བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

བོད་པའི་ངག་རྒྱུན་དང་གསུར་རབ་ཀྱི་ལེགས་སྐྱེས་ལ་བརྟེན་ནས་གོ་ལ་ཡོངས་ཀྱི་གོ་རྟོགས་
ཡར་རྒྱས་འགྲོ་བ་དང་འགྲོ་སྲིད་སྐོར།
(ཡིག་ཆ་ཆ་ཚང་།)

ཨེ་ལེག་ཛན་ཌར་ བྷར་ཛིན།
རྒྱ་གར། ལྡི་ལི། ཕྱི་ལོ་ ༢༠༠༩ ཟླ་ ༡༢།

ངོ་སྤྲོད།

དེ་རིང་ང་ཚོ་ཚོགས་ཆེན་འདིར་བོད་ཀྱི་རིག་གཞུང་གིས་གོ་ལ་ཡོངས་ཀྱི་གོ་རྟོགས་ཐད་ལེགས་སྐྱེས་འབུལ་ཕྱོགས་ཡར་རྒྱས་འགྲོ་བ་དང་འགྲོ་སྲིད་པའི་སྐོར་ལ་བགྲོ་གླེང་ཆེད་དུ་འཛོམས་པ་རེད། བོད་ཀྱི་རིག་གཞུང་ནི་ཨ་ཅང་ཅང་ནང་ཆོས་དང་། བོན་ཆོས། གསོ་བ་རིག་པ། ལོ་ཐོ་བཟོ་རིག སྐར་རྩིས། སྒྱུ་རྩལ། ཁང་བཟོ་བཀོད་རིག རོལ་དབྱངས། གླུ་གར། སྐད་ཡིག རྩོམ་རིག་སོགས་ཀྱི་ཁྱད་ཆོས་དུ་མ་འདུས་ཤིང་རྒྱ་ཆེ་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན། འོན་ཀྱང་ཁྱད་ཆོས་དེ་དག་ཚང་མ་གཅིག་གིས་གཅིག་ལ་མ་བརྟེན་པར་ཚུགས་ཐུབ་ཏུ་གྲུབ་པ་གཅིག་ཀྱང་མེད་ཅིང་། ཚང་མ་རིག་གཞུང་དར་ཁྱབ་གཞན་གྱི་ལོ་རྒྱུས་ལ་ཁུངས་གཏུགས་ནས་འཕེལ་འགྱུར་བྱུང་ཡོད། བོད་ནི་ཞང་ཞུང་དང་། རྒྱ་གར། རྒྱ་ནག གྷི་རིག པར་ཤི་ཡ། ལི་ཡུལ་(Khotan) ། ཏུར་ཀི་སི་ཐན་བཅས་ཀྱི་ཤེས་རིག་ཐུག་སའི་ལམ་གྱི་བཞི་མདོ་ལྟ་བུ་ཆགས་ཡོད། བོད་རིགས་ཚོས་སྤྱི་སྒེར་གཉིས་ཀའི་ཐོག་ནས་སྲོལ་རྒྱུན་དེ་དག་ལ་གནོད་ཚབས་ཆེ་བའི་ལས་རིགས་ཅི་ཡང་བརྩམས་མེད། དེ་ལས་ལྡོག་སྟེ་བོད་རིགས་ཚོས་ཕྱི་རྒྱལ་གྱི་རྩོམ་རིག་རྒྱུ་ཆ་ཚང་མར་དོ་གལ་ཆེན་པོས་བརྩི་འཇོག་བྱས་ཤིང་ཁོང་ཚོ་རང་གི་འགྲོ་ལུགས་ཐོག་ནས་ལྟ་ཚུལ་སྣ་ཚོགས་ལ་ལེགས་བཅོས་དང་མཉམ་སྡེབ་གནང་སྟེ་ཁོང་ཚོའི་ཐུན་མིན་གྱི་ལམ་ལུགས་གོང་མཐོར་བཏང་ཡོད།

དེར་མ་ཟད་བོད་ཀྱི་རིག་གཞུང་ནི་རིག་གཞུང་དར་ཁྱབ་གཞན་ལ་མ་བརྟེན་པར་རང་སྐྱ་ཐུབ་པའི་སྒོ་ནས་ཁེར་རྐྱང་དུ་ཉེ་འཁོར་དུ་གནས་པའི་མི་རིགས་གཞན་དང་འབྲེལ་ལམ་མེད་པར་གཡོ་མེད་ཁེ་གཙང་དུ་གནས་མེད། དེ་ལས་ལྡོག་སྟེ་བོད་པའི་སྐད་ཡིག་དང་རིག་གཞུང་ནི་རིག་གཞུང་དར་ཁྱབ་གཞན་མང་པོ་དང་ལྷན་དུ་འབྲེལ་གཏུགས་བྱུང་བའི་རྐྱེན་གྱིས་དར་ཁྱབ་སོང་ནས། གོ་ལ་ཡོངས་ཀྱི་གོ་རྟོགས་གོང་འཕེལ་ཐད་ལོ་ལྟར་ལེགས་སྐྱེས་རླབས་པོ་ཆེ་འབུལ་གྱིན་ཡོད། ང་ཚོས་དེང་དུས་ཀྱི་རིག་གཞུང་ནང་ཁུལ་དབར་གྱི་སྣང་ཚུལ་འདིར་བརྟག་དཔྱད་མ་བྱས་སྔོན། ང་ཚོས་དང་པོ་དེའི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་དགོས།

ལོ་རྒྱུས་ཀྱི་དཔྱད་ཞིབ།

འདས་པའི་དུས་རབས་དེ་དག་ནང་། བོད་ཀྱི་རིག་གཞུང་ནི་དར་གོས་ལམ་(Silk Route)བརྒྱུད་བྱང་ཕྱོགས་སུ་ཏཱ་རིམ་ལུང་གཞོང་(Tarim Basin)གི་གྲོང་ཁྱེར་དང་ཀན་སུའུ་སྐམ་རྒྱུད་སྲང་ལམ་(Gansu Corridor)ཁྲོད་དར་ཁྱབ་བྱུང་བ་དང་། ཕྱིས་སུ་སོག་པོ་དང་། ཤར་ཏུར་ཀི་སི་ཐན་ནང་གི་ཇུན་གར་རི་ཡ་(Dzungaria)། ད་ཆ་ཀ་ཛག་སེ་ཐན་(Kazakhstan)དང་ཀིར་གྷི་ཟི་སི་ཐན་(Kyrgyzstan)ཞེས་པའི་ཡུལ། རྒྱ་ནག་བྱང་ཕྱོགས། མན་ཇུ་རི་ཡ་(Manchuria) ། སྦུ་རས་ཐུ་(Buryat)དང་ཁལ་མུག (Kalmyk) ཐུ་ཝ་(Tuva)་བཅས་ཨུ་རུ་སུའི་ས་ཁོངས། ལྷོ་ཕྱོགས་སུ་ཧི་མ་ལཱ་ཡའི་མངའ་ཁུལ་དང་འབྲེལ་ཡོད་ས་ཁུལ། དེང་སང་པ་ཀི་སི་ཐན་གི་བྱང་ཕྱོགས་ནས་བྱང་འབར་མའི་བར་བཅས་སུ་དར་ཁྱབ་ཆེན་པོ་བྱུང་། དེའི་ཉེར་འབྲས་སུ། དུས་སྐབས་བར་མའི་རིང་ཡོ་རོབ་ཏུ་རོ་མན་རིག་གཞུང་དང་ལ་ཊིན་གྱི་བྱས་རྗེས་དང་འདྲ་བར། ཁྱད་རྣམ་དུ་མ་ལྡན་པའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་གིས་དབུས་ཨེ་ཤི་ཡཱ་དང་ཧི་མ་ལཱ་ཡའི་ས་ཁུལ་ནང་གོང་བུ་གཅིག་སྒྲིལ་ཡོང་བར་ལེགས་སྐྱེས་རླབས་ཆེན་ཕུལ་ཡོད།

དཔེར་ན། སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ནས་དུས་རབས་དགུ་པའི་དུས་དཀྱིལ་དུ་གླང་དར་མས་རྒྱལ་སྲིད་བཟུང་བའི་བར། བོད་ཀྱི་རྒྱལ་པོ་རྣམས་ཀྱིས་མངའ་ཁོངས་རྒྱ་ཆེན་པོ་ཞིག་དབང་སྒྱུར་བྱས་ཡོད། དཔེར་ན། ཏཱ་རིམ་ལུང་གཞོང་དང་ཀན་སུའུ་སྐམ་རྒྱུད་སྲང་ལམ་བརྒྱུད་ཀྱི་དར་གོས་ལམ་ཁྲོད་ཀྱི་མངའ་སྡེ་རྣམས་དང་། དེ་བཞིན་ཁྱིམ་མཚེས་རྒྱ་ནག་གི་ས་མཚམས་ས་ཁུལ་དང་ལ་དྭགས་ནས་བརྩིས་པའི་ཧི་མ་ལཱ་ཡའི་ས་ཁུལ་དང་། འབྲུག་ཡུལ། དེང་སང་ཡུན་ནན་དང་བྱང་འབར་མའི་ས་ཁུལ་ལྟ་བུ། མ་གཞི་ས་ཁུལ་རྒྱ་ཆེན་པོ་དེ་དག་མི་རིགས་དང་། རིག་གཞུང་། སྐད་ཡིག་སྣ་ཚོགས་ཅན་གྱི་མི་རིགས་འདྲ་མིན་དང་ཕར་འགྲོ་ཚུར་འོང་བྱེད་མཁན་ཐག་རིང་ཚོང་པ་རྣམས་ཀྱི་གནས་ཡུལ་ཡིན་ཀྱང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་ཡུལ་ལུང་དེ་དག་ནང་རྒྱལ་སྤྱིའི་གོ་རྟོགས་སྤེལ་བའི་བརྒྱུད་ལམ་ཞིག་ཏུ་ལག་བསྟར་བྱས་ཡོད།

དེར་མ་ཟད་གླང་དར་མ་བཀྲོངས་པ་དང་བོད་ཀྱི་རྒྱལ་ཁམས་སིལ་བུར་ཐོར་བའི་རྗེས། དར་གོས་ལམ་གྱི་ཕྱོགས་སུ་བར་གནས་རྒྱལ་ཁབ་ཆུང་ཆུང་དུ་མ་ཆགས་ནས། བོད་ཀྱི་སྐད་ཡིག་དང་ནང་པའི་རིག་གཞུང་ནི་དུས་རབས་མང་པོའི་རིང་ས་ཁུལ་དེ་དག་ནང་གོང་བུ་གཅིག་འགྱུར་ཡོང་བའི་རྒྱུད་ལམ་གཙོ་བོ་ཞིག་ཏུ་མུ་མཐུད་ལག་བསྟར་བྱས། དཔེར་ན། མ་མཐར་དུས་རབས་བཅུ་པའི་འགོ་སྟོད་བར། མི་རིགས་སྣ་ཚོགས་ཀྱི་ཐུན་མོང་བའི་སྐད་ཡིག་ཅིག་ཡིན་པའི་སྐབས་ནས་བཟུང་། བོད་ཀྱི་སྐད་ཡིག་ནི་ཀན་སུའུ་སྐམ་རྒྱུད་སྲང་ལམ་དང་དར་གོས་ལམ་གྱི་ས་ཁུལ་བཅས་ལི་ཡུལ་ (Khotan)བར་གྱི་ས་གནས་ཁག་ཏུ་ཚོང་འབྲེལ་དང་ཕྱི་འབྲེལ་སླད་བེད་སྤྱོད་བྱེད་པའི་སྐད་ཡིག་ཏུ་གྱུར། གཞན་ཡང་དམིགས་བསལ་ཡུ་གུར་(Uighur)ནང་དུས་རབས་བཅུ་པའི་དུས་དཀྱིལ་དང་མི་ཉག་(Tangut)ནང་དུས་རབས་བཅིུག་པའི་དུས་དཀྱིལ་དུ་། ས་ཁུལ་དེ་དག་ནང་གི་མཁས་པ་རྣམས་ཀྱིས་ནང་པའི་བསྟན་བཅོས་ཁག་བོད་སྐད་ནས་ས་གནས་ཀྱི་སྐད་ཡིག་འདྲ་མིན་ནང་ཕབ་སྒྱུར་ཞུས། ཁོ་ཆོ་ཡུ་གུར་(Qocho Uighurs)ཤར་ཏུ་ཀི་སི་ཐན་ནང་གནས་པ་དང་མི་ཉག་ལྷོ་ཀན་སུའུ་དང་དེང་སང་ཉིང་ཤའི་ཟེར་ཞིང་མདོ་སྨད་ཀྱི་ཤར་ཕྱོགས་སུ་གནས། མི་ཉག་གིས་ཐ་ན་ཁོ་རང་ཚོའི་རྙོག་ཟིང་ཆེ་འདྲ་གཟུགས་ཡི་གེའི་རྣམ་གཞག་ཆེད་བོད་ཡིག་བེད་སྤྱོད་བྱས་ཏེ་སོ་སོའི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཚོར་རང་གི་སྐད་ཡིག་སློབ་སྦྱོང་བྱེད་པར་རོགས་སྐྱོར་སླད་བོད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད། ཐ་ན་ཕྱིས་སུ་ཀློག་ཐབས་བདེ་པོ་ཡོང་ཆེད་རྒྱ་ནག་གི་བསྟན་བཅོས་ཁག་ཅིག་ཀྱང་བོད་ཡིག་ནང་ཕབ་སྒྱུར་བྱས་ཡོད།

དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ནས་བཟུང་བོད་ཀྱི་རིག་གཞུང་དང་ནང་ཆོས་སོག་པོའི་མངའ་ཁུལ་དུ་དར་ཁྱབ་འགོ་ཚུགས་རྗེས་སོག་པོའི་སྒྲིག་འཛུགས་ཀྱི་ཡན་ལག་མང་པོས་སླར་ཡང་དར་ཁྱབ་ཆེ་རུ་བཏང་ཡོད། དཔེར་ན། དུས་རབས་བཅུ་དྲུག་པའི་ནང་འགོ་བཙུགས་ཏེ། ནུབ་སོག་པོའི་ཡུལ་གྱི་ཇུན་གར་(Dzungar)སྡེ་པས་གུར་གྱི་དགོན་པ་བཞེངས་པ་དང་། ཕྱིས་སུ་ཤར་ཀ་ཟག་སི་ཐན་དང་ཀིར་གྷི་ཟི་སི་ཐན་ནང་རྡོ་བརྩིགས་ཀྱི་དགོན་པ་བཞེངས་ཤིང་ཚང་མས་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་ཀྱི་ཡོད། དུས་རབས་བཅུ་བདུན་པའི་འགོ་སྟོད་དུ་ནུབ་སོག་ཡུལ་གྱི་ཁལ་མུག་སྡེ་པ་ཨུ་རུ་སུའི་ས་ཁུལ་ཝོལ་གྷའི་(Volga)ནང་གནས་སྤོས་བྱས་པ་དང་སྦྲགས་བོད་ཀྱི་རིག་གཞུང་དང་ནང་ཆོས་སྤེལ། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ནས་འགོ་ཚུགས་ཏེ། དབུས་སོག་པོའི་ཡུལ་གྱིས་སེའེ་སྦི་རི་ཡའི་(Siberia)ལྷོ་ཕྱོགས་སུ་སྦུ་རས་ཐུ་(Buryat)སོག་ཁུལ་ནང་དང་། ཐུ་ཝའི་(Tuva)ཏུར་ཀིའི་མི་རིགས་རྣམས་ཀྱི་ཁྲོད་བོད་ཀྱི་ཁྱད་ནོར་དར་སྤེལ་བཏང་། གཞན་ཡང་ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས་ལྷོ་སེའི་སྦི་རི་ཡའི་ནང་དུའང་སྤེལ་ཡོད།
དུས་རབས་བཅུ་བཞི་པའི་འགོ་སྟོད་དུ་མཁས་དབང་རྣམས་ཀྱིས་བོད་སྐད་ནས་ནང་པའི་བཀའ་བསྟན་མི་ཉུང་བ་ཞིག་སོག་སྐད་དུ་བསྒྱུར། དུས་རབས་བཅུ་བདུན་པའི་འགོ་སྟོད་ཙམ་ནས་སོག་པོའི་མཁས་པ་རྣམས་ཀྱིས་བཀའ་འགྱུར་ཆ་ཚང་ཕབ་སྒྱུར་ཟིན་པ་དང་། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་བསྟན་འགྱུར་ཆ་ཚང་སོག་སྐད་དུ་བསྒྱུར། དུས་རབས་བཅོ་བདུན་པའི་སྟོད་ཆར་ནང་པའི་གཞུང་ཆེན་འགའ་བོད་སྐད་ནས་ཨོ་རོད་(Oirat)ནང་བསྒྱུར་བ་དང་། ཇུན་གར་དང་ཕྱིས་སུ་ཁལ་མུག་གི་གཞུང་སོགས་ནུབ་སོག་ཡུལ་གྱི་ཚད་ལྡན་སྐད་ཡིག་ཀྱང་སྐད་ཡིག་དེའི་ནང་བསྒྱུར། སོག་སྐད་དང་ཨོ་རོད་སྐད་ཡིག་ནང་བཀའ་བསྟན་དེ་དག་བསྒྱུར་ནའང་། སོག་པོའི་མཁན་དབང་མང་པོས་བསྟན་བཅོས་རྩོམ་པ་དང་འགྲེལ་པ་རྩོམ་པའི་སྐབས་བོད་ཡིག་ནང་འབྲི་གི་ཡོད། སྐབས་དེ་དུས་དགོན་པའི་ནང་ཆོས་ཀྱི་བགྲོ་གླེང་བྱེད་དུས་སོག་སྐད་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་མི་རིང་བར་སོག་པོ་རྣམས་ཀྱིས་བོད་ཡིག་ཐོག་སློབ་སྦྱོང་བྱས་ན་གང་ཅིར་སྟབས་བདེ་བ་དང་ཕན་ཐོགས་ཆེ་ཚུལ་རྟོགས།

དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་སེ་ཆེན་རྒྱལ་པོ་(Kublai Khan)ནས་འགོ་བཙུགས་ཏེ། སོག་པོས་བོད་ཀྱི་རིག་གཞུང་དང་ནང་ཆོས་བྱང་རྒྱ་ནག་གི་ས་ཁུལ་དུ་དར་སྤེལ་བཏང་། དུས་དེ་ནས་བཟུང་དུས་རབས་ཉི་ཤུའི་པའི་འགོ་སྟོད་དུ་མན་ཇུའི་ཆིང་གོང་མའི་རྒྱལ་རྒྱུད་ཉམས་རྒུད་མ་སོང་བར། བོད་བརྒྱུད་ནང་བསྟན་ནི་ཧ་ལམ་རྒྱ་ནག་གོང་མ་ཚང་མའི་སྐབས་ཀྱི་ཡོངས་གྲགས་ཆོས་སུ་གྱུར། མ་གཞི་མན་ཇུའི་བཀའ་འགྱུར་རྣམས་དོན་དངོས་སུ་རྒྱ་སྐད་ནས་མན་ཇུའི་སྐད་དུ་བསྒྱུར་བ་མ་གཏོགས་བོད་སྐད་ནས་བསྒྱུར་མེད། འོན་ཀྱང་མན་ཇུ་བས་བཀའ་བསྟན་གྱི་ནང་བོད་སྐད་དུ་བཀའ་འགྱུར་ཞེས་པ་བེད་སྤྱོད་བྱས་ཡོད་པ་ཙམ་མ་ཟད་ད་དུང་གཞུང་དེ་དག་ནང་བོད་ཡིག་བཀོལ་སྤྱོད་བྱས་ཡོད། ཇི་ཧོལ་(Jehol)ནང་ཁོང་ཚོའི་དབྱར་ཁའི་གནས་ས་སྟེ་ད་ཆ་ལྷོ་མན་ཇུའི་ནང་གི་ཆེང་སྡེ་(Chengde)ཞེས་པའི་ནང་། མན་ཇུ་གོང་མ་རྣམས་ཀྱིས་ཐ་ན་ཕོ་བྲང་པོ་ཏཱ་ལ་དང་། ནོར་བུ་གླིང་ཁ། བཀྲ་ཤིས་ལྷུན་དགོན། བསམ་ཡས་དགོན་པ་སོགས་ཀྱི་འདྲ་ཡ་བཞེངས་ཡོད། དེའང་རྒྱལ་ཁམས་དེའི་འོག་བོད་དང་། སོག་པོ། མན་ཇུ། རྒྱ་རིགས་བཅས་ཀྱི་དབར་མཐུན་སྒྲིལ་གོང་བུ་གཅིག་སྒྲིལ་ཡོང་བའི་སྟོབས་ཤུགས་སུ་བོད་ཀྱི་ནང་ཆོས་དང་རིག་གཞུང་བེད་སྤྱོད་གཏོང་ཐབས་བྱས་ཡོད། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་བཀླགས་ཐབས་བདེ་བའི་ཕྱིར་མན་ཇུ་བ་ཚོས་བོད་ཀྱི་ནང་པའི་གཞུང་རྣམས་མན་ཇུའི་སྐད་དུ་ཕབ་ཏེ་པར་འགྲེམས་བྱས་ཡོད་ཅིང་། ལེགས་སྦྱར་དང་། བོད་སྐད། མན་ཇུ། སོག་ཡིག རྒྱ་ཡིག་བཅས་ཤན་སྦྱར་གྱི་ནང་ཆོས་ཀྱི་ཚིག་མཛོད་གཅིག་བསྒྲིགས་ཡོད། དེ་དག་གིས་མན་ཇུ་ནང་པ་ཚོས་ཆོས་ཀྱི་ཉམས་ལེན་བྱེད་ཕྱོགས་ཐད་བོད་པའི་གཞུང་ལ་བརྟེན་ནས་ཡོད་པའི་དཔང་རྟགས་ཤིག་སྟོན་གྱི་ཡོད།

དེས་ན། བོད་ཀྱི་རིག་གཞུང་ནི་ད་ལྟའི་དུས་སྐབས་ཀྱི་སྔོན། བོད་ཀྱི་རིག་གཞུང་དར་ཁྱབ་བྱུང་སའི་ས་ཁུལ་མང་པོ་ཞིག་གི་ནང་ནང་ཆོས་སློབ་གཉེར་བྱེད་པ་དང་ཉམས་ལེན་བྱེད་པའི་སྐད་ཡིག་གཙོ་བོ་ཆགས་པ་དང་། དམིགས་བསལ་སོག་པོ་དང་ཧི་མ་ལཱ་ཡའི་ས་ཁུལ་མང་པོའི་ནང་བོད་ཀྱི་སྐད་ཡིག་གཙོས་པའི་རིག་གཞུང་ནི་གཙོ་བོའི་སྐད་ཡིག་ཏུ་གྱུར། མདོར་ན། དབུས་ཨེ་ཤི་ཡཱ་དང་ཧི་མ་ལཱ་ཡའི་མི་རིགས་རྣམས་ཀྱིས་སྲོལ་རྒྱུན་གྱི་ཐོག་ནས་བོད་ཀྱི་ནང་ཆོས་དང་བོད་རིགས་ནང་པའི་མཁས་དབང་རྣམས་ལ་རེ་བ་བཅོལ་ནས་ཡོད། དེ་ལྟར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གིས་སྲོལ་རྒྱུན་གྱི་ཐོག་ནས་ས་ཁུལ་དེ་དག་ནང་གོ་ལ་ཡོངས་ཀྱི་གོ་རྟོགས་གོང་སྤེལ་གཏོང་བར་ཕན་རླབས་བློ་ཡུལ་ལས་འདས་པ་བྱུང་ཡོད།

ད་ལྟའི་དུས་སྐབས་སུ་སྤྱིར་བཏང་གི་ཡར་རྒྱས།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་ནས་བཟུང་། བོད་ཀྱི་རིག་གཞུང་གི་ཁྱད་ནོར་མང་པོ་ཞིག་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པ་དང་། ད་ལྟའི་ཆར་དུས་རབས་ཉི་ཤུ་རྩ་གཅིག་པའི་འགོ་སྟོད་འདིར་བོད་ཀྱི་རིག་གཞུང་འཛམ་གླིང་ཡོངས་ལ་ཁྱབ་ཡོད་ཅེས་བརྗོད་ན་ཆོག དེ་ནི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་བའི་ཡར་རྒྱས་རླབས་ཆེན་ཞིག་ཡིན་ཅིང་། དེ་དག་ཡོང་རྐྱེན་ཞིག་ནི་ རྒྱ་གར་དང་བལ་ཡུལ་ནང་བོད་མི་བཙན་བྱོལ་ཏུ་འབྱོར་བ་ལ་བརྟེན་ནས་དར་རྒྱས་བྱུང་བར་ཐེ་ཚོམ་མེད། ཕྱི་ལོ་ ༡༩༦༧ ལོར་ཧར་ཝར་ཌི་(Harvard)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ངས་བོད་ཡིག་ཐོག་མར་སྦྱོང་འགོ་བཙུགས་པའི་སྐབས། བོད་བརྒྱུད་ནང་བསྟན་ཐོག་དཔེ་གཞུང་སོགས་ཡིག་ཆ་ཧ་ཅང་དཀོན་པོ་འདུག སྐབས་དེར་རྩ་བའི་ཆ་ནས་ཨེ་ཝན་སེ་ ཝེན་ཛེ་(Evans Wentz)ལགས་དང་། ཨེ་ལེག་ཛན་ཌེ་ར་ ཌེ་ཝི་ཌེ་ ནིལ།(Alexandra David Neel) བླ་མ་གྷོ་ཝིཎ་དཱ་(Lama Govinda)བཅས་ཀྱི་དཔེ་དེབ་ལ་བརྟེན་དགོས་ཀྱི་ཡོད་པ་དང་། བོད་ཀྱི་བརྡ་སྤྲོད་ཀློག་དེབ་གཅིག་པུ་ཡོད་པ་ནི་དུས་རབས་དགུ་པའི་དུས་དཀྱིལ་ཙམ་དུ་ཡི་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཡེ་ཤེ་ཀ་(Jaeschke)གིས་བྲིས་པ་དེ་ཡིན། དེ་ནི་ལ་ཌིན་(Latin)བརྡ་སྤྲོད་དང་བསྟུན་ནས་དཔྱད་ཞིབ་བྱས་པ་ཞིག་ཡིན། ངའི་དགེ་རྒན་སློབ་དཔོན་ཆེན་པོ་ནཱ་གཱ་ཐོ་མི་(Nagatomi)ལགས་ནི་ཉི་ཧོང་ནས་ཡིན་ཞིང་། སྐད་ཡིག་དེ་ཀློག་ཀྱང་ཤེས་ཀྱི་མེད། དེར་བརྟེན་ཁོང་གིས་ང་ཚོར་ཉི་ཧོང་གི་བརྡ་སྤྲོད་དང་བསྟུན་ནས་སློབ་ཁྲིད་གནང་བ་རེད། སྐབས་དེ་དུས་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་སྐད་ཡིག་ནི་ཕན་མེད་རྙིང་རུལ་གྱི་རིག་གཞུང་ཞིག་ཏུ་ཨི་ཨི་ཇིབ་འམ་(Egypt) མེ་སོ་ཕོ་ཊཱ་མི་ཡའི་(Mesopotamia)སྐད་ཡིག་དང་མཚུངས་པར་བརྩི་གི་ཡོད་པ་དང་། བོད་ཀྱི་སྐད་ཡིག་དེ་གང་འདྲ་ཞིག་བྱུང་ཡོད་མེད་དང་འབྲེལ་བའི་ཐོག་ནས་ནུབ་ཕྱོགས་མཁས་པ་རྣམས་ཀྱི་ཞིབ་འཇུག་དང་རྣམ་གཞག་ཙམ་གྱི་ཡུལ་དུ་གྱུར་ཡོ

ཕྱི་ལོ་ ༡༩༦༩ ལོར་ཧྥུལ་བེ་རེ་ཌའི་(Fulbright)ལས་གཞིའི་ཐོག་ནས་ང་རང་ཐོག་མར་རྒྱ་གར་དུ་བསྐྱོད་པའི་སྐབས། བོད་ཡིག་ཀློག་སྟངས་ཤེས་པའི་སླད། སྐད་རིགས་དཔྱད་ཞིབ་པ་ཞིག་དང་འདྲ་བར། ང་རང་ལ་བོད་ཀྱི་སྐད་ཡིག་གི་སྒྲོམ་གཞི་དང་ཀློག་ཐབས་ཀྱི་ཐད་ཞིབ་འཇུག་བྱེད་དགོས་བྱུང་། འོན་ཀྱང་ངས་བོད་ཀྱི་ཤེས་རིག་དང་མྱོང་བའི་ནོར་མཛོད་ཀྱི་ཁྱབ་ཚད་སྐོར་ཅི་ཡང་ཤེས་ཀྱི་མེད། ཚང་མ་ཆ་རྒྱུས་མེད། ངས་རང་ཉིད་ཀྱི་འབུམ་རམས་པ་(Ph.D)རྩོམ་ཤོག་ཆེད། དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱི་དྲུང་ནས་སློབ་སྦྱོང་ཞིབ་ཚགས་བྱས་པ་དང་། བྱང་ཆུབ་ལམ་རིམ་གྱི་ངག་རྒྱུན་སློབ་ཁྲིད་ཉན་པའི་སྐབས། རྗེས་སུ་གང་བྱེད་དགོས་མིན་ཡང་མི་ཤེས། ང་རང་བོད་པའི་བླ་མ་རྣམས་ཀྱིས་གསང་སྔགས་ཀྱི་དབང་ལུང་ཞུ་བར་ཕྱིན་ཡང་དེར་གསུང་སྒྱུར་ཡང་མི་འདུག དེར་བརྟེན་གང་གསུངས་པ་ཅི་ཡང་གོ་གི་མི་འདུག དེ་ནི་ཆ་རྒྱུས་མེད་པའི་ཡ་ཡུད་ཅིག་རེད་འདུག 

ད་ཆ་ལོ་ངོ་བཞི་བཅུ་ལྷག་གི་རྗེས་སུ། གནས་སྟངས་ནི་རྦད་དེ་ཐ་དད་ཡིན། བོད་ཀྱི་ནང་ཆོས་ཀྱི་གཞུང་དང་གསུང་ཆོས། དེ་ག་ནང་བཞིན་བོན་པོའི་སྲོལ་རྒྱུན་མང་དག་ཅིག་ནུབ་ཕྱོགས་དང་དེང་དུས་ཨེ་ཤི་ཡའི་སྐད་ཡིག་ནང་ཕབ་སྒྱུར་ཞུས་པ་ཧ་ཅང་འབེལ་པོ་ཡོད། འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་ནང་པའི་བླ་སྤྲུལ་རྣམས་ཀྱིས་ཆོས་ཚོགས་མང་པོ་བཙུགས་ཡོད་ཅིང་། དེ་དག་ནང་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་གྱི་སློབ་ཕྲུག་ཉིན་རེ་ལས་མ་བསྡད་པར་ཇེ་མང་དུ་འགྲོ་བཞིན་པ་མཐོང་ཆོས་སུ་ཡོད། ཡིག་སྒྱུར་ཞུས་པའི་དཔེ་དེབ་ཧ་ཅང་འབེལ་པོ་ཡོད་ནའང་། ཆོས་ཚོགས་དེ་དག་ནང་གི་སློབ་གཉེར་བ་ཚོས་བོད་སྐད་ནང་དཔེ་ཆ་ཁ་འདོན་དང་གཞུང་ཐོས་བསམ་གནང་གི་ཡོད། དེའང་རང་རང་སོ་སོའི་སྐད་ཡིག་ནང་སྒྲ་སྒྱུར་བྱས་ཏེ་ཀློག་འདོན་བྱེད་ཀྱི་ཡོད། ཨེ་ཤི་ཡ་དང་ཧི་མ་ལཱ་ཡའི་ས་ཁུལ་ཁག་ནང་དེང་དུས་སྔོན་གྱི་གནད་དོན་དང་དེ་དག་ས་ཁུལ་མང་པོའི་ནང་ད་ཆའང་མུ་མཐུད་གནས་བཞིན་པ་ལྟར། འདིས་ནང་ཆོས་དང་བོན་གྱི་ཉམས་ལེན་པ་ཚོར་རྒྱལ་སྤྱིའི་ནང་ཆོས་ཚོགས་རྩ་འཛུགས་ཡོང་བར་རོགས་རམ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོང་ཚོ་ཚང་མས་བོད་སྐད་ནང་གཅིག་མཚུངས་ཐོག་ཉམས་ལེན་གཅིག་པ་བྱེད་ཀྱི་ཡོད།

ནང་ཆོས་སློབ་གཉེར་དཔྱིས་ཕྱིན་པ་བྱེད་འདོད་ཡོད་པའི་ཉམས་ལེན་པ་དང་མཁས་པ་རྣམས་ཀྱིས་དཔེ་ཆ་སྒྲ་སྡུད་ཡོ་བྱད་འདྲ་མིན་ཐོག་ནས་བོད་ཡིག་སྦྱངས་བརྩོན་བྱས་ཡོད། ནམ་ཞིག་ཁོང་ཚོས་བོད་སྐད་མཐར་ཕྱིན་པ་དང་། མང་པོ་ཞིག་གིས་སོ་སོའི་མ་སྐད་ཐོག་ནས་ནང་ཆོས་དང་བོན་ཆོས་ཕབ་སྒྱུར་གྱི་ཞབས་འདེགས་སྒྲུབ་ཅིང་། དཔེར་ན། སོག་པོ་དང་། ཐུ་ཝ། ཧི་མ་ལཱ་ཡའི་མི་རིགས་རྣམས་ཀྱི་བོད་ཀྱི་རིག་གཞུང་སྦྱང་བཙོན་བྱས་པ་ལྟར་འཛམ་གླིང་ས་ཕྱོགས་གང་ས་ནས་སློབ་གཉེར་ཇེ་མང་འགྲོ་བཞིན་པ་བཅས་ཀྱིས་བོད་ཀྱི་དགོན་སྡེ་དང་བཙུན་དགོན་ནང་བསླབ་པ་སློབ་གཉེར་གནང་གི་ཡོད། དེ་དག་ཁོངས་ནས་མང་པོ་ཞིག་ཆོས་ཀྱི་སློབ་དཔོན་གནང་ཞིང་བོད་ཀྱི་རིག་གཞུང་དང་ལྷག་པར་དུ་ནང་ཆོས་ཡར་རྒྱས་གོང་འཕེལ་གཏོང་གི་ཡོད།

གཞན་ཡང་བོད་ཀྱི་རིག་གཞུང་གི་ཆ་ཤས་གཞན་ཡང་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་དུ་འགྲོ་བཞིན་ཡོད། ད་ལྟའི་དུས་སྐབས་སྔོན་བོད་ཀྱི་གསོ་བ་རིག་པ་དང་། དགོན་སྡེའི་ཁང་བཀོད་བཟོ་རིག ཆོ་གའི་རོལ་མོ་དང་གར། སྐར་རྩིས། ལོ་ཐོ་བཟོ་ཐབས་བཅས་བོད་ཀྱི་ནང་ཆོས་དང་བོན་ཆོས་གང་དུ་དར་བའི་ས་ཁུལ་ཚང་མར་དེ་དག་དར་ཁྱབ་བྱུང་ཡོད། སྐབས་རེ་སོག་ཡུལ་སྦུ་རས་ཐུ་ཐུ་ཝ་བཅས་ནང་སྨན་པ་ཚོས་བོད་ཀྱི་སྨན་གཞུང་ནང་གསལ་ལྟར་གྱི་རྒྱུ་ཆ་ཇི་བཞིན་མ་འབྱོར་བའི་སྐབས་རང་ཡུལ་ས་གནས་སུ་ཡོད་པའི་རྒྱུ་ཆས་ཁ་སྐོང་བྱེད་ཀྱི་ཡོད། དེ་བཞིན་གནད་དོན་གཞན་གྱི་ཐད་ས་གནས་སྨན་པ་ཚོས་རང་ཡུལ་དུ་དར་བའི་སྲོལ་རྒྱུན་གྱི་བོད་པའི་སྲོལ་རྒྱུན་ལ་ཁ་སྐོང་གནང་ཡོད། དཔེར་ན། སོག་པོའི་གསོ་རིག་གི་ཕུར་མཉེ་གཏོང་སྟངས་ལྟ་བུ། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ནང་བོད་ཀྱི་སྨན་པ་རྣམས་ཀྱིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་ནད་པར་སྨན་བཅོས་བྱེད་པ་དང་། དེ་ག་ནང་བཞིན་དཔེར་ན་བོད་ལུགས་བརྟག་དཔྱད་ཀྱི་ཐབས་ལམ་ཐོག་ཁྲག་ཤེད་འཇལ་བྱེད་ཀྱི་ནུབ་ཕྱོགས་པའི་ཡོ་བྱད་ལྟ་བུས་ཁ་སྣོན་བྱེད་ཀྱི་ཡོད། བོད་པའི་སྨན་པ་མང་པོ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནང་སྦྱོང་བརྡར་སྤྲད་པ་ཙམ་མ་ཟད་བོད་ལུགས་ཀྱི་སོག་པོ་དང་སྦུ་རས་ཐུའི་སྨན་པས་ཀྱང་རྒྱ་ནག་གི་སྲོལ་རྒྱུན་སྐམ་ཁབ་དང་། མེ་བཙའ། མེ་བུམ་ཀྱི་བཅོས་ཐབས་དང་སྦྲགས་གཞོགས་འདེགས་བྱེད་ཀྱི་ཡོད། བོད་པའི་སྨན་པ་མང་པོ་རྒྱུན་དུ་ཕྱི་རྒྱལ་ཁག་ཏུ་བསྐྱོད་པ་དང་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་བོད་ལུགས་སྨན་ཁང་གསར་འཛུགས་བྱས་ཡོད། དེར་མ་ཟད་ནུབ་ཕྱོགས་ཀྱི་སྨན་པ་ཚོས་གཙུག་ལག་སློབ་གྲྭ་ཆེན་མོ་དང་སྨན་ཁང་ཁག་ནང་བོད་སྨན་གྱི་ཕན་ནུས་ཐད་ཞིབ་འཇུག་གོ་སྒྲིག་བྱེད་ཀྱི་ཡོད།

བོད་ཀྱི་སྒྱུ་རྩལ་དང་ཁང་བཀོད་བཟོ་རིག་ཀྱང་གོ་ལ་ཡོངས་ཀྱི་ནང་རྒྱ་ཁྱབ་ཏུ་ཕྱིན་ཡོད་ཅིང་། འཛམ་གླིང་ནང་གི་འགྲེམས་སྟོན་ཁང་མང་པོའི་ནང་བོད་ཀྱི་སྒྱུ་རྩལ་གྱི་དངོས་པོ་དང་རྐོས་རིས་སྣ་ཚོགས་མིག་སྔར་འགྲེམས་སྟོན་བྱེད་པ་དང་། ཕྱི་རྒྱལ་དུ་ནང་པའི་ཆོས་ཚོགས་དང་བོད་མི་སྐྱབས་བཅོལ་བའི་གཞིས་སྒར་གྱི་སྤྱི་ཚོགས་སོ་སོའི་ནང་བོད་ལུགས་ཀྱི་ལྷ་ཁང་སོགས་མང་པོ་གསར་བཞེངས་གནང་ཡོད། རྒྱ་གར་ནང་གི་བོད་པའི་དགོན་སྡེ་ཁག་ནང་དགེ་འདུན་པ་ཁག་ཅིག་ཕྱི་རྒྱལ་དུ་དཀྱིལ་འཁོར་བཞེང་པར་གཏོང་བ་དང་དགེ་འདུན་པ་དང་བཙུན་མ་ཚོས་ཆོ་གའི་ཞལ་འདོན་དང་གར་སོགས་འཁྲབ་ཀྱི་ཡོད་ཅིང་དེ་དག་གི་སྒྲ་འཇུག་དང་བརྙན་འཕྲིན་སོགས་ཧ་ཅང་འབེལ་པོ་ཡོད། བོད་ཀྱི་ཟློས་གར་ཚོགས་པས་རྒྱལ་སྤྱིའི་ནང་འཁྲབ་སྟོན་གནང་བར་ཐེངས་མང་བསྐྱོད་ཅིང་བོད་ཀྱི་རིག་གཞུང་རྣམས་སྒོ་ཀུན་ནས་སྲུང་སྐྱོབ་ཆེད་བོད་ཀྱི་ཁང་པ་ས་ཕྱོགས་གང་སར་ཡར་རྒྱས་འབུར་དུ་ཐོན་པ་སོང་ཡོད། དེ་ལྟར་ཐབས་ལམ་མང་པོ་ཞིག་གི་ཐོག་ནས་བོད་ཀྱི་རིག་གཞུང་ནི་ད་ལྟའི་ཆར་འཛམ་གླིང་གི་ས་ཁུལ་མང་ཆེ་བའི་ནང་སྙན་གྲགས་ཆེན་པོ་ཆགས་ཡོད།

བོད་ཀྱི་རིག་གཞུང་གིས་ཐབས་ལམ་གཞན་མང་པོ་ཞིག་གི་ཐོག་ནས་གོ་ལ་ཡོངས་ཀྱི་སྤྱི་ཚོགས་ཕྱུག་ཏུ་བཏང་ཡོད་ཅིང་། ཆོས་ཕྱོགས་ཀྱི་ཐབས་ལམ་དང་གོ་རྟོགས་གོང་སྤེལ་སླད་བོད་ཀྱི་སློབ་དཔོན་རྣམས་ཀྱིས་འཛམ་གླིང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོ་དང་གོ་བསྡུར་གནང་བ་དང་། ཆོས་ལུགས་ནང་ཁུལ་དུ་ཞབས་འདེགས་སྒྲུབ་བཞིན་མཆིས། དེ་བཞིན་བོད་ཀྱི་ནང་པའི་མཁས་དབང་རྣམས་ཀྱིས་ནང་པའི་གཞུང་ནང་གི་ཤེས་བྱ་གཏིང་པོ་ཡོད་པ་རྣམས་ཚན་རིག་པ་དང་། སེམས་ཁམས་རིག་པ་སྨྲ་བ། ལྟ་གྲུབ་སྨྲ་བ། ཚོང་པ། ཆབ་སྲིད་པ་བཅས་ལ་སྤེལ་གྱི་ཡོད། སེམས་ཀྱི་གནས་སྟངས་དང་། སྒོམ། འཕྲོད་བསྟེན་དང་དེ་བཞིན་བཟང་སྤྱོད་དང་འཇིག་རྟེན་ཁམས་ཀྱི་རིག་པ། ཡུན་གནས་ཐུབ་པའི་གོང་མཐོར་བཅས་ཀྱི་དབར་འབྲེལ་བའི་ཐོག་དམིགས་བསལ་དོ་དབྱིངས་བྱེད་ཀྱི་ཡོད། དེའི་ཁྱད་དུ་འཕགས་པའི་དཔེ་མཚོན་གཅིག་ནི། ༸གོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ངང་གཞི་རྩའི་མིའི་རིན་ཐང་དང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད། ཆོས་ལུགས་ནང་ཁུལ་གྱི་མཐུན་སྒྲིལ་བཅས་ཡར་རྒྱས་གཏོང་བར་སྐུ་ལས་ཚད་མེད་སྐྱོན་གནང་མཛད་པ་དེ་ཡིན།

བོད་ཀྱི་ངག་རྒྱུན་དང་དཔེ་གཞུང་གི་ཁྱད་ནོར་རྣམས་སྲོལ་རྒྱུན་གྱི་ངོ་བོར་གཅེས་སྲུང་སྐོར།

བོད་ཀྱི་རིག་གཞུང་གིས་གོ་ལ་ཡོངས་ཀྱི་གོ་རྟོགས་ཐད་ལེགས་སྐྱེས་འབུལ་མིན་དེའི་ཁྱད་ནོར་རྣམས་རྣམ་པ་གཉིས་ཀྱི་ཐོག་ནས་སྲུང་སྐྱོབ་བྱེད་མིན་ལ་རག་ལས་ཡོད། དང་པོ་རང་ཉིད་ཀྱི་སྲོལ་རྒྱུན་གྱི་རྣམ་པ་ལྷད་མེད་དུ་སྲུང་སྐྱོབ་བྱ་རྒྱུ་དང་།གཉིས་པ་ནི་རིག་གཞུང་གཞན་དང་འབྲེལ་གཏུགས་བྱེད་པའི་སྐབས་དེའི་ཁྱད་ཆོས་འགའ་ཞིག་གི་འཕེལ་རིམ་ལ་ཐུག་ཡོད། བརྗོད་གཞི་གཉིས་པས་བོད་ཀྱིས་རྒྱ་གར་དང་བལ་ཡུལ་གྱི་ནང་པའི་རིག་གཞུང་གཅེས་སྲུང་བྱེད་པའི་རྒྱུད་རིམ་སྟོན་གྱི་ཡོད། བོད་ཀྱི་ངག་རྒྱུན་དང་ཡིག་ཐོག་གི་གཅེས་ནོར་ཐད་ངའི་དཔྱད་གཏམ་ལ་ཚོད་འཛིན་བྱེད་ཀྱི་ཡིན།

བོད་ཀྱི་སྐད་ཡིག་ནང་བོད་ཀྱི་ངག་རྒྱུན་དང་ཡིག་ཐོག་གི་སྲོལ་རྒྱུན་རྣམས་སྲུང་སྐྱོབ་སླད་ཡར་རྒྱས་ཆེན་པོ་བཏང་ཡོད། བོད་ཀྱི་ཤེས་བྱའི་བང་མཛོད་ཀྱི་ཆ་ཤས་ཙམ་ཞིག་ད་ཐེངས་ཀྱི་ཡོ་རོབ་དང་ཨེ་ཤི་ཡའི་སྐད་ཡིག་ནང་ཕབ་སྒྱུར་ཞུས་ཡོད། ལས་གཞི་དེ་ཆ་ཚང་ལེགས་སྒྲུབ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན། ད་ལྟ་བར་དུ་གང་བསྒྱུར་ཟིན་པ་རྣམས་ཀྱིས་འཛམ་གླིང་སྐྱེ་བོ་རྣམས་ཀྱི་མིག་སྔར་སེམས་དང་ཕྱིའི་འཇིག་རྟེན་དབར་གྱི་རྣམ་གཞག་ཐོག་རིན་ཐང་བྲལ་བའི་ཤེས་བྱ་མཁོ་སྐྲུན་བྱས་ཡོད། དེ་ལ་བརྟེན་ནས་ཚན་རིག་པ་རྣམས་ཀྱིས་ད་ལྟ་བར་དུ་བསམ་ཞིབ་བྱེད་མྱོང་མེད་པའི་ཡུལ་ཏེ། སྙིང་རྗེ་དང་། དྲན་པ། ཏིང་ངེ་འཛིན་བཅས་ཀྱི་བྱེད་སྒོ་ལ་བརྟེན་ནས་ཕྱི་ལུས་དང་ནང་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་བའི་བརྗོད་གཞིའི་ཐོག་བརྟག་དཔྱད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ནང་སེམས་ཀྱི་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་གོང་སྤེལ་གཏོང་སླད་ལེགས་སྐྱེས་འབུལ་བའི་གཞུང་མང་པོ་ཞིག་ད་དུང་ཡིག་སྒྱུར་བྱ་རྒྱུ་ལྷག་ཡོད།

བཟོ་ལས་འཕྲུལ་རིག་ཡར་རྒྱས་ཕྱིན་ཡོད་ནའང་། གཞུང་དེ་དག་ཆ་ཚང་ཡིག་སྒྱུར་བྱ་རྒྱུའི་ལས་གཞི་ལེགས་སྒྲུབ་ཡོང་བར་དོན་དངོས་ཐོག་དུས་རབས་ཁ་ཤས་བགོར་ངེས་ཡིན། དེར་བརྟེན་བོད་ཀྱི་ངག་རྒྱུན་དང་ཡིག་ཐོག་གི་ཁྱད་ནོར་རྣམས་འབྱུང་འགྱུར་མི་རབས་རྣམས་ཀྱིས་མུ་མཐུད་ལས་གཞི་དེ་མཇུག་སྐྱོང་བྱེད་པར་དེའི་ཐོག་མའི་སྐད་ཡིག་ནང་ལྷད་མེད་དུ་གཅེས་ཉར་དགོས། ཐ་ན་སྐད་ཡིག་གཞན་ནང་ཡིག་སྒྱུར་ཟིན་པའི་དུམ་བུ་རྣམས་ད་དུང་བཅོས་སྒྲིག་དང་ཞུ་དག་གཏོང་དགོས་ཀྱི་ཡོད། དེར་མ་ཟད་ཐོག་མའི་སྐད་ཡིག་གི་རྒྱུ་ཆས་མ་འོངས་པའི་ཞིབ་འཇུག་གི་རྨང་གཞི་ལེགས་པོ་ཞིག་བྱེད་ཐུབ།

དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ནང་རྒྱ་གར་ནང་བཙན་འཛུལ་བྱུང་བའི་རྐྱེན་གྱིས་ནང་པའི་སྲོལ་རྒྱུན་གྱི་ལེགས་སྦྱར་གྱི་བརྡ་ཆད་མང་པོ་གར་སོང་ཆ་མེད་དུ་གྱུར། བོད་གཅིག་པུས་རིག་གཞུང་ཕྱུག་པོ་འདིའི་ཆ་ཤས་ཤིག་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད། དུས་རབས་ཉི་ཤུ་པ་འདིའི་ནང་ཨུ་རུ་སུ་དང་། སོག་པོ། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ནང་དམར་པོའི་སྲིད་གཞུང་གི་བཙན་གནོན་ཤུགས་ཆེ་བྱུང་བ་དང་བསྟུན་བོད་ཀྱི་སྲོལ་རྒྱུན་ཐད་བྱུས་ཉེས་ཆེན་པོ་བྱུང་ཡོ་ི﷽﷽﷽﷽﷽﷽﷽﷽ི་མཉམ་འཐུས་ལས་ཁང་གི་ད། རྒྱུ་མཚན་དེ་བས་ན། ད་ལྟ་དང་མ་འོངས་གཉིས་ཀར་འཛམ་གླིང་འདི་ཡར་རྒྱས་དང་ཕྱུག་པོ་ཡོང་ཆེད་བོད་ཀྱི་ངག་རྒྱུན་དང་རྩ་ཆེའི་གཞུང་ལྷག་མ་རྣམས་གང་ཐུབ་ཐུབ་ཀྱིས་སྲུང་སྐྱོབ་དང་བདག་གཅེས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

ད་བར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པར་གང་བརྩམས་པའི་ལས་གཞི་ཐམས་ཅད་ངས་འདིར་ཞུ་རྒྱུ་ཁག་པོ་རེད། དེར་བརྟེན་དེའི་ཕྱིར་ཕུལ་བྱུང་གི་ཚོགས་པ་དང་ལས་གཞི་ཁག་ཅིག་ངས་ཞུ་འདོད་བྱུང་། ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་ཀྱི་ལས་གཞིའི་ཐོག་ནས་ངག་རྒྱུན་གྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་སྲོལ་ཕྱི་ལོ་ ༡༩༧༦ ལོར་དབུ་འཛུགས་གནང་ཡོད། དེའི་ནང་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་ཆོས་དང་ལོ་རྒྱུས་ཀྱི་བྱུང་རིམ་མིག་མཐོང་ལག་ཟིན་གྱི་འགྲེལ་བཤད་དུ་མ་སྒྲ་འཇུག་དང་བརྙན་འཕྲིན་བསྡུ་འཇུག་སོགས་ལ་བཞུགས་ཡོད། ཁྱད་པར་དུ་དེའི་ནང་སྒྲུང་དང་། གཏམ་དཔེ། བོད་རིགས་ཀྱི་མི་ཚེའི་ཁྱད་ཆོས་དུ་མའི་འགྲེལ་བརྗོད་སོགས་ཉར་ཚགས་བྱས་ཡོད། གཞན་ཡང་ལས་གཞིའི་ཁྲོད་ད་དུང་བཅར་འདྲི་དེ་དག་ཡིག་ཐོག་ཏུ་དབབ་རྒྱུའི་གྲ་སྒྲིག་བྱེད་བཞིན་ད་ལྟ་བར་དབྱིན་སྐད་ནང་ཕབ་སྒྱུར་དང་བཅས་པོད་ཉི་ཤུ་རྩ་གསུམ་ལེགས་སྒྲུབ་ཟིན་ཡོ་ི﷽﷽﷽﷽﷽﷽﷽﷽ི་མཉམ་འཐུས་ལས་ཁང་གི་་ི﷽﷽﷽﷽﷽﷽﷽﷽ི་མཉམ་འཐུས་ལས་ཁང་གི་ད།

དེ་བཞིན་སྒྲ་འཇུག་དང་། བརྙན་འཕྲིན། ཌི་བི་ཌི།(DVD)བཅས་ཀྱི་ནང་ཨོ་རིའེན་ཌེ་(Orient)ཐེབས་རྩ་དང་མེ་རི་ཌིའེན་(Meridian)ཐེབས་རྩ་ཚུད་བོད་ཀྱི་ཆོས་རྒྱུད་ཚང་མའི་བླ་ཆེན་ཁག་གི་གསུང་ཆོས་ཁག་ཉར་ཚགས་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་གཉེར་བཞིན་ཡོད། སྒྲིག་འཛུགས་གཉིས་ཀས་བོད་ཀྱི་རིག་གནས་ཀྱི་མཉམ་འཐུས་ལས་ཁང་ཞེས་པའི་བཀོད་ཁྱབ་འོག་ལས་དོན་དེ་དག་སྒྲུབ་ཀྱི་ཡོད། དེར་མ་ཟད་ཉེ་ཆར་ཧོབ་ཀིན་སེས་(Hopkins)བོད་ཀྱི་རིག་གཞུང་ཞིབ་འཇུག་ཉར་ཚགས་ཀྱི་བང་མཛོད་ཅིག་གསར་འཛུགས་ཞུས་འདུག། གཞན་ཡང་འཛམ་གླིང་ཡུལ་གྲུ་གང་སའི་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་མཁན་གྱི་བླ་མ་དང་། དགེ་བཤེས། མཁན་པོ་བཅས་ཀྱི་ནང་པའི་ཆོས་ཚོགས་མང་ཆེ་བའི་ནང་བླ་མ་དང་དགེ་རྒན་གྱིས་གནང་བའི་གསུང་བཤད་དང་སློབ་ཁྲིད་སོགས་སྒྲ་སྡུད་འཁོར་ལོ་དང་། བརྙན་འཕྲིན། ཌི་བི་ཌེ་སོགས་ཀྱི་ནང་བཅུག་སྟེ་ཉར་ཚགས་གནང་བ་ཧ་ཅང་ཕོན་ཆེན་པོ་ཡོད།

སྒྲིག་འཛུགས་མང་པོ་ཞིག་གིས་བོད་ཀྱི་གསུང་རབ་རྣམས་གཅེས་སྲུང་ཆེད་ལས་གཞི་ཤུགས་ཆེ་སྤེལ་བ་དང་། ཕྱི་ལོ་ ༡༩༦༨ ལོར་འགོ་བཙུགས་ནས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་དཔེ་མཛོད་ཀྱིས་བོད་པའི་ཆོས་རྒྱུད་ཚང་མའི་དཔེ་གཞུང་མང་པོ་ཞིག་ཕྲ་གཟུགས་སྤྱིན་ཤོག་དང་འཚག་སེལ་འཁྲུལ་འཁོར། བསྐྱར་སྐྲུན་སོགས་གནང་སྟེ་ཕྱོགས་བསྡུས་བྱས་ཡོད། ལྷོ་ཨེ་ཤི་ཡའི་དགོས་མཁོའི་ལས་གཞི་མཉམ་སྦྲེལ་ཚོགས་པ་སྟེ་རྒྱུན་ཡོངས་གྲགས་སུ་པི་ཨལ་ ༤༨༠ ལས་གཞི་(PL-480 program)ཟེར་ཞིང་། ཚོགས་པ་དེས་བསྟན་བཅོས་ཀྱི་དེ་དག་གི་འདྲ་བཤུས་མང་པོ་ཨ་རིའི་ནང་གཙུག་ལག་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན། ཚོགས་པའི་འགན་འཛིན་ཟུར་པ་སྐུ་ཞབས་ཇིན་ སི་མི་ཐཱ་(Gene Smith)ལགས་ཀྱིས་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བསྟི་གནས་ཁང་དང་མཉམ་རུབ་ཐོག་ལས་གཞི་དེ་མུ་མཐུད་སྤེལ་བཞིན། བསྟི་གནས་ཁང་འདིའི་ནང་ད་ཆ་འཛམ་གླིང་ནང་བོད་པའི་དཔེ་ཆ་འཚག་སེལ་བྱས་ནས་ཕྱོགས་བསྡུས་བྱས་པ་མང་ཤོས་འདིར་བཞུགས་ཡོད་པ་དང་། དྲ་རྒྱའི་ཐོག་ནས་ལྟ་ཀློག་དང་པར་བཤུས་བྱ་རྒྱུ་འབེལ་པོ་བཟོ་ཐབས་གནང་གི་ཡོད།

ཕྱི་ལོ་ ༡༩༧༠ ལོར་འགོ་བཙུགས་ནས། བལ་ཡུལ་དང་ཇར་མན་(German)དཔེ་དེབ་བྲིས་མ་སྲུང་སྐྱོབ་ཀྱི་ལས་གཞིས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུའི་ནང་གི་རྒྱལ་ཡོངས་བཤད་མཛོད་ཁང་ནང་བཞུགས་པའི་ལེགས་སྦྱར་དང་བོད་པའི་དཔེ་གཞུང་རྣམས་ཕྲ་གཟུགས་སྤྱིན་ཤོག་ནང་བཅུག་པ་དང་ད་ལྟའི་ཆར་དཀར་ཆག་བཟོ་སྒྲིག་གནང་གི་ཡོད། དེ་བཞིན་བོད་ཀྱི་ཤེས་རིག་མཉམ་འཐུས་ལས་ཁང་ (Tibetan Knowledge Consortium) རྣམས་ཀྱིས་ཕྱོགས་བསྡུས་བྱས་པའི་བོད་ཀྱི་དཔེ་ཆ་མང་དག་ཅིག་ཨུ་ལཱན་བཱ་ཐར་(Ulaan Baatar)དང་སན་ཌེ་ པེ་ཊར་སེ་བྷག་(St.Petersburg)གི་དཔེ་མཛོད་ཁང་དང་དེ་མིན་ས་ཁུལ་གཞན་དུ་དཀར་ཆག་བཟོ་སྒྲིག་གནང་བཞིན་པ་ཡིན། བོད་བརྒྱུད་ནང་བསྟན་གྱི་སྡེ་སྣོད་ཁག་གི་དཀར་ཆག་གི་ལས་གཞི་ཁྲོད་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་རྒྱས་པ་རྣམས་གཤིབ་བསྡུར་བྱས་པའི་གནས་བསྡུས་དཔྱད་གཞི་རྣམས་ཕྱོགས་སྒྲིག་བྱེད་བཞིན་ཡོད་པ་མ་ཟད་དབྱིན་ཇིའི་འགྲེམས་སྟོན་ཁང་གི་རྒྱལ་སྤྱིའི་ཏུན་ཧོང(Dunhuang)་ལས་གཞིས་དུས་རབས་བརྒྱད་པ་ནས་བཅུ་པའི་བར་གྱི་གསུར་རབ་དང་སྒྱུ་རྩལ་དངོས་རིགས་མང་པོ་ཞིག་ནུབ་བྱང་རྒྱ་ནག་གི་ཏུན་ཧོང་བྲག་ཕུག་ནང་ནས་རྙེད་སོན་བྱུང་བ་རྣམས་སྲུང་སྐྱོབ་དང་། ཉར་ཚགས། འཚག་སེལ།(scanning) དཀར་ཆག་སྒྲིག་རྒྱུ་དང་ཌི་ཅི་ཊེའེ་ཛེ་(digitize)བྱས་ཏེ་སྟབས་བདེ་བཅས་བཟོ་རྒྱུར་ལམ་སྟོན་བྱེད་མུས་སུ་ཡོད།

དཔེ་གཞུང་རྣམས་ལ་སློབ་གཉེར་ཆེད་འཚོལ་ཞིབ་འཕྲུལ་འཁོར་(search engines)བེད་སྤྱོད་གཏོང་ཕྱོགས་སྟབས་བདེ་རུ་གཏོང་བར། ཨེ་ཤི་ཡའི་ཚད་ལྡན་འཇུག་སྒྲིག་ལས་གཞིས་(Asian Classics Input Project)བོད་པའི་དཔེ་གཞུང་ཁག་ཝེ་ལིའི་ཡིག་གཟུགས་(Wylie transcription)ནང་ཌི་ཅི་ཊེའེ་ཛེ་(digitize)བྱས་ཡོད། ནི་ཐར་ཐཱ་རྒྱལ་སྤྱིའི་ཡིག་ཆ་འཇུག་སྒྲིག་ལྟེ་གནས་ཁང་(Nithartha International Document Input Center)གིས་སམ་བྷོ་ཌའི་ཡིག་གཟུགས་བེད་སྤྱད་དེ་བོད་ཀྱི་ཡིག་གཟུགས་ཐད་དེ་དང་འདྲ་བའི་ལས་གཞི་ཞིག་གཉེར་བཞིན་ཡོད། དེ་བཞིན་ཌི་ཅི་ཌེའེ་ཛེ་ཤོན་(digitization)དང་། རྩོམ་སྒྲིག འཚོལ་ཞིབ་འཕྲུལ་འཁོར་བེད་སྤྱོད་བཅས་ལ་མཐུན་སྦྱོར་ཆེད། ལྦེར་ཇི་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དང་ཧི་མ་ལ་ཡའི་དཔེ་མཛོད་ཁང་ནས་བོད་པའི་གཅིག་གྱུར་ཡིག་གཟུགས་(Tibetan Unicode)གསར་གཏོད་བྱས་ཏེ་ ད་བར་རྣམ་གྲངས་༡༧ཙམ་འདུག། Trace Foundation ཚོགས་པའི་མཐུན་འགྱུར་འོག་བོད་ཀྱི་ཡིག་གཟུགས་གཅིག་སྒྱུར་ཡོང་བའི་ཆ་རྐྱེན་ཡང་བསྐྲུན་གནང་ཡོད།

ད་དུང་དྲ་རྒྱའི་ཐོག་ནས་ཐད་ཀར་ཡིག་སྒྱུར་བྱེད་པའི་ལག་ཆ་དང་། བོད་ཀྱི་ཡི་གེའི་གཞུང་ལུགས་ཀྱི་ཀུན་ཁྱབ་ཚིག་མཛོད་ཅིག བོད་ཀྱི་གསོ་བ་རིག་པའི་ཀུན་ཁྱབ་ཚིག་མཛོད་ཅིག བོད་ཀྱི་ལོ་རྒྱུས་ཀྱི་ཚིག་མཛོད་ཅིག བོད་དང་ཧི་མ་ལ་ཡའི་ས་ཆའི་ཚིག་མཛོད་ཅིག་བཅས་ཐེ་བའི་བོད་ཀྱི་རིག་གཞུང་ཐད་ཉམས་ཞིབ་བྱེད་ཆེད་མཐུན་སྦྱོང་བྱེད་པའི་དཔྱད་གཞི་མང་དག་ཅིག་བོད་དང་ཧི་མ་ལ་ཡའི་དཔེ་མཛོད་ཀྱིས་མཁོ་སྐྲུན་བྱས་ཡོད། ཕྱོགས་མཚུངས་རང་བྱུང་ཡེ་ཤེས་སློབ་གཉེར་བསྟི་གནས་ཁང་གིས་ཝེ་ཁེ་རིག་མཛོད་(Wikipedia) ཀྱི་རྣམ་པར་དྲ་རྒྱའི་ནང་ནང་ཆོས་ཀྱི་ཚིག་མཛོད་ཅིག་དང་རིག་པ་བཤད་སྒྲར་དྲ་རྒྱའི་ཐོག་གི་ནང་ཆོས་ཀྱི་ཀུན་ཁྱབ་ཚིག་མཛོད་དེ་རིག་པ་བཤད་སྒྲའི་ཝེ་ཁེ་(Wiki)ཞེས་པ་ཅིག་ཡོད། སྒྲིག་འཛུགས་དེ་དག་གི་མཉམ་རུབ་དང་ལས་གཞི་སོགས་ལ་བརྟེན་ནས་བོད་ཀྱི་ངག་རྒྱུན་དང་ཡིག་ཐོག་གི་རིག་གཞུང་རྣམས་གོ་ལ་ཡོངས་ལ་གོ་རྟོགས་སྤེལ་སླད་བོད་སྐད་ནང་ལེགས་པར་གཅེས་སྐྱོང་བྱས་དང་བྱེད་མུས་སུ་ཡོད།

བོད་ཀྱི་ངག་རྒྱུན་དང་དཔེ་གཞུང་གི་ཁྱད་ནོར་རྣམས་ཡིག་སྒྱུར་ཐོག་ནས་གཅེས་སྲུང་སྐོར།

དེང་དུས་ཡོ་རོབ་ཀྱི་སྐད་དང་ཨེ་ཤི་ཡཱའི་སྐད་དུ་བོད་ཀྱི་དཔེ་གཞུང་དང་ངག་རྒྱུན་གྱི་གསུང་ཆོས་རྣམས་ཡིག་སྒྱུར་བྱེད་མཁན་གྱི་ཚོགས་པ་དང་གང་ཟག་སྒེར་པ་བརྗོད་ཀྱིས་མི་ལང་བ་ཡོད། དེ་དག་གི་ཁོངས་ནས་དབྱིན་ཡིག་ནང་དཔེ་གཞུང་དེ་དག་ཕབ་སྒྱུར་བྱེད་མཁན་གྱི་ཚོགས་པ་གཙོ་གྲས་ཁག་ནི། རྡ་ས་བོད་ཀྱི་དཔེ་མཛོད་ཁང་དང་། པདྨ་ཀ་ར་ཡིག་སྒྱུར་སྡེ་ཚན། ནི་ཐར་ཐཱ་(Nithartha)བསྟི་གནས། རང་བྱུང་ཡེ་ཤེས་སློབ་གཉེར་ཁང་། ན་ལན་ཌ་ཡིག་སྒྱུར་ཚོགས་པ། དྷརྨ་ཅཀྲ་་(Dharmachakra)ཡིག་སྒྱུར་ཚན་པ། མར་པ་ཡིག་སྒྱུར་བསྟི་གནས་ཁང་། བོད་ཀྱི་སྔ་རབས་བསྟན་བཅོས་བསྟི་གནས་ཁང་། (Institute of Tibetan Classics)བཅས་ཡིན། བོན་དང་བོད་ཀྱི་བླ་མ། དགེ་བཤེས། མཁན་པོ་བཅས་ཀྱི་སྒྲིག་འཛུགས་འདྲ་མིན་རང་རང་སོ་སོའི་དགེ་བའི་བཤེས་གཉེན་གྱི་གསུང་བཤད་ཕབ་སྒྱུར་དང་པར་སྐྲུན་བྱས་དང་བྱེད་བཞིན་མི་ཉུང་བ་ཞིག་དྲ་རྒྱའི་ཐོག་འདོན་སྤེལ་བྱས་ཡོད། དེ་ག་ནང་བཞིན་དབྱིན་སྐད་དང་ཡོ་རོབ་ཀྱི་སྐད་རིགས་གཞན་ནང་གསུང་བཤད་གནང་བ་རྣམས་རྒྱུན་དུ་ནུབ་ཕྱོགས་པའི་དགེ་ཕྲུག་རྣམས་ཀྱིས་པར་སྐྲུན་སོགས་བྱེད་ཀྱིན་ཡོད། པར་སྐྲུན་བྱས་ཟིན་པ་ཧ་ལམ་སྟོང་ཕྲག་བཅུ་ལྷག་ཡོད། བོད་ཀྱི་ནང་ཆོས་དང་བོན་ཆོས་ཀྱི་དཔེ་ཆ་རྣམས་དེ་ལྟར་ཧ་ཅང་མྱུར་པོ་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ་གོ་ལ་ཡོངས་ཀྱི་ནང་བོད་བརྒྱུད་ནང་བསྟན་ཐད་མི་རྣམས་ཀྱི་གོ་རྟོགས་ཉིན་རེ་ལས་མ་བསྡད་པར་གོང་མཐོར་འགྲོ་བཞིན་མཆིས།

ཡིག་སྒྱུར་གྱི་ལས་གཞིའི་ཐོག་ནས་བོད་ཀྱི་ངག་རྒྱུན་དང་དཔེ་གཞུང་གི་ཁྱད་ནོར་རྣམས་གཅེས་སྲུང་བྱེད་པའི་དམིགས་བསལ་འབུར་དུ་ཐོན་པ་ཞིག་ཉེ་ཆར་ཐོན་ཡོད་དེ། ཕྱི་ལོ་ ༢༠༠༨ ཟླ་ ༩ པའི་ནང་། ཨ་རིའི་ནང་བུལ་ཌར་ ཁོ་ལོ་རཱ་ཌོའི་(Boulder Colorado)ནང་བེ་རོ་ཙཱ་ནས་(Berotsana)སྣེ་ཁྲིད་དེ་ལོ་ཙཱ་བ་རྣམས་ལྷན་འཛོམས་ཀྱི་ཚོགས་ཆེན་ཞིག་སྐོང་ཚོགས་གནང་། སྐབས་དེར་བོད་ཀྱི་ལོ་ཙཱ་བ་རྒན་གཞོན་བརྒྱ་ཕྲག་ལྷག་འཛོམས་ནས་བོད་ཀྱི་རིག་གཞུང་གི་ཡ་གྱལ་ནང་བསྟན་འདི་ཁྱབ་སྤེལ་གཏོང་ཕྱོགས་ཐད་ཁོང་རྣམས་ཕན་ཚུན་སྦྲེལ་མཐུད་བྱེད་ཕྱོགས་ཐད་གོ་བསྡུར་ལྷུག་པོ་གནང་ཞིང་། དེ་ནི་ལོ་ཙཱ་བ་རྣམས་རང་རང་གི་ལས་གཞི་དང་ལས་དོན་ཐད་ཕན་ཚུན་གོ་རྟོགས་དང་བསམ་འཆར་སྤེལ་རེས་བྱེད་པའི་གོ་སྐབས་ཧ་ཅང་སྨིན་པོ་ཞིག་བྱུང་ཡོད་པ་རེད།

ཕྱི་ལོ་ ༢༠༠༩ ཟླ་ ༣ པའི་ནང་རྒྱ་གར་ནང་འབིར་ས་གནས་ཀྱི་ཤ་བའི་ཚལ་(Deer Park)ཤེས་ཡོན་བསྟི་གནས་ཁང་དུ་མཁྱེན་བརྩེ་རྨང་གཞིའི་ཡིག་སྒྱུར་ཚོགས་ཆེན་སྐབས་སངས་རྒྱས་ཀྱི་གསུང་བསྒྱུར་ཞེས་པའི་ཚོགས་པ་ནས་ཚོགས་འདུའི་གོ་སྒྲིག་གནང་། སྐབས་དེར་ནང་པའི་ཡི་གེའི་གཞུང་ལུགས་ཀྱི་ཁྱད་ནོར་ལས་གཞི་གསར་འཛུགས་ཞུ་ཆེད་བོད་ཀྱི་ཆོས་བརྒྱུད་བཞིའི་བླ་མ་ཆེ་བ་རྣམས་དང་མཉམ་དུ་བོད་ཀྱི་ལོ་ཙཱ་བ་རྒན་པ་ལྔ་བཅུ་འཛོམས། ཆབས་ཅིག་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་འཕྲལ་སེལ་གྱི་དབུ་འཛིན་གནང་། ཚོགས་བཅར་བ་རྣམས་ཀྱིས་ནང་པའི་གཞུང་ལུགས་ཀྱི་ཁྱད་ནོར་རྣམས་ཡོངས་ཁྱབ་ཏུ་བཀོལ་དུ་རུང་བའི་སྐད་ཡིག་ཏུ་སྒྱུར་རྒྱུའི་ལོ་བརྒྱའི་དམིགས་ཡུལ་འཆར་བཀོད་བྱས། ཡོངས་ཁྱབ་ཏུ་བཀོལ་རུང་གི་དོན་ཡང་དཔེ་གཞུང་རྣམས་ཡོ་རོབ་དང་ཨེ་ཤི་ཡའི་སྐད་ལ་སོགས་དེང་དུས་ཀྱི་སྐད་རིགས་ཆེ་ཁག་ནང་ཕབ་སྒྱུར་བྱ་རྒྱུ་ཡིན། བཀའ་འགྱུར་དང་བསྟན་འགྱུར་གྱི་པོད་རྣམས་དང་བོད་ཀྱི་བསྟན་བཅོས་ཚང་མ་ལོ་ཉི་ཤུ་རྩ་ལྔའི་ནང་གྲགས་ཆེ་བའི་སྐད་རིགས་ནང་ཕབ་སྒྱུར་བྱ་རྒྱུའི་དམིགས་ཡུལ་བཟུང་བ་དང་། བཀའ་འགྱུར་དང་བསྟན་འགྱུར། བོད་འགྲེལ་བཅས་ཀྱི་དཔེ་ཚད་ཞིག་ཡིག་སྒྱུར་དང་པར་སྐྲུན་བྱེད་རྒྱུ་དང་ཕུགས་ཀྱི་དམིགས་ཡུལ་ལེགས་སྒྲུབ་ཆེད་དགོས་ངེས་ཀྱི་ཐུན་རྐྱེན་དང་རྨང་གཞི་བཀོད་སྒྲིག་གསར་འཛུགས་བཅས་བྱ་རྒྱུའི་ལོ་ལྔའི་འཆར་གཞི་བསྒྲིགས།

ཚོགས་ཆེན་འདིའི་འཇུག་ཏུ་༸གོང་ས་༸ཏཱ་ལའི་བླ་མ་མཆོག་ཞལ་མཇལ་བཅར་སྐབས་ ༸གོང་ས་༸ཏཱ་ལའི་བླ་མ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལས་གཞི་དེར་རྒྱབ་སྐྱོང་གནང་བ་མ་ཟད་ ཁོང་གིས་པཱ་ལི་དང་རྒྱ་ནག་གི་ནང་པའི་སྡེ་སྣོད་ནང་བཞུགས་པའི་གཞུང་མང་པོ་ཞིག་བོད་སྐད་ནང་མེད་པ་དང་བོད་སྐད་ནང་བཞུགས་པའི་གཞུང་མང་པོ་ཞིག་རྒྱ་སྐད་སོགས་ནང་མེད་ཅིང་། ཆོས་ཀྱི་ཕུང་པོ་དེ་དག་གི་བརྗོད་བྱ་རྣམས་ཡོངས་སུ་གཏོགས་ཆེད་དེང་དུས་ཀྱི་སྐད་ཡིག་ཙམ་མིན་པར་བོད་ཡིག་དང་། པ་ལཱི། རྒྱ་སྐད་བཅས་ཀྱི་སྡེ་སྣོད་ནང་ཕབ་སྒྱུར་དགོས་སྐོར་དགོངས་ཚུལ་གསུངས་སོང་། ༸གོང་ས་མཆོག་གིས་ད་དུང་ཧི་མ་ལ་ཡའི་མི་རིགས་མང་པོས་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་ཅིང་བོད་སྐད་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། མང་པོ་ཞིག་གིས་བོད་པའི་ཚད་ལྡན་གྱི་གཞུང་ཁག་ལྟ་ཀློག་བྱེད་ཐུབ་ཀྱི་མེད། བོད་ཀྱི་ནང་པའི་བརྡ་ཆད་ཁག་དུས་རབས་ཁ་ཤས་སྔོན་ནས་གཏན་འབེབས་ཟིན་ཙང་ས་ཁུལ་དེ་དག་གི་ཡུལ་སྐད་དུ་སྒྱུར་ཐུབ་ཐབས་མེད། གལ་སྲིད་དེ་དག་དབྱིན་སྐད་ནང་འབེལ་པོ་ཡོད་ཚེ། མི་རིགས་དེ་དག་གི་ཁྲོད་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུད་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ཞེས་བཀའ་བསྩལ་སོང་།

མདོར་ན། ནང་པའི་བཀའ་བསྟན་གྱི་གཞུང་ཆ་ཚང་འཛམ་གླིང་གི་སྐད་རིགས་ཆེ་ཁག་ནང་བྱུང་བ་ཡིན་ན། དེ་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་ཀྱི་ཤེས་བྱའི་བང་མཛོད་འཕེལ་རྒྱས་འོང་བ་དང་གོ་ལ་ཡོངས་སུ་ཞབས་འདེགས་རླབས་ཆེ་སྒྲུབ་ཐུབ།

ཡིག་སྒྱུར་གྱི་བྱ་གཞག་ཁྲོད་ནས་བོད་ཀྱི་ངག་རྒྱུན་དང་དཔེ་གཞུང་རྣམས་འཕེལ་འགྱུར་ཇི་བྱུང་། བྷར་ཛིན་(Berzin Archives)བཤད་མཛོད།

རྒྱབ་ལྗོངས།

འཛམ་གླིང་ནང་གི་རྒྱལ་ཁབ་མང་པོ་ཞིག་ནས་ཡིན་པའི་བོད་རིགས་མ་ཡིན་པའི་མཁས་དབང་དང་ཉམས་ལེན་པ་མང་པོས་ད་ཆ་བོད་བརྒྱུད་ནང་བསྟན་དང་བོན་ཆོས་སློབ་ཁྲིད་གནང་གི་ཡོད། བོད་རིགས་མཁས་པ་ཚོ་དང་འདྲ་བར། ཁོང་ཚོ་མང་པོ་ཞིག་གིས་རང་རང་གི་གཏམ་བཤད་དང་རྩོམ་བྲིས་རྣམས་པར་སྐྲུན་བྱེད་པ་དང་ཌི་ཇི་ཊལ་(digital)ནང་འཇུག་གི་ཡོད། ཁོང་ཚོས་ད་དུང་དེ་དག་དེང་དུས་འཕྲུལ་ཆས་ཀྱི་རྣམ་པར་ཉན་ཆས་དང་། གློག་བརྙན། ཌི་བི་ཌི་(DVD)བཅས་ཀྱི་དབྱིབས་སུ་བཟོ་གི་ཡོད་ཅིང་དྲ་རྒྱའི་ཐོག་ནས་བེད་སྤྱོད་ཐུབ་ཀྱི་ཡོད། མ་གཞི་མཁས་དབང་འགའ་ཞིག་གིས་ནང་ཆོས་དང་བོན་ཆོས་སྲོལ་རྒྱུན་གྱི་རྣམ་པར་མདུན་སྐྱོད་བྱེད་ཀྱི་ཡོད་ནའང་། མི་ཉུང་བ་ཞིག་གིས་བསྐྱར་བཅོས་བྱས་ཏེ་སོ་སོའི་ཁོར་ཡུག་དང་དུས་དང་འཚམས་པར་བྱས། ངས་དྲ་ཐོག་ཏུ་ལས་དོན་དེ་རིགས་ཐད་འབད་བརྩོན་བསྟེན་ནས་ཐོན་པའི་གྲུབ་འབྲས་རྣམས་བྷར་ཛིན་བཤད་མཛོད་ནང་བཞུགས་ཡོད་པས་དྲ་ཚིག་ཁ་བྱང་འདིར་གཟིགས་ན་ཆོག www.berzinarchives.com.

ངས་དུས་ཚོས་ལྷག་འཕྲོས་འདིར་བཤད་མཛོད་ཌ་རྒྱའི་ལས་གཞིའི་སྐོར་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༦༩ ལོར་ཐོག་མར་ང་རང་ཧྥུལ་བེ་རེ་ཌའི་(Fulbright)ལས་གཞིའི་ཐོག་ནས་རྒྱ་གར་དུ་ཡོང་ནས་བོད་མི་སྐྱབས་བཅོལ་བ་ཚོ་དང་མཉམ་དུ་སློབ་སྦྱོང་བྱ་རྒྱུ་འགོ་བཙུགས་པ་ཡིན། དེ་ནི་ཧར་ཝར་ཌི་(Harvard)གཙུག་ལག་སློབ་གྲྭ་ཆེན་མོའི་ཆེས་ཤར་ཕྱོགས་ཀྱི་སྐད་ཡིག་སྡེ་ཚན་དང་། ལེགས་སྦྱར་དང་རྒྱ་གར་རིག་གནས་སྡེ་ཚན་ཟུང་སྦྲེལ་གྱི་ཐོག་ནས་མཁས་དབང་གི་གོ་གནས་ཆེད་འབུམ་རམས་པའི་རྩོམ་ཡིག་འབྲི་རྒྱུ་དང་འབྲེལ་བ་ཡོད། ཕྱི་ལོ་༡༩༧༢ ལོར་འབུམ་རམས་པའི་ལག་འཁྱེར་(PhD)ཐོབ་པའི་རྗེས། སླར་རྒྱ་གར་ནང་མུ་མཐུད་བསྡད་དེ་ཁྱོན་བསྡོམས་མི་ལོ་ ༢༩ རྒྱ་གར་ནང་བསྡད་པ་ཡིན། དེ་གར་གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སེར་ཀོང་མཚན་ཞབས་རིན་པོ་ཆེ། དགེ་བཤེས་ངག་དབང་དར་རྒྱས་བཅས་དང་དེ་མིན་བོད་ཀྱི་ནང་པའི་མཁས་དབང་མང་པོའི་དྲུང་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཀྱི་སྐལ་བཟང་ཐོབ་བྱུང་། ཆབས་ཅིག་རྩ་བའི་ཆ་ནས་ངས་སེར་ཀོང་མཚན་ཞབས་རིན་པོ་ཆེའི་གསུང་སྒྱུར་ཞུས་པ་དང་བོད་ཡིག་དང་ལེགས་སྦྱར་གྱི་སྐད་ནང་དཔེ་ཆ་མང་པོ་ཞིག་དབྱིན་སྐད་དུ་ཕབ་སྒྱུར་ཞུས་པ་ཡིན། ཕྱི་ལོ་ ༡༩༩༨ ལོའི་ལོ་མཇུག་ཏུ་ནང་པའི་ཆོས་ལ་ཐོས་བསམ་སློབ་གཉེར་གང་ཙམ་བྱས་རྗེས་ང་རང་ནུབ་ཕྱོགས་སུ་ཇར་མན་རྒྱལ་ས་སྦེར་ལིན་(Berlin)དུ་ཕྱིར་ལོག་བྱས་པ་ཡིན། སྐབས་དེར་ང་རང་ལ་དཔར་སྐྲུན་མ་ཟིན་པའི་དཔེ་ཆ་ཤོག་གྲགས་ ༣༠༠༠༠ ཙམ་ཡོད། དཔེ་དེབ་མང་པོ་དཔར་སྐྲུན་བྱས་པ་དང་དེ་དག་གི་ཁྱབ་ཚད་རྒྱུས་མངའ་བྱུང་རྗེས། དྲ་རྒྱའི་ཐོག་ནས་སྐྱེ་བོ་རྣམས་ཀྱི་མིག་སྔར་ལྟ་ཀློག་ཐུབ་པ་བཟོ་རྒྱུ་ནི་ཐབས་ལམ་ལེགས་ཤོས་སུ་མཐོང་ནས་ཐག་གཅོད་བྱས་པ་ཡིན།

བསམ་བློ་དེ་ལྟར་འཁོར་ནས། ཕྱི་ལོ་ ༢༠༠༡ ལོར་ངས་བྷར་ཛིན་བཤད་མཛོད་ཅེས་པའི་དྲ་རྒྱ་དེ་གསར་འཛུགས་ཞུས་ཏེ། དྲ་ཚིག་ཐོག་ནས་མི་རྣམས་ཀྱིས་ལྟ་ཀློག་དང་། ཉན་པ། ཕབ་བཤུས་སོགས་རིན་མེད་དུ་བྱེད་ཐུབ་པར་འཆར་གཞི་ཟབ་ནན་བཏིངས་པ་ཡིན། དེ་མིན་དྲ་རྒྱ་འདིའི་ནང་དཔལ་འབྱོར་ཁེ་ལས་དང་འབྲེལ་བའི་རིགས་རྩ་བ་ནས་མེད། དྲ་རྒྱ་བེད་སྤྱོད་བྱེད་པའི་རང་ཉིད་ཀྱི་བསམ་དོན་ནི་རང་གི་དགེ་རྒན་རྣམས་ཀྱི་དྲུང་ནས་སྦྱངས་པའི་ཆོས་རྣམས་ཡིག་སྒྱུར་གྱི་ཐོག་ནས་སྲུང་སྐྱོབ་བྱ་རྒྱུ་དང་། དེ་བཞིན་རང་ཉིད་ཀྱི་སློབ་སྦྱོང་གི་རྒྱུད་རིམ་དེའི་རིང་ཐོབ་པའི་གོ་རྟོགས་ལ་བརྟེན་རང་གི་འགྲེལ་པ་རྣམས་མིག་སྔར་སྤྱན་འབུལ་ཞུ་རྒྱུའི་ཆེད་དུ་ཡིན། ལས་གཞི་དེར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ། སེར་ཀོང་རིན་པོ་ཆེ་བཅས་ཀྱིས་རྒྱབ་སྐྱོར་ཆ་ཚང་གནང་བྱུང་། དྲ་རྒྱའི་ནང་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྣམ་པ་གསུམ་གྱི་གསུང་བཤད་ཁག་དང་ང་རང་གིས་ཡིག་སྒྱུར་བྱས་པ་དང་ཡང་ན་ཟིན་བྲིས་བརྒྱབ་པ་དེ་བཞིན་དཔེ་གཞུང་ཡིག་སྒྱུར་བྱས་པ། རང་ཉིད་ཀྱི་རྩོམ་རིགས་དང་དཔེ་དེབ་བརྩམས་པ། གཏམ་བཤད་བྱས་པ་སོགས་བཅུག་ཡོད། ད་ཆ་དྲ་རྒྱ་འདི་གསར་འཛུགས་ཞུས་ནས་ལོ་ངོ་བརྒྱད་ཀྱི་རྗེས། དྲ་རྒྱ་འདིའི་ཆེད་གླ་ཡོད་དང་གླ་མེད་བསྡོམས་ལས་བྱེད་གྲངས་བདུན་བཅུ་ལྷག་ཡོད་ཅིང་། དྲ་རྒྱའི་ཐོག་ཐད་ཀར་ལྟ་ཀློག་ཐུབ་པའི་དབྱིན་ཇིའི་ནང་རྩོམ་བྲིས་ཁག་ ༦༤༠ ལྷག་དང་ཉན་བྱེད་(audio files)གྲངས་ ༤༦༠ ལྷག་བཞུགས་ཡོད། འདིས་བྷར་ཛིན་བཤད་མཛོད་ནང་པར་སྐྲུན་མ་བྱས་པའི་རྩོམ་བྲིས་ཁག་བརྒྱ་ཆ་ ༣༠ ཙམ་ཡོད་པ་མཚོན་གྱི་ཡོད། སྔོན་ཆད་ཕྱི་ལོ་ ༢༠༠༩ ནང་དྲ་རྒྱ་འདིར་ལྟ་ཀློག་སོགས་བྱེད་མཁན་མི་འབུམ་༦ བྱུང་བ་དང་ཉེ་བའི་ཆར་ཉིན་འཆར་ཅན་མི་གྲངས་ ༢༠༠༠ ལྷག་གི་དྲ་རྒྱ་འདི་བེད་སྤྱོད་བྱེད་ཀྱི་ཡོད།

ནང་དོན་དང་ཁྱད་ཆོས།

དྲ་རྒྱའི་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བརྗོད་བྱ་མང་པོ་ཞིག་གི་ཐད་ལ་དོ་ནན་བྱས་ཡོད། དེ་དག་གིས་ཐེག་པ་ཆེན་པོའི་གསང་སྔགས་བར་གྱི་ནང་པའི་ཆོས་ངོ་སྤྲོད་བྱས་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཆེན་པོ་བཞིའི་རྣམ་གཞག་དང་ཉམས་ལེན་རྣམས་འདུས་ཡོད་པ་དང་སྦྲགས་དུས་འཁོར་དང་རྫོགས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ་བཅས་ཀྱི་སྐོར་དམིགས་བསལ་སྡེ་ཚན་ཞིག་ཡོད། དེ་བཞིན་དྲ་རྒྱའི་ནང་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས། བོན་དང་། ནང་པ། བོད། དབུས་ཨེ་ཤིའི་ཡའི་ལོ་རྒྱུས་བཅས་ཀྱི་ཁྱད་ཆོས་མི་ཉུང་བ་ཞིག་བཀོད་ཡོད། འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་དབར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་ཐད་ཚན་པ་ཞིབ་ཕྲ་ཞིག་ཟུར་བཀོལ་བྱས་ཡོད།

བོད་པའི་ཁྱད་ནོར་གྱི་བསླབ་བྱ་འདི་དག་གོ་ལ་ཡོངས་ཀྱི་གོ་རྟོགས་ཐད་ཤུགས་རྐྱེན་གཏིང་ཟབ་པོ་སྦྱིན་པར། དེ་དག་རྒྱ་གང་ཆེ་ཁྱབ་སྤེལ་གཏོང་བ་དང་སྟབས་བདེ་པོ་བཟོ་རྒྱུ་ཙམ་མིན་པར། དེང་དུས་ཀྱི་མིའི་བློ་གྲོས་ཀྱི་ནུས་པ་དང་འཚམས་པའི་ཐོག་ནས་གོ་རྟོགས་ཐུབ་སླད་སྟབས་བདེ་པོ་བཟོ་དགོས། འཕྲུལ་ལས་བཟོ་རིག་ལ་བརྟེན་ནས་དགོས་ངེས་ཀྱི་ལག་ཆ་མང་པོ་ཞིག་མཁོ་སྐྲུན་བྱས་ཤིང་བྷར་ཛིན་དྲ་རྒྱའི་བཤད་མཛོད་ནང་དེ་དག་སྡེབ་ནས་བེད་སྤྱོད་ཐུབ་ཕྱིར་ང་ཚོས་འབད་བརྩོན་བསྟེན་ཡོད།

དཔེར་ན། འཚོལ་ཞིབ་བྱེད་ཕྱོགས་ཐད་དྲ་ཚིག་དེ་ལག་ཐོག་ཁ་པར་ཐོག་ནས་ལྟ་ཀློག་ཐུབ་ཅིང་། ཕབ་བཤུས་ཀྱང་བྱེད་ཐུབ་པ་དང་། གང་ཟག་སྒེར་གྱི་རྩོམ་བྲིས་ཁག་ཅིག་པར་བཤུས་སམ་པི་ཌི་ཨེཧྥ་(pdf) གྱི་ནང་ཕབ་ལེན་ཐུབ། དེར་མ་ཟད་རྣ་བ་དང་མིག་གིས་མཐོང་མི་ཐུབ་པའི་མི་རྣམས་ལ་ལས་སླ་པོར་ཉན་བསམ་ཐུབ་པའི་སླད་ང་ཚོའི་གནད་ཡོད་རུ་ཁག་གིས་རྩོམ་བྲིས་རྣམས་ཉན་བསམ་ཆེད་བཀོད་སྒྲིག་བྱས་པ་དང་རྣ་བས་ཐོས་མི་ཐུབ་པ་རྣམས་ཡིག་ཐོག་ཏུ་བཀོད་ནས་ལྟ་ཀློག་ཆེད་མཁོ་ཆས་མཐུན་འགྱུར་སྐྲུན་པར་འབད་བརྩོན་སྟེན་བཞིན་མཆིས། དེ་བཞིན་དབྱིན་སྐད་ནི་རང་གི་མ་སྐད་མ་ཡིན་པའི་མི་རྣམས་ཀྱིས་གོ་རྟོགས་མ་ནོར་བ་ལོན་ཆེད། སྒྲ་འདོན་འཕྲུལ་འཁོར་ཞིག་བཙུགས་པ་དང་། དེ་ལ་བརྟེན་ནས་མི་རྣམས་ཀྱི་དུས་གཅིག་ཏུ་གསུང་བཤད་ཁག་ལ་ཉན་བསམ་བྱེད་པ་དང་ཀློག་ཐུབ་པ་ཡོང་གི་ཡོད།

དྲ་རྒྱའི་ནང་གི་གནས་ཚུལ་རྣམས་ཤེས་ཡོན་གྱི་དམིགས་ཡུལ་ཆེད་བེད་སྤྱོད་བྱེད་ཐབས་བདེ་རུ་གཏོང་བའི་ཐོག་ལ། ང་ཚོས་ནང་དོན་རྣམས་དཀའ་ཚེགས་ཆེ་ལོས་ཀྱི་གོ་རིམ་བསྒྲིགས་ཡོད། ད་དུང་ང་ཚོས་བོད་ཀྱི་ཆོས་རྒྱུད་བཞི་དང་བོན་ཡང་ན་ཐེག་ཆེན་དང་གནས་བརྟན་སྡེ་པའི་ནང་གི་བརྗོད་གཞི་བྱེ་བྲག་པར་དེ་དག་སོ་སོས་ལྟ་ཚུལ་ཇི་ལྟར་བཟུང་མིན་ཐད་དཔྱད་བསྡུར་ཞིབ་འཇུག་ཁག་ཕུལ་ཡོད། དེར་མ་ཟད་སློབ་གཉེར་ཆེད་ང་ཚོས་བོད་ཡིག་དང་ལེགས་སྦྱར་གྱི་ནང་ཆོས་བརྡ་ཆད་ཁག་གི་སྐད་དོད་བཅུག་ཡོད་པའི་ཁར། ནང་ཆོས་ཀྱི་ཐ་སྙད་ཁོ་ནའི་མིང་ཚིག་རེའུ་མིག་ཙམ་མིན་པར། ད་དུང་རེའུ་མིག་སོ་སོ་གང་དུ་བེད་སྤྱོད་བྱས་པའི་རྩོམ་ཡིག་རྣམས་མཉམ་སྦྲེལ་བྱས་ཤིང་། དེ་ལྟར་ཀློག་པ་པོ་རྣམས་ཀྱིས་ལྟ་ཀློག་བྱེད་པའི་སྐབས། རྩོམ་ཡིག་ནང་གི་བརྡ་ཆད་སོ་སོའི་གོ་དོན་རྣམས་གསལ་པོར་ཐོན་ཡོང་གི་ཡོད། 

ད་ལྟ་རང་འཇེ་ཧྥེ་རི་ཧོབ་ཀིན་སེ་མཆོག་(Jeffrey Hopkins)ནས་རང་ཉིད་ཀྱིས་བེད་སྤྱོད་གནང་བཞིན་པའི་དབྱིན་སྐད་ཐོག་ནང་ཆོས་ཀྱི་ཚིག་སྒྱུར་ཁག་ང་ཚོས་མཁོ་སྒྲིག་ཞུས་པའི་ཚིག་སྦྱོར་ཁོངས་སུ་བཅུགས་འཐུས་ཀྱི་ཆོག་མཆན་སྩལ་བྱུང་བས་དྲ་རྒྱའི་ཐོག་ཀློག་པ་པོ་རྣམས་ཀྱི་གོ་དོན་གསལ་པོ་ཡོང་ཆེད་ཐུགས་ཕན་གསོས་ངེས་ཡོང་རྒྱུ།

ང་ཚོས་དྲ་མཛོད་ནང་གི་རྩོམ་བྲིས་ལ་ལྟ་ཀློག་ཆེད་ཐབས་ཚུལ་ཧ་ཅང་མང་པོ་མཁོ་སྤྲོད་བྱས་ཡོད་ཅིང་། ཆབས་ཅིག་གནད་དོན་ཁག་ལ་འགྲེལ་བཤད་རྒྱས་པོ་དང་གསལ་བཤད་ཁ་སྣོན་བྱས་པ་བཀོད་པའི་རྩོམ་བྲིས་གཞན་ལའང་ལྟ་ཀློག་ཆེད་མཉམ་དུ་ཁ་བྱང་གཞན་ཁག་ཀྱང་མཁོ་འདོན་བྱས་ཡོད། དེའི་སྟེང་རྩོམ་བྲིས་རེ་རེའི་མཇུག་ཏུ་དྲ་རྒྱའི་ནང་དོན་དང་གཅིག་མཚུངས་ཐོག་རྩོམ་བྲིས་ཀྱི་རྒྱབ་གཉེར་ངོ་སྤྲོད་ཀྱང་མཁོ་འདོན་ཞུས་ཡོད།

དབྱིན་ཇིའི་སྐད་ཡིག་མིན་པའི་སྡེ་ཚན།

རྒྱལ་ཁབ་མི་འདྲ་བ་ཁག་བདུན་བཅུ་ལྷག་གི་ནང་གཙུག་ལག་སློབ་གྲྭ་ཆེན་མོ་དང་ནང་པའི་ཆོས་ཚོགས་ནང་གཏམ་བཤད་བྱས་པ་བརྒྱུད་ངས་ཤེས་གསལ་ལ་ཚང་མས་དབྱིན་ཇི་ཀློག་ཐུབ་ཀྱི་མི་འདུག ཁོང་ཚོས་ཀློག་ཐུབ་ནའང་། རང་རང་སོ་སོའི་མ་སྐད་ནང་ནང་ཆོས་འཆད་ཉན་བྱེད་པ་ལ་བརྟེན་ནས་མི་མང་ཆེ་བར་གོ་རྟོགས་གསལ་བ་དང་དོ་སྣང་ཆེ་བ་ཡོང་གི་ཡོད། དེར་བརྟེན་རང་ངོས་ནས་ཀྱང་སོ་སོའི་དྲ་རྒྱའི་ནང་གང་ཐུབ་ཐུབ་ཀྱིས་འཛམ་གླིང་ནང་དེང་དུས་ཀྱི་སྐད་རིགས་ཆེ་ཁག་ཕབ་སྒྱུར་ཞུ་རྒྱུ་དང་སྐད་ཡིག་གི་སྡེ་ཚན་ཟུར་དུ་འཛུགས་རྒྱུའི་ཐག་གཅོད་བྱས་པ་ཡིན། ད་ལྟའི་ཆར་དྲ་ཐོག་ཏུ་སྐད་ཡིག་དྲུག་ཙམ་གྱི་ཚན་པ་ཡོད། དབྱིན་ཇིའི་ཐོག་ཇར་མན་དང་། ཨུ་རུ་སུ། སི་པན། པོ་ཅུ་གྷལ། པོའོ་ལན་ཌི་བཅས་ཀྱི་སྐད་དུ་དབྱིན་ཇིའི་ནང་ཡིག་སྒྱུར་བྱས་པའི་རྩོམ་བྲིས་མང་པོ་དང་དབྱིན་ཇིའི་ནང་སྒྲ་འཇུག་ཉན་བྱེད་སྐད་གཉིས་ཤན་སྦྱར་བྱས་པ་ཧ་ཅང་མང་པོ་ཡོད། དཔེར་ན། ཇར་མན་སྡེ་ཚན་ནང་རྩོམ་བྲིས་ཁག་ ༣༥༠ ལྷག་དང་ཨུ་རུ་སུའི་སྐད་ནང་རྩོམ་བྲིས་ཁག་ ༢༠༠ ལྷག་ཡོད། དེར་མ་ཟད་ང་ཚོས་ཧུར་སྐྱེད་ཆེན་པོས་ཧྥ་རན་སི་སྐད་ཡིག་དང་རྒྱ་ནག་གི་སྐད་ཡིག་ཚན་པ་གྲ་སྒྲིག་བྱེད་བཞིན་ཧིན་དྷི་སྐད་དུ་ཕབ་སྒྱུར་འགོ་བཙུགས་ཟིན། མ་གཞི་ང་ཚོས་རྩོམ་བྲིས་རྣམས་ཨི་ཊ་ལི་དང་། སོག་པོ། ཝི་ཏི་ནམ་བཅས་ཀྱི་སྐད་དུ་ཡིག་སྒྱུར་བྱེད་འགོ་བཙུགས་ཟིན་ནའང་། སྐད་ཡིག་དེ་དག་ཐོག་གི་ལས་གཞི་རེ་ཞིག་མཚམས་འཇོག་བྱེད་དགོས་བྱུང་། མ་འོངས་པར་མུ་མཐུད་ལས་གཞི་དེ་དག་སྤེལ་རྒྱུའི་རེ་བ་བཅངས་ཡོད།

བྷར་ཛིན་བཤད་མཛོད་ཀྱི་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་ཀྱི་དྲ་རྒྱའི་ལས་གཞི།

གོ་ལ་ཡོངས་ཀྱི་གོ་རྟོགས་དང་མཛའ་མཐུན་གོང་མཐོར་ཡོང་བའི་གནད་འགག་གཙོ་བོ་གཅིག་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་གྱི་ཐད་ལ་དོ་ནན་གནང་གི་ཡོད། ད་ལྟའི་ཆར་ཐབས་ལམ་དེའི་ཆེད་དགོས་ངེས་ཀྱི་ཆ་རྐྱེན་གཅིག་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཁྱབ་ཁོངས་དང་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན། དེར་བརྟེན་༸གོང་ས་མཆོག་གི་ལམ་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ནས། ང་ཚོས་བྷར་ཛིན་གྱི་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་ཀྱི་དྲ་རྒྱའི་ལས་གཞི་འདི་ལྷུར་ལེན་བྱེད་བཞིན་ཡོད། དམིགས་ཡུལ་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཁྱབ་ཁོངས་ནང་ཁོ་རང་ཚོའི་སྐད་ཡིག་ནང་བོད་ཀྱི་རིག་གཞུང་དང་ཆོས་ལུགས་སྐོར་གྱི་གནས་ཚུལ་འབེལ་པོ་མཁོ་འདོན་བྱ་ཕྱིར་ཡིན་པ་ལས་ཆོས་ལུགས་བརྗེ་སྒྱུར་བྱེད་པའི་གོ་བརྡ་ནམ་ཡང་སྤྲོད་ཀྱི་མེད། སྐད་ཡིག་སྣ་ཚོགས་འདུས་པའི་དྲ་རྒྱའི་ཐོག་ཁ་ཆེའི་སྐད་རིགས་ཆེ་ཁག་གི་ནང་གནས་ཚུལ་མཁོ་འདོན་བྱས་པས་ཁ་ཆེའི་མི་འབོར་རྣམས་ལ་གུས་བརྩི་སྟོན་པ་ཙམ་མིན་པར་ད་དུང་གོ་ལ་ཡོངས་ཀྱི་སྤྱི་ཚོགས་ནང་ཁ་ཆེ་ཁྱབ་ཁོངས་ཀྱིས་གཅིག་སྒྲིལ་བྱ་རྒྱུའི་རྒྱུད་རིམ་གྱི་དགོས་ངེས་ཐབས་ཚུལ་ཡང་སྟོན་གྱི་ཡོད།

ལས་གཞི་འདིའི་ནང་ནང་ཆོས་དང་ཁ་ཆེའི་སྡེ་ཚན་གྱི་ཚན་པ་ཐེ་བའི་སྟེང་ཆོས་ལུགས་མཐུན་སྒྲིལ་དང་ཆོས་དང་མ་འབྲེལ་བའི་བླང་དོར་ཐད་༸གོང་ས་མཆོག་གིས་མི་མང་ལ་བསྩལ་བའི་བཀའ་སློབ་རྣམས་དྲ་རྒྱའི་ཐོག་ཡིག་སྒྱུར། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་སྐར་རྩིས་བཅས་དང་འབྲེལ་བའི་རྩོམ་ཡིག གཞན་ཡང་གཞི་རྩའི་ནང་ཆོས་ཀྱི་རྩ་དོན་རྣམས་གཏོགས་ཡོད། ལས་གཞི་འདིར་གོ་རིམ་གཉིས་ཡོད་པ་ལས་དང་པོ་ནི། ཨ་རབ་ (Arabic)དང་ཨུར་ཏུའི་(Urdu)སྐད་དུ་ཡིག་སྒྱུར་གྱི་ལས་གཞི་དང་། ལས་གཞི་དེ་གཉིས་ནི་ལྡི་ལིར་རྟེན་གཞི་བྱས་པའི་ཇཱ་མི་ཡ་ མི་ལི་ཡ་ ཨེ་ས་ལམ་མི་ཡ (Jamia Millia Islamia) གཙུག་ལག་སློབ་གྲྭ་ཆེན་མོ་དང་། ལ་ཧོར་(Lahore)དུ་ཡོད་པའི་པ་ཀི་སི་ཐན་ཨིག་བལ་ཤེས་ཡོན་བསྟི་གནས་ཁང་།(Iqbal Academy Pakistan) ཨི་སཱ་ལ་མཱ་བཱ་དྷའི་(Islamabad)ནང་གི་ཁ་ཆེའི་ཉམས་ཞིབ་ཤེས་ཡོན་བསྟི་གནས་ཁང་།(Islamic Research Institute)བཅས་དང་མཉམ་རུབ་ཐོག་ལས་དོན་གཉེར་བཞིན་ཡོད། རིམ་པ་གཉིས་པར་པེར་ཤི་ཡ་(Persian)དང་། ཏུར་ཀི།(Turkish) ཨིན་ཌོ་ནི་ཤི་ཡའི་(Indonesian)སྐད་རིགས་ཐོག་ལ་ཤུགས་སྣོན་རྒྱག་བཞིན་ཡོད།

ནང་ཆོས་ཀྱི་འགྱུར་ལྡོག ལྟར་སྣང་དང་མཚན་ཉིད་པ།

བྷར་ཛིན་དྲ་རྒྱའི་བཤད་མཛོད་ནི་འཛམ་གླིང་ནང་ལས་གཞི་དེ་རིགས་མང་པོ་ཡོད་པ་ལས་བོད་ཀྱི་ངག་རྒྱུན་དང་དཔེ་གཞུང་གི་ཁྱད་ནོར་སྲུང་སྐྱོབ་བྱ་རྒྱུར་ཞབས་འདེགས་སྒྲུབ་མཁན་གཅིག་པུ་དེ་མ་ཡིན་ཅིང་། དེང་དུས་ཀྱི་བརྒྱུད་ལམ་དང་སློབ་ཁྲིད་ཐབས་ལམ་སོགས་བེད་སྤྱོད་བྱས་པ་ལས་ཁྱད་ནོར་ཕྱུག་པོ་འདི་བེད་སྤྱོད་སྟབས་བདེ་རུ་གཏོང་མཁན་གྱི་ལས་གཞི་འདི་གཅིག་པུ་མ་ཡིན། འདི་ནི་ཁྱད་ནོར་དེའི་ལག་བསྟར་དང་འགྱུར་ལྡོག་མིག་སྔར་འདོན་པའི་ལམ་ཞིག་སྟེ་དེ་ལ་བརྟེན་ནས་སྒེར་གྱི་ཡར་རྒྱས་གོང་མཐོར་གཏོང་ཐུབ་ཅིང་། དེ་ལས་གོ་ལ་ཡོངས་ཀྱི་མཛའ་མཐུན་གོང་འཕེལ་གཏོང་ཐུབ།

འོན་ཀྱང་བོད་ཀྱི་ཁྱད་ནོར་དེའི་དེང་རབས་ཀྱི་འགྱུར་ལྡོག་དང་ལྷག་པར་དུ་དེང་དུས་བོད་བརྒྱུད་ནང་བསྟན་གྱི་འགྱུར་ལྡོག་ལ་དམིགས་པ་དང་གསལ་འདོན་བྱེད་སྐབས། གལ་ཆེའི་ཁྱད་པར་ཞིག་ངེས་པར་དུ་འབྱེད་དགོས། ཁྱད་པར་དེ་འགྲེལ་བརྗོད་བྱ་ཕྱིར། ངས་ཁོ་ཁ་ཁོ་ལཱ་ལྟར་སྣང་(Coca-Cola lite)དང་ཁོ་ཁ་ཁོ་ལཱ་མཚན་ཉིད་པ་(the real-thing Coca-Cola)དཔེ་རུ་བླངས་ནས། ནང་ཆོས་ལྟར་སྣང་(Dharma-lite)དང་ནང་ཆོས་མཚན་ཉིད་པ་(the real-thing Dharma)ཞེས་པའི་ཐ་སྙད་འདི་དག་གསར་བཟོ་བྱས་ཡོད། ནང་ཆོས་ལྟར་སྣང་ཞེས་པའི་དོན་ནི་ཚེ་འདི་སྣང་གི་འདོད་དོན་སྒྲུབ་པའི་ཐབས་སུ་ནང་ཆོས་ཀྱི་གནད་འགྲེལ་བར་བྱ་ཞིང་། ནང་ཆོས་མཚན་ཉིད་པ་ནི་འབྱུང་འགྱུར་གྱི་མི་ཚེ་ལེགས་སུ་གཏོང་ཐབས་དང་དེ་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ནས་མཐར་ཐུག་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་སྟོན་པའི་ཆོས་ཤིག་ལ་ཟེར། ནང་ཆོས་ཀྱི་ཁྱད་པར་དེ་གཉིས་མི་འཁྲུགས་པ་བྱ་རྒྱུ་གནད་ཆེ། དེ་མིན་ནང་ཆོས་ནི་བསམ་བློ་བཅོས་ཐབས་ཀྱི་སྡེ་ཚན་གཞན་ཞིག་ཏུ་འགྱུར་ངེས་ཡིན། དོན་དངོས་སུ་ནང་ཆོས་དེ་ལྟར་མ་ཡིན་ལ། ནང་ཆོས་ནི་དེ་ལས་ལྷག་པ་ཞིག་ཡིན།

ཚེ་འདིར་ཕན་འདོགས་ཆེད་ནང་ཆོས་ལྟར་སྣང་དེ་བཅོས་ཐབས་ཀྱི་རིགས་ཤིག་ཉམས་ལེན་བྱེད་མཁན་གྱི་མི་རྣམས་ལ་དཀའ་ངལ་གང་ཡང་མེད། མདོར་ན། དེ་ལྟའི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ནོར་གྱི་འགྱུར་ལྡོག་རྣམས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ནང་ཆོས་ལྟར་སྣང་དེ་ཉམས་ལེན་བྱེད་པའི་སྐབས། ངེས་པར་དུ་ཤེས་དགོས་པ་ཞིག་ལ་དེ་ཚེ་འདི་གཅིག་པུའི་ཆེད་དུ་ཉམས་ལེན་བྱས་ཚེ། ནང་ཆོས་མཚན་ཉིད་པ་དེ་མ་ཡིན། འོན་ཏེ་གལ་སྲིད་ནང་ཆོས་མཚན་ཉིད་པར་འཇུག་པའི་ཐབས་སུ་ཉམས་ལེན་བྱས་ཚེ། ནང་ཆོས་ལྟར་སྣང་དེ་སྟབས་བདེ་པོར་ལམ་རིམ་གྱི་གནད་དུ་བསྡུ་ཐུབ་པ་ཡོང་གི་ཡོད་ཅིང་། སྐྱེ་བ་ཕྱི་མར་ཕན་ཐོགས་ཡོང་ཆེད་ཀྱི་སྔོན་འགྲོའི་སྐུལ་སློང་གོང་མཐོར་གཏོང་བའི་གཞི་རྟེན་བྱེད་ཐུབ། གང་ལྟར་ཡང་ནང་ཆོས་མཚན་ཉིད་པ་དེ་ཉམས་ལེན་བྱེད་པར་སྐྱེ་བ་སྔ་ཕྱིར་གོ་བ་གཏིང་ཕྱིན་པ་ལོན་པ་དང་ཡིད་ཆེས་དགོས་པ་ཡིན་སྟབས། དེང་དུས་ཀྱི་ནང་ཆོས་ཀྱི་འགྲེལ་བརྗོད་གང་ཡིན་རུང་དེའི་སྟེང་གང་ཟག་བྱེ་བྲག་པའི་སེམས་ཀྱི་རྒྱུན་ལ་ཐོག་མ་དང་མཐའ་མ་མེད་པའི་ཐད་ནང་པའི་འགྲེལ་བཤད་ཞིབ་ཚགས་པོ་རྒྱག་དགོས་པ་ཡིན།

བྷར་ཛིན་གྱི་དྲ་རྒྱའི་བཤད་མཛོད་ནང་། ནང་ཆོས་ལྟར་སྣང་དང་མཚན་ཉིད་པའི་ཁྱད་པར་ཐོག་ངས་འགྲེལ་བརྗོད་གསལ་པོ་བྱ་རྒྱུར་འབད་བརྩོན་བསྟེན་ཡོད། དྲ་རྒྱའི་ནང་ངས་འཕེལ་རྒྱས་བཏང་པའི་ནང་ཆོས་ཀྱི་དེང་དུས་ཀྱི་འགྱུར་ལྡོག་མང་པོ་ཞིག་བཅུག་ཡོད། དེ་དག་གིས་ཚོར་བ་ཞན་པ་དང་། ཚོར་བ་སྐྱེན་པོ། བརྟན་ཆ་མེད་པ། ནོངས་འགྱོད། རང་གིས་རང་ལ་བརྩི་མཐོང་དམན་པ། རིག་འཚོ་མ་ཟིན་པ་སོགས་སེལ་ཆེད་སྲོལ་རྒྱུན་ནང་ཆོས་ཀྱི་བསླབ་བྱ་དང་སྒོམ་ཐབས་ཐོག་དོ་ནན་བྱེད་ཀྱི་ཡོད། རྒྱ་གར་དང་བོད་པའི་སྲོལ་རྒྱུན་གྱི་ནང་པའི་གཞུང་རྣམས་ཀྱིས་གླེང་གཞི་དེ་དག་སེལ་གྱི་མེད། རྒྱུ་མཚན་ནི་ལེགས་སྦྱར་དང་བོད་ཡིག་ནང་རྟགས་མཚན་དེ་དག་གི་སྐད་དོད་ཏག་ཏག་མེད། དེ་ལྟར་ནའང་ནང་པའི་གཞུང་ནང་དེ་དག་ཐེ་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་པའི་ཐར་པ་ཆེན་པོ་ཐོབ་བྱེད་ཀྱི་ཐབས་འདུས་ཡོད། འོན་ཏེ་དེ་ལྟའི་ཐབས་ལམ་མཚན་ཉིད་པ་རྣམས་ནང་ཆོས་ལྟར་སྣང་གི་ཉམས་ལེན་ནང་དུའང་ཚེ་འདིའི་སྡུག་བསྔལ་ཆུང་དུ་གཏོང་ཆེད་ལག་བསྟར་བྱེད་ཐུབ། ཐབས་ལམ་དེ་དག་ཤེས་རྟོགས་བྱེད་པར་དེང་དུས་ཀྱི་སེམས་ཁམས་རིག་པའི་ཐུན་མིན་གྱི་མི་བདེ་བ་རྣམས་ལ་བརྟག་དཔྱད་བྱ་རྒྱུ་དང་ཤུགས་ཆུང་དུ་གཏོང་བ་རྣམས་ནང་པའི་སྲོལ་རྒྱུན་གྱི་ཉོན་མོངས་པ་དང་སྤྱོད་ཚུལ་ནང་རན་པོ་ཞིག་བཟོ་དགོས། དེ་ལྟར་ཐུབ་ན། ཐབས་ལམ་རྣམས་ལས་སླ་པོར་སྦྱོང་བརྡར་གྱི་ལས་གཞིའི་ནང་བསྡུ་ཐུབ་པ་ཡོང་གི་ཡོད།

འདི་ནི་ངས་རང་གི་དྲ་རྒྱའི་ཐོག་འཆར་བཀོད་དང་སྤྱན་འབུལ་ཞུས་པའི་སྦྱོང་བརྡར་གྱི་ལས་གཞི་ཆེ་ཁག་གཉིས་ཀྱི་ནང་བེད་སྤྱོད་བྱས་ཡོད་པའི་ཐབས་ལམ་ཞིག་ཡིན། གཉིས་པོ་ནི་ཆ་སྙོམས་པའི་ཚོར་ཤུགས་གོང་མཐོར་གཏོང་བ་དང་། རང་གི་མི་ཚེ་རང་ཚུགས་བརྟན་བཟོ་ཆེད་ཀྱི་སྦྱོང་བརྡར་ཡིན། དེ་དག་ནང་ངས་ད་དུང་གང་ཟག་སྒེར་དང་ཚོགས་པའི་གསོ་དཔྱད་ཐད་ནུབ་ཕྱོགས་རང་གི་ཐབས་ལམ་དང་མཉམ་དུ་སྲོལ་རྒྱུན་གྱི་སྒོམ་ཐབས་ཁ་སྣོན་བྱས་ཡོད། དཔེར་ན། དམིགས་རྣམ་སྒོམ་པ་ལྟ་བུ། དེས་ན། སྡེ་ཚན་གྱི་ཚོགས་ཐུན་ཞིག་གི་ནང་མི་རྣམས་སྒོར་སྒོར་བྱས་བསྡད་དེ་དགེ་བའི་སེམས་གོང་མཐོར་གཏོང་བའི་ཉམས་ལེན་བྱེད་སྐབས། ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ཚུལ་ངོས་འཛིན་ཐུབ་པ་བྱ་རྒྱུ་དེ་ཡིན། སྒོར་སྒོར་བྱས་བསྡད་ཚེ་ཚང་མས་ཕན་ཚུན་མཐོང་ཐུབ་ནས་གཅིག་གིས་གཅིག་ལ་དོ་སྣང་སྤྲོད་ཐུབ་པ་ཡོང་གི་ཡོད། དེ་ནས་ཚང་མར་རེ་རེ་བྱས་བལྟས་ཏེ། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ངང་ཚུལ་ཤེས་ཐབས་བྱེད་དགོས། དེ་རྗེས་མི་གཉིས་ཕན་ཚུན་ལྟ་རེས་བྱས་ཏེ། རང་གི་ཁ་གཏད་དུ་བསྡད་པའི་མི་དེས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་ཚུལ་ངོས་འཛིན་ཐུབ་པ་བྱ་དགོས། དེ་ནས་རང་ཉིད་གཅིག་པུ་མེ་ལོང་གི་མདུན་དུ་བསྡད་དེ་སོ་སོས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཚུལ་ངོས་འཛིན་བྱེད་དགོས། དེ་རྗེས་སོ་སོའི་མི་ཚེའི་འགོ་ནས་མཇུག་བར་གྱི་འདྲ་པར་ལ་བལྟས་ནས་རང་གི་མི་ཚེའི་སྟོད་སྨད་བར་གསུམ་དུ་རང་གིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཚུལ་ངོས་འཛིན་བྱ་ཐབས་བྱེད་དགོས། འོན་ཏེ་སྦྱོང་བརྡར་དེ་དག་གི་ཐོག་མཐའ་བར་གསུམ་དུ་ངས་དོ་སྣང་བྱུང་བར་གཞིགས་ན། མི་རྣམས་ཀྱིས་ཕལ་ཆེར་སོ་སོ་ཡར་རྒྱས་གཏོང་བའམ་ནང་ཆོས་གཤའ་མའི་ཆ་ཤས་སུ་ནང་ཆོས་ལྟར་སྣང་གི་གསོ་དཔྱད་ཀྱི་རྗེས་སུ་འཇུག་ཤས་ཆེ། དེ་ལྟ་བུའི་ལས་འཆར་དང་ཁྱད་ཆོས་མཉམ་དུ། བོད་ཀྱི་ཁྱད་ནོར་རྣམས་འཛམ་གླིང་ནང་སྤེལ་ཕྱོགས་གོང་མཐོར་སླད་དེང་དུས་ཀྱི་འཕྲུལ་རིག་གི་གནས་ཚུལ་གསར་ཤོས་རྣམས་བེད་སྤྱོད་བྱེད་པར་བྷར་ཛིན་བཤད་མཛོད་ནི་སྲོལ་འབྱེད་བྱེད་པོ་ཞིག་ཏུ་གྱུར།

མཇུག་གི་གཏམ།

མདོར་ན། ང་ཚོས་མཐོང་བ་བཞིན། དབུས་ཨེ་ཤི་ཡའི་ཡུལ་གྲུ་གང་སར་སྤྱི་ཡོངས་ཀྱི་གོ་རྟོགས་གོང་འཕེལ་ཡོང་སླད་བོད་ཀྱི་ངག་རྒྱུན་དང་དཔེ་རྒྱུན་གྱི་ཁྱད་ནོར་ལ་བརྟེན་ནས་ལོ་རྒྱུས་ཐོག་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ད་ལྟའི་ཆར་གང་ཟག་དང་ཚོགས་པ་མང་པོས་ཁྱད་ནོར་དེ་སྲུང་སྐྱོབ་བྱ་རྒྱུར་འབད་པ་དང་ཡར་རྒྱས་ཤུགས་ཆེ་བཏང་ཡོད། འོན་ཀྱང་སྲུང་སྐྱོབ་ཀྱི་དོན་ནི་དཔེར་ན། འགྲེམས་སྟོན་ཁང་ངམ་དཔེ་མཛོད་ནང་ཉར་ཚགས་བྱེད་པའམ། ཡང་ན་དྲ་རྒྱའི་ཐོག་ནས་ཚང་མས་ལྟ་ཀློག་བྱེད་ཅིང་སྐད་ཡིག་གི་མ་ཕྱི་དེ་གའི་ནང་བདག་གཅེས་བྱེད་པ་ཙམ་ལ་ཟེར་གྱི་མེད། འདས་པའི་དུས་རབས་དེ་དག་ནང་བོད་ཀྱི་སྲོལ་རྒྱུན་འཕེལ་འགྱུར་ཇི་ལྟར་བྱུང་བ་ལྟར། འཕེལ་འགྱུར་གྱི་རྒྱུད་རིམ་དེ་དང་འཚར་ལོངས་རྣམས་མུ་མཐུད་དགོས། འདི་ནི་ཡོན་ཏན་གྱིས་ཕྱུག་པའི་རིག་གཞུང་དེ་འཚོ་གནས་ཆེད་དགོས་མཁོ་ཆེ་བ་ཙམ་མིན་པར་ད་དུང་གོ་ལ་ཡོངས་ཀྱི་གོ་རྟོགས་ཐད་ལེགས་སྐྱེས་འབུལ་ཕྱོགས་ཀྱི་ཐད་ནས་གལ་འགངས་ཆེན་པོ་ཡིན།

གོ་ལ་གཅིག་འགྱུར་དང་གནས་ཚུལ་སྤེལ་རེས་བྱེད་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་ཁྱད་ཆོས་ལྡན་པའི་འཛམ་གླིང་འདིའི་ནང་། བོད་ཀྱི་རིག་གཞུང་གི་ཁྱད་ནོར་ལ་བརྟེན་ནས་སྤྱི་ཡོངས་སུ་ལེགས་སྐྱེས་རླབས་ཆེན་འབུལ་ཐུབ། རིག་གཞུང་ཚང་མར་གོ་ལ་འདིའི་སྟེང་ཐུན་མིན་གྱི་རང་རང་སོ་སོའི་མི་རྒྱུད་དཔྱད་རིག་གི་ཐོག་ནས་འགྲོ་བ་མི་རིགས་དུ་མ་ཞེས་པའི་ཁྱད་ཆོས་ལེགས་པོ་འདི་ལྡན་ཡོད། འོན་ཏེ་བོད་ཀྱི་ཁྱད་ནོར་ལ་དེ་དག་ལྷག་པའི་ཁྱད་ཆོས་ལྡན་ཡོད། ནང་པ་དང་བོན་པོའི་སྲོལ་རྒྱུན་གྱིས་རང་རེའི་ཤེས་བྱའི་བང་མཛོད་ཕྱུག་ཏུ་གཏོང་བའི་ཐབས་ཤེས་ཁྱབ་སྤེལ་གཏོང་ཞིང་། རིག་གཞུང་གཞན་དང་འབྲེལ་ལམ་གོང་འཕེལ་སོང་བར་བརྟེན་ཚན་རིག་དང་། གསོ་བ་རིག་པ། སེམས་ཁམས་རིག་པ་བཅས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་གི་ཡོད། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་དང་། སྐུལ་ལྕག སྐུ་ངལ་འཛེམས་མེད་གནང་བ་བཅས་ལ་བརྟེན་ནས། བོད་ཀྱི་ཁྱད་ནོར་གྱིས་གོ་ལའི་ཧྲིལ་པོའི་གོ་རྟོགས་ཐད་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད། ང་ཚོའི་མཉམ་རུབ་ཀྱི་འབད་བརྩོན་ལ་བརྟེན་ནས་འབྱུར་འགྱུར་ཡང་མུ་མཐུད་ཞབས་འདེགས་ལྷག་པར་སྒྲུབ་ཐུབ་པའི་རེ་བ་ཡོད།

ཐུགས་རྗེ་ཆེ།