆེར་ཡོངས་རྫོགས་རྩ་གཏོར་བཏང་ཡོད། ནང་སོག་ནང་སྔར་ཡོད་པའི་དགོན་པ་ ༧༠༠ ལས་ད་ཆ་ ༢༧ ལས་ལུས་མེད། བོད་དང་ཤར་ཏུར་ཀི་སི་ཐན་ནང་ལས་གཞན་གང་དུའང་ཉམས་གསོའི་འབད་བརྩོན་གནང་མེད། ནང་སོག་ནང་ཆེས་ཤུགས་ཆེ་བའི་ཧཱན་རྒྱ་རིགས་གཞིས་སྤོས་དང༌། ས་གནས་ཡུལ་མི་དང་རྒྱ་རིགས་དབར་གཉེན་སྒྲིག་གི་རྐྱེན་པས་དམིགས་བསལ་དུ་གྲོང་འཁྱེར་ཁག་ནང་ཡོད་མཁན་སོག་པོ་རྣམས་སོ་སོའི་སྐད་རིགས་དང༌། སྲོལ་རྒྱུན་རིག་གཞུང་། ནང་ཆོས་བཅས་ལ་དོན་སྣང་ཆུང་དུ་ཕྱིན་ཡོད། དགོན་པ་འགའ་ཞིག་ལས་མེད་དེ་ཡང་ཡུལ་བསྐོར་སྤྲོ་འཆམ་པ་ཡིད་མགུ་བའི་ཆེད་དུ་དང༌། གྲྭ་པ་གཞོན་པ་འགའ་ཤས་ལས་མེད། དེ་དག་ལ་སློབ་ཁྲིད་དང་སྦྱོང་བརྡར་ཧ་ལམ་ཐོབ་ཀྱི་མེད། གཱོ་བྷི་བྱེ་ཐང་ (Gobi desert) གི་ཆེས་མཐའ་ཁོབ་ཀྱི་ས་ཁུལ་ཁག་ལ་དགོན་པ་རེ་གཉིས་ལྷག་ཡོད་པ་དེ་དག་གི་ནང་གྲྭ་པ་ཡོད་པ་ཚོས་སྲོལ་རྒྱུན་གྱི་ཆོ་ག་གསུང་འདོན་གནང་བཞིན་ཡོད། འོན་ཀྱང་དེ་དག་ལས་མང་ཆེ་བ་ལོ་རྒན་བདུན་ཅུ་ལས་ལྷག་པ་ཡིན། བོད་ཀྱི་ས་ཁུལ་དང་འདྲ་བ་རྩྭ་ག་བཟང་བ་དང༌། འབྲོག་པ་ཚོར་དགོན་པ་བསྐྱར་གསོ་ཆེད་ཐུན་ཁུངས་ཡོད་པ། གསར་བཞུགས་གྲྭ་པ་ཚོར་འཚོ་གནས་སྦྱར་ཐུབ་པའི་མཐུན་རྐྱེན་མེད་པའི་དབང་གིས་གཱོ་བྷི་བྱེ་ཐང་ནང་སྡོད་མཁན་སོག་པོའི་འབྲོག་པ་ཆོས་དད་ཅན་ཚོ་ཧ་ཅང་སྐྱོ་བོ་ཡོད།

སོག་པོ།(Mongolia)

སོག་པོ་རང་ནང་༼ཕྱི་སོག༽ དགོན་པ་སྟོང་ཕྲག་མང་པོ་ཡོད། དགོན་པ་ཡོངས་རྫོགས་ཕྱི་ལོ་ ༡༩༣༧ ལོར་སི་ཊ་ལེན་ (Stalin) གྱི་བཀའ་གཏོང་འོག་ཆ་ཤས་སམ་ཡོངས་རྫོགས་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༡༩༤༦ ལོར་ཨུ་ལཱན་བཱ་ཐར་ (Ulaan Baatar) རྒྱལ་སར་མཚོན་དོན་ཙམ་དུ་དགོན་པ་གཅིག་བསྐྱར་དུ་སྒོ་ཕྱེས་ཡོད། ཕྱི་ལོ་ ༡༩༧༠ ཡི་སྒོ་སྟོད་ནང་གྲྭ་བ་ཚོ་ལ་ལོ་ལྔའི་རིང་མཐོ་སློབ་སྦྱོང་བརྡར་འགོ་འཛུགས་བྱས། དེར་གཏན་འབེབས་སློབ་ཚན་ཤིན་ཏུ་བསྡུས་པོ་ཡོད་ཅིང་མཱ་ཁེ་སཱི་ (Marxist) ཡི་གཙོ་བོ་སློབ་གཉེར་བྱས་དགོས། གྲྭ་བ་ཚོར་གཞུང་གི་དབང་འཛིན་པ་ཚོས་ གསང་ཞིབ་ཀྱིས་མང་ཚོགས་ཆེད་འདོན་ཆོ་ག་ཉུང་ཤས་ལས་བྱེད་ཆོག་གི་མེད། ཕྱི་ལོ་ ༡༩༩༠ ལོར་དམར་ཤོག་ཉམས་རྒུད་འགྲོ་བ་དང་རྒྱ་གར་བཙན་བྱོལ་ནང་གི་བོད་མི་ཚོས་ཕན་གྲོགས་ལ་བརྟེན་ནས་ནང་ཆོས་སླར་གསོ་ཤུགས་ཆེ་བྱེད་ཐུབ་པ་བྱུང་ཡོད། གསར་བཞུགས་གྲྭ་བ་མང་པོ་སློབ་གཉེར་ཆེད་རྒྱ་གར་དུ་བཏང་བ་དང༌། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཁྲོད་ནས་དགེ་རྒན་མང་པོ་གདན་འདྲེན་ཞུས་ཡོད། དགོན་པ་ ༡༥༠ བསྐྱར་དུ་སྒོ་ཕྱེ་པའམ་ཚུལ་མཐུན་ངང་བསྐྱར་དུ་བཞེངས་ཐུབ་པ་བྱུང་ཡོད། བོད་ནང་གྲྭ་བ་རྒན་རབས་པ་སྐྱ་ཕབ་ནས་བསྐྱར་དུ་དགོན་པའི་ནང་གྲྭ་མ་བྱས་པར་ཕྱི་ནས་དགོན་པ་བསྐྱར་བཞེངས་དང༌། མཐུན་གྱུར་ཕན་གྲོགས་གནང་བ་ལྟར་མ་ཡིན་པ་སོག་པོའི་ནང་གྲྭ་བ་རྒན་རབས་པ་མང་པོ་བསྐྱར་དུ་དགོན་པར་བཞུགས་ནས་གྲྭ་པ་བྱས་ཡོད། དེ་དག་ལས་མང་ཆེ་བ་རང་ཁྱིམ་སྤང་མེད་པར་རྟེན་མཚན་མོ་སོ་སོའི་བཟའ་ཟླ་མཉམ་དུ་སྡོད་པ་དང་ཆང་རག་ཐུང་བ་སོགས་བྱེད་ཀྱི་ཡོད་པས་གྲྭ་བའི་འདུལ་ཁྲིམས་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད།

སོག་པོའི་ནང་ནང་ཆོས་ལ་འཕྲད་བཞིན་པའི་དཀའ་ངལ་ཤུགས་ཆེ་ཤོས་ནི་ཨ་རིའི་མཱོར་མཱོན་(Mormon ཨ་རི་ཡེ་ཤུས་) དང༌། ཆོས་མིང་འདོགས་ཀྱིས་ཡེ་ཤུས་ (Baptist) ཆོས་ཁྱབ་སྤེལ་གཏོང་མཁན་དག་ཡིན། ཁོ་ཚོ་དང་པོ་དབྱིན་ཇི་སློབ་ག་ཡོང་བ་དང༌། དེ་ནས་ཆོས་ལུགས་བརྗེ་སྒྱུར་བྱས་ན་ཨ་རི་ནང་སློབ་སྦྱོང་གི་གོ་སྐབས་ཐོབ་ཆེད་དངུལ་དང་རོགས་སྐྱོར་སྤྲོད་དགོས་སྐོར་བརྗོེད་ཀྱི་ཡོད། ཁོ་ཚོས་པར་སྐྲུན་བྱས་པའི་དཔེ་དེབ་ཡིད་དུ་འོང་པོ་དང་། སོག་པོའི་ཕལ་སྐད་ནང་བྲིས་པའི་ཡི་ཤུ་མཱ་ཤཱི་ཀའི་ལོ་རྒྱུས་དེབ་ཆུང་རིན་མེད་བགོས་འགྲེམས་དང་། གློག་བརྙན་སྟོན་གྱི་ཡོད། ནང་པ་ཚོས་ཁོ་ཚོས་འགྲན་སྡུར་མི་ཐུབ། གང་ཡིན་ཟེར་ན་སོ་པོའི་ཕལ་སྐད་ནང་བྲིས་པའི་ནང་ཆོས་ཀྱི་དཔེ་དེབ་མེད། གཞུང་ཆེན་བཀའ་དང་བསྟན་བཅོས་ཁག་མི་མང་ཆེ་བས་ཕབ་སྒྱུར་ཐུབ་ཀྱི་མེད། ཕབ་སྒྱུར་ཐུབ་ཀྱང་དཔར་བསྐྲུན་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་དཀོན། དེར་བརྟེན་ན་གཞོན་དང༌ཤེས་ཡོན་ཅན་རྣམས་ནང་ཆོས་བཞག་ནས་ཡེ་ཤུ་ཆོས་ལ་བློ་འགུག་འགྲོ་གི་ཡོད།

ཨུ་རུ་སུ། (Russia)

ཨུ་རུ་སུ་ནང་སྲོལ་རྒྱུན་བོད་ཀྱི་ནང་ཆོས་དར་སའི་ས་ཁུལ་གསུམ་ཡོད། སྦེ་ཀལ་མཚོའི་ (Lake Baikal) ཉེ་འགྲམ་དང་སེའེ་སྦི་རི་ཡ་ (Siberia) ནང་ཡོད་པའི་སྦུ་རས་ཐུ་ (Buryatia) དང༌། འདི་ཡང་སཨི་བྷིརི་ཡ་དང་ནུབ་སོག་པོའི་བྱང་ཕྱོགས་ན་ཡོད་པའི་ཏུ་ཝ། (Tuva) ཀ་སི་པིན་རྒྱ་མཚོའི་ (Caspian Sea) བྱང་ནུབ་ན་ཡོད་པའི་ཁལ་མུག (Kalmykia) བཅས་ཡིན། སྦུ་རས་ཐུ་དང༌ཁལ་མུག་གཉིས་སོག་པོའི་མི་རིགས་ཡིན་པ་དང་། ཏུ་ཝའི་མི་རིགས་རྣམས་ཊར་ཀིའི་རིགས་རྒྱུད་རེད། སྦུ་རས་ཐུ་ནང་དགོན་པ་གསུམ་མ་གཏོགས་ས་ཁུལ་འདི་དག་ནང་ཡོད་པའི་དགོན་པ་ཡོངས་རྫོགས་ཕྱི་ལོ་ ༡༩༣༠ ཡི་མཇུག་ཙམ་ལ་སི་ཊ་ལེན་གྱིས་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༡༩༤༠ ཡི་མཇུག་ཏུ་སི་ཊ་ལེན་ནས་སྦུ་རས་ཐུ་ནང་ཀེ་ཇི་བྷི་དོགས་སྲུང་བྱ་རའི་(KGB surveillance) དམ་བསྒྲགས་ཆེན་པོའི་འོག་དགོན་པ་གཉིས་བསྐྱར་དུ་སྒོ་ཕྱེས་པ་རེད། སྐྱ་ཕབ་པའི་གྲྭ་བ་རྣམས་ཉིན་མོར་སྒྲིག་ཆས་ལྟར་བསྐྱར་དུ་གྲྭ་ཆས་གྱོན་ནས་ཆོ་ག་འགའ་སྒྲུབ་ཀྱི་ཡོད། གྲྭ་བ་མང་པོ་ཞིག་སོག་པོའི་ནང་ཡོད་པའི་སྦྱོང་བརྡར་མཐོ་སློབ་ནང་སློབ་སྦྱོང་བྱེད་དུ་ཕྱིན་ཡོད། ཕྱི་ལོ་ ༡༩༩༠ ལོར་དམར་ཤོག་ཉམས་རྒུད་འགྲོ་བ་ནས་བཟུང་ས་ཁུལ་འདི་གསུམ་གའི་ནང་ནང་ཆོས་སླར་གསོ་ཤུགས་ཆེ་བྱུང་ཡོད། བཙན་བྱོད་བོད་མིའི་འཁྲོད་ནས་དགེ་རྒན་གཏོང་བ་དང༌། ན་གཞོན་གྲྭ་བ་གསར་པ་མང་པོ་རྒྱ་གར་ནང་ཡོད་པའི་བོད་པའི་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་བཞིན་ཡོད། ད་ཆ་སྦུ་རས་ཐུའི་ནང་དགོན་པ་བཅུ་བདུན་བསྐྱར་འཛུགས་ཐུབ་ཡོད། སོག་པོའི་ནང་ཡོད་པ་བཞིན་དེར་ཡང་སྐྱ་ཕབས་ཟིན་པའི་གྲྭ་པ་བཟའ་ཟླ་ཡོད་བཞིན་དུ་དགོན་པའི་ནང་བསྐྱར་དུ་བཞུགས་པ་དང་ཆང་རག་ལོངས་སྤྱོད་པའི་དཀའ་ངལ་ཡོད་འདུག འོན་ཀྱང་སོག་པོ་དང་མི་འདྲ་བར་དགོན་པ་འདི་དག་ནང་གྲྭ་པ་ཚོ་ཚངས་པར་སྤྱོད་པ་ཡོད་དགོས་ཀྱི་མེད། ཁལ་མུག་དང་ཏུ་ཝ་ནང་དགོན་པ་སྒོ་ཕྱེས་རྒྱུའི་འཆར་གཞི་ཡོད་མུས་རེད་འདུག ས་ཁུལ་འདི་གསུམ་ནང་ཡེ་ཤུའི་ཆོས་སྤེལ་མཁན་ཤུགས་ཆེ་ཡོད་འདུག་ཀྱང་སོག་པོའི་ནང་ཡོད་པ་ལྟར་ཤུགས་ཆེན་པོ་མེད་པ་རེད་འདུག

ཨེ་ཤི་ཡའི་ནང་ཡོད་པའི་ནང་པའི་ཆོས་རྒྱུད་གཞན་འཁྲོད་བོད་ཀྱི་ནང་ཆོས་ཐད་དོ་དབྱིངས་ཤུགས་ཆེ་ཡོད་འདུག རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་བོད་པའི་སློབ་དཔོན་མང་པོ་སློབ་འཁྲིད་ཆེད་ལྷོ་ཤར་ཨེ་ཤི་ཡ་དང༌། ཐེ་ཝན་། ཧོང་ཀོང། ཉི་ཧོང་དང་། ཀོའོ་རི་ཡ་བཅས་ཀྱི་ནང་གདན་འདྲེན་ཞུས་ཀྱི་ཡོད། ཡུལ་ལུང་དེ་དག་གི་དད་ལྡན་མང་ཚོགས་རྣམས་བོད་ཀྱི་ནང་ཆོས་སྲོལ་རྒྱུན་ནང་ཡོད་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་གི་འགྲེལ་བཤད་ཁ་གསལ་པོ་ཡོད་པ་དེའི་རྒྱུད་རང་སོ་སོའི་སྲོལ་ལུགས་ཤེས་རྟོགས་ཆེད་ཟུར་རྒྱན་ལྟ་བུར་ཕན་ཐོག་ཡོང་བ་དང་། མི་མང་ཚོ་ཡར་རྒྱས་གོང་འཕེལ་དང༌། འཕྲོད་བསྟེན་ཆེད་བོད་པའི་ཟབ་བརླིང་ཆོ་ག་དག་ལའང་ཡིད་འཕྲོག་པོ་ཡོང་གི་ཡོད།

སྲོལ་རྒྱུན་ནས་ནང་པ་མ་ཡིན་པའི་རྒྱལ་ཁབ།

སྲོལ་རྒྱུན་ནས་ནང་པ་མ་ཡིན་པའི་རྒྱལ་ཁབ་ཁག་གི་ནང་ཡང་འཛམ་གླིང་ཁྱོན་ཡོངས་ནང་མཐོང་རྒྱུ་ཡོད་པའི་ནང་ཆོས་མི་འདྲ་བ་ཚང་མ་ཡོད། དེ་དག་ཚང་མ་སྡེ་ཚན་གཙོ་བོ་གཉིས་ཀྱི་ནང་འཚུད། ཨེ་ཤི་ཡ་ནས་ཡུལ་སྤོ་བ་དག་དང༌། ཨེ་ཤི་ཡའི་མི་རིགས་མ་ཡིན་པའི་ཉམས་ལེན་པ་བཅས་ཡིན། ལྷག་པར་དུ་ཨ་རི་ (United States) དང༌། ཨོ་སི་ཊོ་ལི་ཡ་ (Australia) ནང་ཨེ་ཤི་ཡའི་ཡུལ་སྤོ་བ་ཚོས་རྒྱལ་ཁབ་དེ་གཉིས་ནང་སོ་སོའི་དགོན་པ་འཛུགས་པ་མང་པོ་ཡོད། དེ་དང་ཕྱོགས་མཚུངས་ཁེ་ན་ཌ་ (Canada) དང་། སྦ་ར་ཛིལ། (Brazil) པེ་རུ། (Peru) ནུབ་ཡུ་རོབ་ཀྱི་རྒྱལ་ཁབ་ནང་ནས་གཙོ་བོ་ཧྥ་རན་སི་ (France) བཅས་ནང་ཁྱབ་ཆུང་ཀྱང་སོ་སོའི་དགོན་པ་འཛུགས་པ་མཐོང་རྒྱུ་ཡོད། འབད་བརྩོན་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་དད་གུས་ཉམས་ལེན་དང༌། ཡུལ་སྤོ་བའི་སྤྱི་ཚོགས་ལ་ཕན་གྲོགས་སྦྱོར་ཡག་དང་། སོ་སོའི་རྒྱལ་ཁབ་ཀྱི་རིགས་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་ཡག་དེ་རེད།

ད་ཆ་ནང་པའི་སྲོལ་ལུགས་ཚང་མས་ཆོས་ཚོགས་གླིང་ཕྲན་ཡོད་ཚད་ནང་ཁྱོན་རྒྱལ་ཁབ་བརྒྱད་བཅུ་ལྷག་གི་ནང་ཡོད། དེ་དག་ནང་སྒོམ་དང༌། སློབ་གཉེར་དང་ཆོ་གའི་ཉམས་ལེན་བྱེད་མཁན་མང་ཆེ་བ་ཨེ་ཤི་ཡ་མ་ཡིན་པའི་མི་རིགས་ཚོ་ཡིན། ཆོས་ཚོགས་དེ་དག་གི་འཕེལ་ཚད་ཤུགས་ཆེ་བ་བོད་པ་དང༌། ཛེན། གནས་བརྟན་པའི་སྲོལ་ལུགས་དག་ཡིན། ཆོས་ཚོགས་འདི་ཚོས་ནང་བཤེས་གཉེན་ནུབ་ཕྱོགས་པ་དང༌། ཨེ་ཤི་ཡ་རང་ནས་ཡིན་པའི་ནང་པ་གཉིས་ཀ་ཡོད། མང་ཆེ་བ་ཨ་རི་དང༌། ཧྥ་རན་སི། ཇར་མན་ (Germany) བཅས་ནང་ཡོད། དོན་གཉེར་ཆེ་བའི་སློབ་གཉེར་བ་རྣམས་སྦྱོང་བརྡར་ཟབ་པ་ཡོང་ཆེད་ཨེ་ཤི་ཡ་ནང་ཡང་ཡང་ཡོང་གི་ཡོད། དེ་མ་ཟད། རྒྱལ་སྤྱི་ཁྱོན་ཡོངས་ཀྱི་གཙུག་ལག་སློབ་གྲ་མང་པོའི་ནང་ནང་ཆོས་སློབ་གཉེར་ལས་གཞི་ཡོད་པ་དང༌། ནང་ཆོས་དང་ཆོས་ལུགས་གཞན། ཚན་རིག སེམས་ཁམས་རིག་པ། སྨན་གཞུང་བཅས་ཀྱི་སྐོར་སྔར་ལས་ལྷག་པའི་བགྲོ་བསྔུར་དང་བསམ་ཚུལ་བརྗེ་ལེན་ཇེ་མང་དུ་འགྲོ་བཞིན་ཡོད། ༸གོང་ས་མཆོག་ནས་འདི་ཐད་མཛད་རྗེས་རླབས་ཆེན་བསྐྱངས་ཡོད།