བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

བོད་པའི་ངག་རྒྱུན་དང་གསུར་རབ་ཀྱི་ལེགས་སྐྱེས་ལ་བརྟེན་ནས་གོ་ལ་ཡོངས་ཀྱི་གོ་རྟོགས་
ཡར་རྒྱས་ཕྱིན་པ་དང་འགྲོ་སྲིད་སྐོར།
(ཡིག་ཆ་སྙིང་བསྡུས།)

ཨེ་ལེག་ཛན་ཌར་ བྷར་ཛིན།
རྒྱ་གར། ལྡི་ལི། ཕྱི་ལོ་ ༢༠༠༩ ཟླ་ ༡༢།

བོད་ཀྱི་རིག་གཞུང་ནི་ཞང་ཞུང་དང་།རྒྱ་གར།རྒྱ་ནགགྷི་རིགཔེར་ཤི་ཡ།ལི་ཡུལ་(Khotan)།ཏུར་ཀི་སི་ཐན་བཅས་རིག་གཞུང་དར་ཁྱབ་མང་པོ་ཞིག་ལ་བརྟེན་ནས་བྱུང་།འོན་ཀྱང་བོད་ཀྱི་རིག་གཞུང་དེ་གཡོ་བ་མེད་པ་དང་ཁེར་རྐྱང་དུ་མ་གནས་པར།དར་གོས་ལམ་ (Silk Route) བརྒྱུད་སོག་ཡུལ་དང་།རྒྱ་ནག་བྱང་ཁུལ།ཧི་མ་ལ་ཡའི་རི་རྒྱུད་བཅས་ཀྱི་ཉེ་འཁོར་གྱི་མི་གཞན་མང་པོར་འབྲེལ་གཏུགས་བྱས་ཡོད།དེ་ལྟར་བོད་ཀྱིས་ལོ་ནས་ལོ་བརྒྱུད་གོ་ལ་ཡོངས་ཀྱི་གོ་རྟོགས་གོང་འཕེལ་ཡོང་སླད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།དེའི་ཉེར་འབྲས་སུ།ཡུ་རོབ་ཀྱི་དུས་རབས་བར་མའི་སྐབས་རོ་མན་རིག་གཞུང་དང་ལ་ཊིན་རིག་གཞུང་དང་འདྲ་བར།ཆ་ཤས་དུ་མ་ལྡན་པའི་བོད་པའི་རིག་གཞུང་དང་སྐད་ཡིག་གིས་དབུས་ཨེ་ཤི་ཡའི་ནང་གཅིག་འགྱུར་ཡོང་བར་མཛད་རྗེས་རླབས་ཆེན་བཞག་ཡོད།

དུས་རབས་ཉི་ཤུ་ཐམ་པའི་དུས་དཀྱིལ་ནས་བཟུང་། བོད་ཀྱི་རིག་གཞུང་གི་རྣམ་པ་མང་པོ་ཞིག་ཕྱིའི་ཡུལ་གྲུ་ཁག་ཏུ་དར་ཁྱབ་སོང་དང་འགྲོ་བཞིན་པ་ཡིན། དེར་བརྟེན་ད་ཆ་བོད་རྒྱུད་ནང་ཆོས་ནི་གོ་ལ་ཡོངས་སུ་ཁྱབ་ཡོད། དེ་ཡང་བོད་མི་རྣམས་རྒྱ་གར་དང་བལ་ཡུལ་ནང་བཙན་བྱོལ་ཏུ་འབྱོར་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གཉེར་བྱེད་པའི་མཐུན་རྐྱེན་དང་གོ་སྐབས་ཇེ་མང་དུ་སོང་བའི་རྒྱུ་ལས་བྱུང་། གཞན་ཡང་སེམས་དོན་རིག་པའི་ཐབས་ལམ་ཐད་གོ་རྟོགས་སྤེལ་བ་དང་བསམ་ཚུལ་བརྗེ་ལེན་བྱེད་ཕྱོགས་གོང་འཕེལ་གཏོང་སླད་བོད་པའི་སློབ་དཔོན་རྣམས་ཀྱིས་འཛམ་གླིང་ནང་གི་ཆོས་རྒྱུད་ཆེ་ཁག་གཞན་གྱི་མཁན་པོ་དང་སློབ་དཔོན་རྣམས་དང་བཀའ་བསྡུར་ལྷུག་པོ་གནང་ཡོད། དེ་བཞིན་ཁོང་རྣམས་ཀྱིས་ཕུལ་བྱུང་གི་ཚན་རིག་པ་རྣམས་དང་། སེམས་ཁམས་རིག་པ་སྨྲ་བ། ལྟ་གྲུབ་སྨྲ་བ། ཚོང་པ། ཆབ་སྲིད་པ་བཅས་ལ་སོ་སོའི་ཐུགས་རྒྱུད་ཀྱི་མཁྱེན་པ་དང་ཉམས་མྱོང་རྣམས་སྤེལ་རེས་གནང་ཡོད།

གོ་ལ་ཧྲིལ་པོའི་གོ་རྟོགས་གོང་སྤེལ་ཐུབ་པར་བོད་ཀྱི་རིག་གཞུང་གིས་ལེགས་སྐྱེས་མུ་མཐུད་འབུལ་ཐུབ་མིན་ནི་སྲོལ་རྒྱུན་གྱི་བོད་པའི་རིག་གཞུང་གི་གྲུབ་ཆ་མཐའ་དག་ལ་སྲེ་ལྷད་མེད་པ་དང་རིག་གཞུང་གཞན་དང་འབྲེལ་གཏུགས་བྱས་པའི་རྒྱུད་རིམ་ཁྲོད་ནས་འཕེལ་འགྱུར་བྱུང་བའི་རྣམ་པ་ཁག་སྲུང་སྐྱོབ་བྱེད་ཐུབ་མིན་ལ་རག་ལས་ཡོད། བོད་ཀྱི་ངག་རྒྱུན་དང་གསུང་རབ་ཀྱི་ཁྱད་ནོར་ལ་མཚོན་ན། སྒྲིག་འཛུགས་དང་ལས་གཞི་མང་པོས་ཕྲ་གཟུགས་སྤྱིན་ཤོག་(microfilming)དང་། འཚག་སེལ་(scanning)བྱེད་པའམ་ཨང་རིམ་སྒྲིག་པ།(digitizing) བོད་ཡིག་དཔེ་དེབ་སོགས་པར་སྐྲུན་དང་དྲ་རྒྱའི་གཉིས་གའི་ནང་བཅུག་ཡོད། གཞན་གྱིས་བོད་པའི་སློབ་དཔོན་རྣམས་ཀྱི་གསུང་ཆོས་དང་སྒྲ་འཇུག་བྱས་ནས་འོད་སྡེར་ནང་ཉན་པ་དང་ལྟ་བ་སོགས་བྱ་རྒྱུ་ཡོད་པ་བཟོས་ཡོད། མ་ཟད་གང་ཟག་སྒེར་པ་དང་ཚོགས་པ་མང་པོས་གསུང་ཆོས་དང་དཔེ་གཞུང་ཁག་ཕབ་སྒྱུར་བྱས་ཏེ་དྲ་རྒྱའི་ཐོག་ཐད་ཀར་ལྟ་ཀློག་ཐུབ་པ་བཟོས་ཡོད། བོད་རིགས་མ་ཡིན་པའི་མི་མང་པོར་སྦྱོང་བརྡར་སྤྲད་དེ་ནང་པ་དང་བོན་པོའི་དགེ་རྒན་ཆགས་ཤིང་། ཁོང་ཚོའི་རྩོམ་རིག་དང་གསུང་ཆོས་ཁག་གིས་རིག་གཞུང་དེར་གོམས་འདྲིས་བདེ་བ་དང་སློབ་གཉེར་གྱི་ལག་ཆ་འཕོ་སྒྱུར་ཕྱིན་ནས་གོ་ལ་ཡོངས་སུ་བོད་ཀྱི་ནང་ཆོས་དང་སེམས་དོན་རིག་པའི་ཤེས་བྱའི་ཐོག་གོ་རྟོགས་སྤེལ་བར་མཐུན་འགྱུར་རོགས་རམ་བྱས་དང་བྱེད་བཞིན་པ་ཡིན།

བྷར་ཛིན་གྱི་ཡིག་མཛོད་ནང་སྐད་རིགས་འདྲ་མིན་ཐོག་རིན་མེད་དུ་བཀོལ་སྤྱོད་ཆོག་པའི་དྲ་ཚིག་ www.berzinarchives.com འདི་བཞིན་གོ་ལ་ཧྲིལ་པོའི་གོ་རྟོགས་གོང་སྤེལ་སླད་དཀའ་ངལ་ཁྱད་གསོད་ཀྱིས་མདུན་སར་ཐོན་བཞིན་མཆིས། ལོ་རེར་དྲ་ཚིག་འདིར་ལྟ་ཀློག་བྱེད་མཁན་ས་ཡ་ཕྱེད་ཀ་ལྷག་ཡོང་ཞིང་། དེའི་ནང་འབུམ་རམས་པ་བྷར་ཛིན་ལགས་ཀྱི་རྩོམ་རིག་དང་། གསུང་ཆོས། བོད་ཀྱི་ཆོས་རྒྱུད་བཞི་དང་འབྲེལ་བའི་ཡིག་སྒྱུར་བྱ་གཞག བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས། བོད་དང་དབུས་ཨེ་ཤི་ཡའི་ལོ་རྒྱུས། བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས། ནང་པ་དང་ཁ་ཆེའི་འབྲེལ་ལམ་སོགས་བཀོད་ཡོད། དེ་བཞིན་༸གོང་ས་༸ཏཱ་ལའི་བླ་མ་མཆོག་དང་། སེར་ཀོང་མཚན་ཞབས་རིན་པོ་ཆེ། དགེ་བཤེས་ངགདབང་དར་རྒྱས་བཅས་ཀྱི་གསུང་ཆོས་དང་བཀའ་སློབ་སོགས་ཡིག་སྒྱུར་ཞུས་ཏེ་ཉར་ཚགས་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༩ ལོ་མཇུག་ཏུ་དབྱིན་ཇི་དང་། ཇར་མན། པོའོ་ལན་ཌི། པོ་ཅུ་གྷལ། སི་པན། ཨུ་རུ་སུ་བཅས་སྐད་རིགས་དྲུག་ནང་རོབ་རྩིས་བྱས་ན་ཁྱོན་བསྡོམས་གསུང་རྩོམ་གྲངས་ ༡༤༠༠ ཙམ་དང་གསུང་ཆོས་གྲངས་ ༧༠༠ ཙམ་དྲ་ཚིག་འདིའི་ནང་བཞུགས་ཡོད། ད་ཆ་རྒྱ་ཡིག་དང་ཧྥ་རན་སི་སྐད་ཡིག་ནང་ཁ་སྣོན་བྱ་རྩིས་ཡོད།

ཆོས་ལུགས་མཐུན་སྒྲིལ་དང་བོད་ཀྱི་རིག་གཞུང་ཤེས་རྟོགས་གོང་སྤེལ་སླད། བྷར་ཛིན་གྱི་ཡིག་མཛོད་འདིའི་ནང་གི་དགོས་མཁོ་ཆེ་བའི་རིགས་རྣམས་ཨ་རབ་དང་ཨུར་ཏུའི་སྐད་ཡིག་ནང་ཡིག་སྒྱུར་བྱས་པ་བརྒྱུད་དམིགས་བསལ་ཁ་ཆེའི་སྤྱི་ཚོགས་ནང་སླེབས་བཞིན་འབྱུང་འགྱུར་པེར་ཤི་ཡ་དང་། ཏུར་ཀི། ཨིན་ཌོ་ནི་ཤི་ཡ་བཅས་ཀྱི་སྐད་ཡིག་ནང་འདོན་འཆར་ཡོད། འདི་ལྟའི་ལམ་གྱི་ཐོག་ནས་བོད་ཀྱི་རིག་གཞུང་ལ་གོ་ལ་ཡོངས་ལ་གོ་རྟོགས་ལེགས་པོ་སྤེལ་ཐུབ་པ་བརྒྱུད་འཛམ་གླིང་སྤྱིའི་ཞི་བདེར་ལེགས་སྐྱེས་འབུལ་ཐུབ་ངེས་ཡིན།།