དྲང་བདེན་དགོས་པ།

གང་ཟག་བྱེ་བྲག་པ་འདུས་པ་ལས་ཚོགས་སྡེ་དང་སྤྱི་ཚོགས་གྲུབ་ཀྱི་ཡོད། འོན་ཀྱང་འགོ་ཁྲིད་ཚོས་སྤྱི་ཚོགས་ནང་ཀུན་སྤྱོད་དང་བཟང་སྤྱོད་ཀྱི་རྩ་དོན་ལ་སེམས་འཁུར་མེད་པར་ཡོང་གི་ཡོད། སྤྱི་ཚོགས་ནང་དངུལ་དང་དབང་ཆ་ཁོ་ན་ལ་སེམས་འཁུར་བྱེད་ཀྱི་ཡོད་པ་དང། དེ་ལྟ་བུའི་སྤྱི་ཚོགས་ལ་བརྟེན་ནས་མི་རྣམས་རང་འགུལ་གྱིས་དངུལ་དང་དབང་ཆའི་གལ་གནད་ལ་བསམ་བློ་རྐྱང་རྐྱང་གཏོང་གི་ཡོད། ང་ཚོས་མི་དེ་ཚོར་སྐྱོན་འཛུགས་བྱེད་མི་ཐུབ། གང་ཡིན་ཟེར་ན། སྤྱི་ཚོགས་ཧྲིལ་པོ་དེ་ལྟར་གྱུར་ཡོད།

ངའི་བསམ་པར། ཆོས་པ་མང་པོ་ཞིག་གིས་དཀོན་མཆོག་དང་སངས་རྒྱས་ལ་ཁ་ཙམ་ཚིག་ཙམ་གྱིས་སྲི་ཞུ་སྒྲུབ་པ་མ་གཏོགས། ཉིན་རེའི་འཚོ་བའི་ཁྲོད་དོན་དངོས་ཐོག་ཁོང་ཚོས་དོ་སྣང་བྱེད་ཀྱི་མེད། ང་ཚོ་ནང་པ་སངས་རྒྱས་པ་ཚོས་སངས་རྒྱས་ལ་སྨོན་ལམ་འདེབས་ཀྱི་ཡོད། འོན་ཀྱང་ང་ཚོའི་ཉིན་རེའི་འཚོ་བའི་ནང་ང་ཚོས་སངས་རྒྱས་ལ་དོ་སྣང་མ་བྱས་པར། དངུལ་དང་། དབང་ཆ། སྙན་གྲགས་བཅས་ལ་ཆགས་ནས་སྡོད་ཀྱི་ཡོད། དེ་ག་རེ་རེད་ཅེ་ན། ངའི་བསམ་པར། ང་ཚོ་ཆོས་པ་ཚོས་ད་དུང་སྐབས་རེ་ཚུལ་འཆོས་བྱ་རྒྱུ་སྦྱོང་གི་ཡོད། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད། འོན་ཀྱང་དོན་དམ་གྱི་བྱ་སྤྱོད་གང་ཡིན་ནམ། ང་ཚོས་གཞན་གྱི་ཐོབ་ཐང་ལ་སུན་སྣང་བྱེད་ཀྱི་མེད། ང་ཚོས་བཀོལ་སྤྱོད་ཙམ་བྱེད་ཅིང་། དེ་ག་ནང་བཞིན་ཆོས་ལུགས་གཞན་དག་མང་པོས་ཀྱང་དཀོན་མཆོག་ལ་སྨོན་ལམ་འདེབས་ནས། “ང་རང་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་ཡིད་ཆེས་ཡོད།” ཅེས་ཟེར་ནའང་།  ང་ཚོས་དཀོན་མཆོག་གི་གསུང་དང་ལམ་སྟོན་ལ་ཉན་གྱི་མེད།

ངས་རྒྱུན་དུ་ངོས་ཀྱི་རྒྱ་གར་གྲོགས་པོ་ཚོ་ལ་ལྟོས་བཅས་ཀྱི་ཆ་ནས་རྒྱ་གར་གྱི་མི་རྣམས་ཆོས་ལུགས་ལ་དད་པ་ཆེ་བ་ཡོད་ཅེས་ཤོད་ཀྱི་ཡོད། ཁོང་ཚོས་ལྷ་དབང་ཕྱུག་དང་། ཚོགས་བདག་སོགས་ལ་སྨོན་ལམ་འདེབས་ཤིང་། ཚོགས་བདག་ལ་གཙོ་བོ་རྒྱུ་ནོར་ཆེད་གསོལ་འདེབས་བྱེད་ཀྱི་ཡོད། དེར་བརྟེན་ཁོང་ཚོ་དངོས་གནས་གསོལ་མཆོད་དང་སྨོན་ལམ་ལ་གོམས་བསྡད་ཡོད། ངའི་བསམ་པར། ཁྱིམ་ཚང་ཚང་མའི་ནང་དཀོན་མཆོག་གི་སྣང་བརྙན་འགའ་རེ་ཡོད་པ་རེད། འོན་ཀྱང་དངོས་ཡོད་ཀྱི་ཉིན་རེའི་འཚོ་བའི་ནང་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་མང་པོ་ལྷག་གི་ཡོད། དེ་ཇི་ལྟར་ཡིན་ནམ། ལྐོག་ཟ་བྱས་ན་འགྲིགས་ཀྱི་རེད་ཅེས་དཀོན་མཆོག་གིས་གསུངས་མེད་ལ་སངས་རྒྱས་ཀྱིས་ཀྱང་གསུངས་ཡོད་མ་རེད། ང་ཚོས་ངེས་པར་དུ་དྲང་བདེན་བྱེད་དགོས། སྔོན་གྱི་སྐྱེས་ཆེན་དམ་པ་སུ་གཅིག་གིས་ཀྱང་། “ག་ཚོད་ཐུབ་ཐུབ་ཀྱིས་བཤུ་བཞོག་གཏོང་། ངས་བྱིན་གྱིས་བརླབ་ཡོང།” ཞེས་གསུངས་མེད། དེ་ལྟར་གསུང་མཁན་དཀོན་མཆོག་གཅིག་ཀྱང་མེད།

གལ་སྲིད་ང་ཚོས་ཁྱད་པར་དུ་འཕགས་པའི་སྐྱེས་ཆེན་སངས་རྒྱས་སམ་ཡེ་ཤུ་མ་ཤི་ཀ། ཡང་ན་མོ་ཧ་མད་སོགས་ཁས་ལེན་བྱས་ན། ངེས་པར་དུ་དྲང་པོ་དང་བདེན་པ་བདེན་ཐུབ་བྱེད་དགོས། དེ་ལྟར་བྱས་ན། རང་གིས་རང་ལ་གདེང་སྤོབས་ཆེ་བ་རྙེད་ཅིང་། “ང་ལ་སྦས་གསང་བྱ་རྒྱུ་གང་ཡང་མེད། ངས་གང་བསམ་པ་བརྗོད་ཐུབ་ལ་དྲང་པོའི་སྒོ་ནས་ལན་གང་ཡིན་རུང་འདེབས་ཐུབ།” ཅེས་དེ་ལྟར་བྱས་ན། གཞན་གྱི་ཡིད་ཆེས་ཐོབ་ཐུབ། དེར་བརྟེན་རང་འདོད་དོན་གཉེར་གྱི་ལྟ་ཚུལ་གྱི་ཐོག་ནས་དྲང་པོ་དང་བདེན་པ་བྱ་རྒྱུ་ནི་ནང་སེམས་ཀྱི་སྟོབས་ཤུགས་དང་རང་གིས་རང་ལ་དེང་ཚོད་ཀྱི་འབྱུང་ཁུངས་ཡིན། མི་ཁ་ཤས་ཕྱི་ཚུལ་ནས་འཛུམ་མདངས་དང་བཅས་སྐད་ཆ་སྙན་པོ་དང་ཡག་པོ་ཤོད་མཁན་ཡོད། འོན་ཀྱང་ཁོང་ཚོའི་ཀུན་སློང་ལ་བལྟས་ན་མི་འདྲ་བ་ཞིག་ཡིདེ་ལྟ་བུའི་རིགས་ལ་ཁྱེད་ཀྱིས་ཡིད་ཆེས་དང་གུས་བཀུར་ཇི་ལྟར་བྱེད་ཐུབ་བམ།  

ནང་ཆོས་ཉམས་ལེན་སྐབས་ལྷག་བསམ་རྣམ་དག་དགོས་པ།

ང་རང་ནང་པ་ཡིན་ཅིང་། ངས་ནང་པའི་ཆོས་གྲོགས་སྤུན་ཟླ་ཚོ་ལ་ཤོད་རྒྱུར། སངས་རྒྱས་པའི་ཆོས་ནི་ལོ་ངོ་ཉི་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་དང་ལྡན་པ་ཞིག་ཡིན་པ་བཤད་མི་དགོས་པ་ཞིག་ཡིན་ནའང། ད་དུང་དེང་དུས་ཀྱི་འཛམ་གླིང་ནང་གལ་གནད་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་རེད། ཚན་རིག་པ་རྩེ་ཕུད་མང་པོས་ད་ཆ་ཉོན་མོངས་ལ་གདོང་ལེན་བྱེད་ཐབས་སྐོར་གྱི་ཐབས་ལམ་དང་གནས་ཚུལ་གང་མང་མང་འཚོལ་སྒྲུབ་བྱེད་འདོད་ཆེན་པོ་སྟོན་གྱི་ཡོད། སངས་རྒྱས་ཀྱི་ཆོས་ནི་དངོས་གནས་ངོ་མཚར་ཕུལ་དུ་བྱུང་བ་ཞིག་ཡིན། འོན་ཀྱང་དགེ་བའི་བཤེས་གཉེན་ནམ་བླ་མ་དང་། སྤྲུལ་སྐུ། སློབ་དཔོན་རྣམས་ཀྱི་སྤུས་ཚད་ཉམས་རྒུད་ཕྱིན་པའི་རྟགས་མཚན་ཡོད་པའི་ཚོར་སྣང་ཞིག་ང་རང་ལ་ཡོང་གི་འདུག །དེའི་ཐད་དངོས་གནས་སེམས་འཁུར་བྱེད་དགོས་བསམ་གྱི་འདུག །གལ་སྲིད་རང་ལ་ཚུལ་ཁྲིམས་དང་ལྡན་པའི་མི་ཚེའི་འགྲོ་ལུགས་ཤིག་མེད་ན། ཁྱེད་ཀྱིས་གཞན་ལ་ཇི་ལྟར་སློབ་ཐུབ་བམ། གཞན་ལ་ལམ་མ་ནོར་བ་སྟོན་པ་ལ། སྔོན་ལ་སོ་སོ་རང་ངོས་ནས་ཡང་དག་པའི་ལམ་དུ་འཇུག་དགོས།

ད་ངའི་བསམ་པར། མཐུན་ཕྱོགས་དང་བཟང་ཕྱོགས་ཀྱི་གནད་དོན་ཚང་མ་བཤད་ཟིན་པ་རེད། བྱས་ཙང་། མི་མཐུན་པའི་ཕྱོགས་ཀྱི་སྐོར་ཤོད་རྒྱུ་གཅིག་པུ་དེ་ལྷག་ཡོད། ང་ཚོས་ངེས་པར་དུ་དོ་དོ་ནན་ཏན་བྱེད་དགོས། ང་རང་ནང་པའི་གྲྭ་པ་ཞིག་ཡིན། ངས་རྒྱུན་དུ་རང་གིས་རང་ལ་ལྟ་ཞིབ་བྱེད་ཀྱི་ཡོད། ཉིན་ལྟར་ཞོགས་པ་མལ་ལས་ལངས་མ་ཐག་རང་སེམས་བཅོས་ཐབས་སུ་སངས་རྒྱས་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་གསུང་འགའ་ཁ་འདོན་བྱེད་ཀྱི་ཡོད། དེ་རྗེས་ཉིན་གཅིག་གི་དུས་ཚོད་ལྷག་མའི་རིང་སངས་རྒྱས་ཀྱི་ལམ་སྟོན་གཞིར་བཟུང་དྲང་བདེན་དང་། བདེན་པ་བདེན་ཐུབ། སྙིེང་རྗེ་ཅན། ཞི་བདེ་དང་ལྡན་པ། འཚེ་བ་མེད་པའི་ལས་སུ་འཇུག་ཐབས་ལ་འབད་དགོས་ཀྱི་ཡོད། དེར་བརྟེན། འདིར་འཛོམས་པའི་ནང་པའི་སྤུན་ཟླ་ཕོ་མོ་ཚང་མས་སངས་རྒྱས་ཀྱི་ཆོས་བཤད་པ་དང་། ཆོས་གོང་མཐོར་གཏོང་བ། ཁྱབ་སྤེལ་གཏོང་བའི་སྐབས། དང་པོ་རང་གི་སེམས་ནང་ཁྱབ་སྤེལ་གཏོང་དགོས་པའི་རེ་བ་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན།

འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མར་ནང་གི་ཞི་བདེ་བསྐྲུན་པའི་ནུས་པ་གཅིག་འགྱུར་ཡོད་པ་བཤད་མི་དགོས་པ་རེད། དེའི་ཐོག་ནས་འཛམ་གླིང་འདི་ལེགས་བཅོས་གཏོང་ཐུབ། དེ་དང་ཆབས་ཅིག་ནང་ཆོས་དང་། གཅེར་བུ་པའི་ཆོས། གྲངས་ཅན་པའི་ཡ་གྱལ་ཞིག་བཅས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི། གང་ཟག་སྒེར་གྱི་གལ་གནད་ལ་ནན་བཤད་བྱེད་པ་དེ་ཡིན། མཐར་ཐུག་གི་ལྟ་ཚུལ་ལམ་རྣམ་གཞག་ནི་སོ་སོ་རང་གིས་བསྐྲུན་པ་དེ་ཡིན་པ་དང་། ང་ཚོས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་བྱེད་ཅིང་། དགེ་བའི་ལས་བྱས་པས་འབྲས་བུ་བདེ་བ་དང་། མི་དགེ་བའི་ལས་བྱས་པ་ལས། འབྲས་བུ་མི་བདེ་བ་ཡོང་གི་ཡོད། དེའི་ཕྱིར་རྒྱུ་འབྲས་ཀྱི་རྣམ་གཞག་ཡོད་པ་ལ་བརྟེན་ནས། གལ་སྲིད་རང་གིས་མི་དགེ་བའི་ལས་བསགས་ན། སངས་རྒྱས་ཀྱིས་སྐྱོབ་མི་ཐུབ། སངས་རྒྱས་ཀྱིས། “ངས་ནི་ཁྱོད་ལ་སྡུག་བསྔལ་ཐམས་ཅད་ལས་ཐར་བའི་ཐར་པའི་ལམ་སྟོན་གྱི་ཡོད། འོན་ཀྱང་ཐར་པ་དེ་སྒྲུབ་ཐུབ་དང་མི་ཐུབ་ནི་སོ་སོ་རང་ཉིད་ལ་རག་ལས་ཡོད། ངས་བྱིན་གྱིས་བརླབས་ནས་ཐར་པའི་ས་ལ་འཁྲིད་མི་ཐུབ།” ཅེས་གསུངས་ཡོད། བྱས་ཙང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ནས་ང་ཚོ་ཐར་པའི་གོ་འཕང་ལ་འཁྲིད་ཀྱི་ཡིན་ཞེས་ནམ་ཡང་གསུངས་མེད།

དེ་འདྲ་སོང་བ་ཡིན་ཙང། ང་ཉིད་རང་གི་མགོན་ཡིན་པ་རེད། ངའི་བསམ་པར། དེ་ལྟ་བུའི་ཆོས་ཚུལ་སྟོན་སྟངས་ནི་ཧ་ཅང་ཕན་རླབས་ཆེན་པོ་ཡོད། ཐམས་ཅད་རང་གི་བྱ་སྤྱོད་ལ་རག་ལས་ཡོད། དགེ་བ་དང་མི་དགེ་བའི་ལས་གང་ཡིན་རུང་ཚང་མ་སོ་སོའི་བསམ་བློ་འཁྱེར་ཕྱོགས་ཀྱི་ཀུན་སློང་ལ་ཐུག་ཡོད། དེར་བརྟེན་སངས་རྒྱས་ཀྱི་ཆོས་ཀྱིས་ནང་སེམས་ཀྱི་ཞི་བདེ་སྐྲུན་པར་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་ཀྱི་རེད་བསམ་གྱི་འདུག

ནང་པའི་ཆོས་སྲོལ་འདྲ་མིན་དབར་མཐུན་སྒྲིལ།

ངས་ཁ་སང་བརྗོད་པ་ནང་བཞིན། འབར་མ་དང་ལོའོ་སུ་དེ་མིན་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་དང་ང་ཚོ་མཇལ་འཕྲད་བྱུང་བའི་སྐབས། སྔོན་མ་ཐེག་དམན་དང་ཐེག་ཆེན། གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་ཐ་སྙད་དེ་དག་གིས་རྐྱེན་པས་མི་རྣམས་ཀྱི་སེམས་ནང་ཐེག་པ་གསུམ་པོ་རྣམས་རྦད་དེ་ཐ་དད་དང་མི་འདྲ་བ་ཡིན་པའི་མཐོང་ཚུལ་བྱིན་ཡོད། དེ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་ཡིན། དེ་རིང་ཞོགས་པ་ངས་མདོར་བསྡུས་ཤིག་ཞུས་པ་ལྟར། གནས་བརྟན་སྨྲ་བའམ་ (ཐེ་ར་ཝཱ་ད་) པཱ་ལིའི་སྲོལ་རྒྱུན་ནི་སངས་རྒྱས་པའི་ཆོས་ཀྱི་གཞི་རྟེན་ཆགས་ཀྱི་ཡོད། དེ་ཡང་འདུལ་བའི་ཉམས་ལེན་དང་ཚུལ་ཁྲིམས་ནི་སངས་རྒྱས་ཆོས་ཀྱི་གཞི་རྟེན་ཡིན་པ་རེད།

སངས་རྒྱས་ཁོང་ཉིད་དང་ཁོང་གི་རྣམ་ཐར་ལ་གཟིགས་དང་། ཁོང་གིས་རང་གི་དབུ་སྐྲ་རང་གིས་བྲེགས་ནས་རབ་ཏུ་བྱུང་བ་རེད། དེ་ནི་ཚུལ་ཁྲིམས་ཀྱི་ཉམས་ལེན་ཡིན། དེ་ནས་ལོ་དྲུག་གི་རིང་སྒོམ་སྒྲུབ་དཀའ་བ་དཔྱད་གནང་བ་ནི་ཏིང་ངེ་འཛིན་གྱི་ཉམས་ལེན་དང་། ལྷག་མཐོང་གི་ཀྱི་ཉམས་ལེན་མཛད་པ་རེད། དེ་ལྟ་བུའི་ལམ་ནས་མཐར་མངོན་པར་རྫོགས་པ་སངས་རྒྱས་པ་རེད། བྱས་ཙང་། བསླབ་པ་གསུམ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ཀྱི་བསླབ་པ་རྣམས་ཡིན། ང་རང་ཚོ་ཁོང་གི་རྗེས་འཇུག་གདུལ་བྱ་རྣམས་ཀྱིས་ཀྱང་ཁོང་གི་ལམ་གྱི་རྗེས་སུ་འཇུག་དགོས། རང་ཁྲིམས་སྲུང་བའི་ཚུལ་ཁྲིམས་དང་འདུལ་བའི་ཉམས་ལེན་མེད་པར། ཞི་ལྷིང་བརྟན་ཚུགས་པའི་ཞི་གནས་དང་ལྷག་མཐོང་ཇི་ལྟར་སྐྱེད་ཐུབ་བམ། ཁག་པོ་རེད། དེར་བརྟེན་པཱ་ལི་སྲོལ་རྒྱུན་གྱི་གཞུང་ནི་སངས་རྒྱས་ཀྱི་ཆོས་ཀྱི་གཞི་རྟེན་དེ་རེད།

དེའི་སྟེང་ངའི་བསམ་པར། ལེགས་སྦྱར་གྱི་གཞུང་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉམས་ལེན་བྱེད་དགོས། དེས་བདེན་པ་བཞིའི་ནང་ནས་གསུམ་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྤངས་པའི་འགོག་བདེན་འཐོབ་པར་ནན་གྱིས་གསུངས་ཀྱི་ཡོད། དེར་འགྲེལ་བ་འཕར་མ་དགོས་རྒྱུ་གལ་ཆེ། འགོག་པ་ཟེར་ན་ག་རེ་རེད། ང་ཚོའི་རྒྱུད་ཀྱི་མ་རིག་པ་མེད་པ་བཟོ་ཐུབ་པའི་སྐོར་སངས་རྒྱས་ཀྱིས་གསུངས་ཡོད། ནམ་ཞིག་ང་ཚོས་རང་རྒྱུད་ཀྱི་མ་རིག་པ་ཡོངས་སུ་མེད་པ་བཟོས་ཐུབ་ན། དེ་ནི་འགོག་བདེན་རེད། དེ་ལ་ཐར་པ་ཟེར། དེ་ནི་འགྲེལ་པ་འཕར་མ་དེ་ཡིན། དེ་ནས་འགོག་བདེན་རྟོགས་པའི་ལམ་སྟེ། བདེན་པ་བཞི་པ་ལམ་གྱི་བདེན་པའི་སྐོར་རྣམས་ཀྱང་འགྲེལ་པ་འཕར་མ་ཞིག་རེད།

དེ་འདྲ་སོང་ཙང་། ཁང་བརྩེགས་དང་པོ་དང་འདྲ་བར། པཱ་ལིའི་གཞུང་ལ་གཞི་བཅོལ་ནས། ལེགས་སྦྱར་གྱི་སྐད་ནང་ཡོད་པའི་སྲོལ་རྒྱུན་རྣམས་བྱུང་བ་ཡིན། ཕྱོགས་གཞན་ཞིག་ནས་དང་པོ་འོག་ཁང་དང་འདྲ་བའི་པཱ་ལིའི་གཞུང་ནང་གི་དགེ་སྦྱོང་གི་ཉམས་ལེན་དང་། སྡོམ་ཁྲིམས་རང་སྲུང་། ཚུལ་ཁྲིམས་བཅས་སྒྲུབ་དགོས། དེ་ནས་ཁང་བརྩེགས་དང་པོ་དང་འདྲ་བའི་ཤེར་ཕྱིན་གྱི་མདོ་དང་། མངོན་པའི་སྡེ་སྣོད། ཕར་ཕྱིན་དྲུག་གམ་བཅུ་སོགས་ཡོང་གི་ཡོད། དེའི་སྒང་ལ་ནང་པའི་གསང་སྔགས་རྡོ་རྗེ་ཐེག་པ་སྟེ། སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པའི་ཆེད་ཞི་གནས་དང་ལྷག་མཐོང་། བྱང་ཆུབ་ཀྱི་སེམས་བཅས་ཀྱི་ཉམས་ལེན་གཞི་ལ་བཞག་ནས་ཡི་དམ་གྱི་ལྷ་དམིགས་རྣམ་དུ་བྱེད་དགོས། བྱས་ཙང་། དེ་དག་ནི་འོག་ཐོག་དང་། ཐོག་བརྩེགས་དང་པོ། ཐོག་བརྩེགས་གཉིས་པ་སོགས་དང་འདྲ་བ་རེད། འོག་ཁང་མེད་པར་གཞན་རྣམས་སྐྲུན་མི་ཐུབ། དེར་བརྟེན་ནང་པའི་སྤུན་ཟླ་ཕོ་མོ་ཚོས་དེ་དག་ངེས་པར་དུ་མཁྱེན་དགོས་པ་ཡིན།

ང་ལ་དབང་ཆ་གང་ཡང་མེད། ངས་རང་ཉིད་སློབ་མ་ཞིག་ཏུ་བརྩི་གི་ཡོད། དུས་ཚོད་ག་དུས་ཐོབ་ཀྱང་རྒྱུན་དུ་སློབ་སྦྱོང་བྱེད་ཀྱི་ཡོད། བོད་རྒྱུད་ནང་བསྟན་ལ་བསམས་ན། གནའ་བོའི་རྒྱ་གར་པཱ་ལི་དང་ལེགས་སྦྱར་སོགས་ཀྱི་སྐད་ཡིག་ནས་བོད་སྐད་དུ་ཆོས་ཀྱི་པོད་གསུམ་བརྒྱ་ལྷག་ཙམ་བསྒྱུར་ཡོད་པ་དང་། འགའ་ཞིག་བལ་པོའི་སྐད་ནས་ཀྱང་བསྒྱུར་ཡོད། དེར་བརྟེན་ངོས་ལ་དུས་ཚོད་ནམ་ཐོབ་ཀྱང་གཞུང་པོད་དེ་དག་ལ་ལྟ་ཀློག་བྱས་ནས་བསམ་བློ་གཏོང་གི་ཡོད། གཞུང་པོད་གསུམ་བརྒྱ་དེ་དག་ལ་ལྟ་ཀློག་རྩ་ནས་བྱས་མྱོང་མེད་པའི་མི་རྣམས་དང་བསྡུར་ན་ངའི་ཤེས་ཚད་ཅུང་ཟད་མཐོ་བ་ཡོད། གཞུང་པོད་དེ་དག་ལ་སློབ་སྦྱོང་བྱས་པའི་ཤེས་ཚད་ལ་གཞི་བཅོལ་ནས་བསླབ་པ་གསུམ་གྱི་ཉམས་ལེན་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན་པར་ངེས་ཤེས་ཆ་ཚང་རྙེད་པ་བྱུང་སོང་།

ཚུལ་དང་མཐུན་པའི་རབ་བྱུང་བྱེད་པ།

ཐོག་མར་ང་ཚོ་ནང་པ་ཚོས་ཐེག་དམན་དང་ཐེག་ཆེན། གསང་སྔགས་རྡོ་རྗེ་ཐེག་པའི་རྗེས་འཇུག་པ་གང་ཡིན་ཀྱང་། ང་ཚོས་སངས་རྒྱས་ཀྱི་རྗེས་འཇུག་ཡང་དག་པ་ཞིག་བྱེད་དགོས། དེ་ཧ་ཅང་གནད་འགག་ཆེན་པོ་ཡིན། གསལ་པོ་བྱུང་སོང་ངམ། སངས་རྒྱས་ཀྱི་རྗེས་འཇུག་ཆགས་པར། གྲྭ་ཆས་གྱོན་པ་ཙམ་དང་དགེ་སློང་གི་ཆས་གོས་གྱོན་པ་ཙམ་གྱིས་འགྲིགས་ཀྱི་མེད་ལ་དེ་དག་ལ་ང་ཚོས་ནང་པའི་རབ་བྱུང་བ་ཞེས་བརྗོད་མི་ཐུབ་ཅིང་། རབ་བྱུང་དང་དགེ་སློང་རྣམ་དག་རེད་ཅེས་འབོད་མི་ཐུབ། ཆས་གོས་བརྗེ་པོ་རྒྱག་པ་ཙམ་ནི་དཔེ་ལས་སླ་པོ་རེད། སངས་རྒྱས་ཀྱི་རྗེས་འཇུག་བཅོས་མ་མ་ཡིན་པའི་རྣལ་མ་ཞིག་ཆགས་པར་ང་ཚོས་སོ་སོའི་སེམས་ནང་འགྱུར་བ་གཏོང་དགོས། དེ་བཞིན་ནང་པའི་རབ་བྱུང་ཚད་ལྡན་ཞིག་ཡོང་བར་ང་ཚོས་ཁྲིམས་རང་སྲུང་བྱེད་དགོས། སྐབས་རེ་ང་ཚོས། “ལས་ཀ་ཁག་པོ་ཚང་མ་སངས་རྒྱས་ལ་བསྐུལ་ནས། རང་ཉིད་རྒྱས་སྤྲོས་ལྡན་པའི་མི་ཚེ་སྐྱེལ་ཆོག་” པ་ལྟ་བུ་བསམ་གྱི་ཡོད། དེ་འདྲ་ཇི་ལྟར་བྱེད་ཕོད་དམ། གལ་སྲིད་ནང་པ་ཞིག་ཡིན་ན། སངས་རྒྱས་ཀྱིས་བསྟན་པའི་ལམ་ལ་འཇུག་ནས་ལོ་དྲུག་དཀའ་བ་དཔྱད་དགོས། ང་ཚོས་ཁོང་གི་དཔེའི་རྗེས་སུ་འབྲང་དགོས།

ད་ངས་ཁ་སང་བརྗོད་པ་ནང་བཞིན། གྲོགས་པོ་ཞིག་གིས་པཱ་ལི་གཞུང་དང་ལེགས་སྦྱར་གྱི་གཞུང་དབར་སྟོང་ཆའམ་སྒྲིབ་བྱེད་ཅིག་ཡོད་པར་བརྗོད་ཀྱི་འདུག །སྟོང་ཆ་དེ་ནི་སུ་གཅིག་ལའང་ཁེ་ཕན་མེད། ང་ཚོས་མཉམ་རུབ་དང་ཕན་ཚུན་ཤེས་བྱ་སྤེལ་རེས་བྱེད་དགོས། ཁོང་ཚོའི་སྲོལ་རྒྱུན་ཁྲོད་ནས་ང་ཚོས་དེ་ལུགས་ཀྱི་སོ་སོར་ཐར་པའི་སྡོམ་པ་སོགས་ཀྱི་སྐོར་སློབ་སྦྱོང་བྱ་རྒྱུ་མང་པོ་ཡོད་ཅིང་། དེ་ག་ནང་བཞིན་ལེགས་སྦྱར་གྱི་སོ་སོར་ཐར་པའི་སྐོར་ལའང་སྦྱོང་རྒྱུ་མང་པོ་ཡོད། དེར་བརྟེན་དུས་སྟོན་མཛད་སྒོ་ཙམ་མིན་པར་རྒྱུན་དུ་ཐུག་འཕྲད་དང་དོ་གལ་ཆེན་པོའི་སྒོ་ནས་ཚོགས་འདུ་ཚོགས་ནས། ཕན་ཚུན་བགྲོ་གླེང་ནན་གཟབ་བྱས་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དེ་གནད་དོན་གཅིག་རེད།

དགེ་སློང་མའི་སྡོམ་པ་བསྐྱར་གསོ་བྱ་རྒྱུའི་གནད་དོན།

ཁྱེང་རང་ཚོས་མཁྱེན་གསལ་ལྟར། དགེ་སློང་མའི་སྡོམ་པ་ཆ་ཚང་ལ་གཞིགས་ན། ཐོག་མ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ནང་དགེ་སློང་མའི་སྡོམ་རྒྱུན་བོད་དང་སོག་པོས་ཉམས་ལེན་བྱེད་པ་དེ་བསྐྱར་གསོ་བྱ་རྒྱུར་ངས་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་ང་ཚོས་འདུལ་བའི་གཞུང་ལ་བརྩི་འཇོག་བྱེད་དགོས། གལ་སྲིད་ང་ལ་སྲིད་དབང་སྒེར་འཛིན་ཞིག་ལྟ་བུའི་དབང་ཆ་དམིགས་བསལ་ཡོད་ན། དེ་ནས་ངས། “ཨོའོ། ཁྱེད་རང་ཚོས་དེ་བྱེད་དགོས་” ཞེས་བརྗོད་ཐུབ། ཡིན་ནའང་ང་ཚོས་དེ་ལྟར་བྱེད་མི་ཐུབ། ང་ཚོས་ངེས་པར་དུ་འདུལ་བའི་གཞུང་དང་མཐུན་པ་འགྲོ་དགོས་ཀྱི་ཡོད། དེ་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དང་། ད་དུང་ཆོས་སྲུང་སྡེ་པའི་གཞུང་དེ་གཉིས་ཤར་ཨེ་ཤི་ཡའི་ནང་ཉམས་ལེན་བྱེད་ཅིང། གནས་བརྟན་སྨྲ་བའི་གཞུང་ལྷོ་ཤར་ཨེ་ཤི་ཡའི་ནང་ཉམས་ལེན་བྱེད་པ་བཅས་ཀྱི་རྗེས་སུ་འབྲང་དགོས།

མཁྱེན་སོང་ངམ། དེ་ནི་ང་ཚོས་གོ་བསྡུར་བྱེད་དགོས་པའི་གལ་ཆེའི་བརྗོད་གཞི་ཞིག་ཡིན། ཐག་གཅོད་བྱ་རྒྱུ་དེ་ངའི་སྟངས་འཛིན་གྱི་ཡུལ་ལས་འདས་པ་ཞིག་རེད། ངོས་ཀྱིས་གང་ཐག་གཅོད་བྱེད་ཐུབ་ཅེ་ན། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བཙུན་མའི་དགོན་སྡེ་ཁག་ཚང་མའི་ནང་དགོན་སྡེ་ཆེ་གྲས་ཀྱི་བཤད་གྲྭའི་ནང་སློབ་གཉེར་བྱེད་པའི་ཚད་གཞི་ལྟར་གཅིག་མཚུངས་སུ་བཙུན་དགོན་དེ་དག་གི་ནང་དུའང་བྱེད་ཐུབ་པར་ངས་ངོ་སྤྲོད་བྱེད་ཐུབ། ད་ལྟའི་ཆར་ང་ཚོར་ནང་པའི་ཆོས་ཀྱི་ཐོག་མཁས་པའི་དགེ་བཤེས་མ་འགའ་ཞིག་ཐོན་བཞིན་ཡོད།

དུས་ནས་དུས་སུ་ང་ཚོས་དགེ་སློང་མའི་སྡོམ་རྒྱུན་སྐྱར་གསོའི་ཐོག་བགྲོ་གླེང་བྱས་ཡོད་པ་དང་། ད་ལྟའང་འབད་བརྩོན་བྱེད་བཞིན་ཡོད། ལའོ་ནང་པའི་གཙོ་འཛིན་དང་དེ་བཞིན་འབར་མའི་ནང་པའི་གཙོ་འཛིན་ལ་རེ་སྐུལ་གྱི་ཡི་གེ་གསར་ཤོས་དེ་ངས་བསྟན་ཡོད། ང་ཚོས་མུ་མཐུད་གོ་བསྡུར་ནན་པོ་བྱེད་ཀྱི་ཡིན། མཐར་ངའི་བསམ་པར། ང་ཚོར་གཅིག་འགྱུར་གྱི་གྲོས་མཐུན་ཞིག་ཡོང་ངེས་རེད།

Top