བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། > ཨན་ཝར་ ས་ཌ་ཊེའི་(Anwar Sadat)ཞི་བདེའི་གསུང་བཤད།

ཨན་ཝར་ ས་ཌ་ཊེའི་(Anwar Sadat)ཞི་བདེའི་གསུང་བཤད།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
ཨ་རི། མ་རི་ལན་ཌི། ཀོ་ལེ་རྗི་པཱག མ་རི་ལན་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོ།
ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༧ ཉིན།
ཨེ་ལེག་ཛན་ཌར་ བྷར་ཛིན་གྱིས་སྒྲིག་སྦྱོར་ཕྲན་བུ་ཞུས།

ངོ་སྤྲོད།

ངས་ནམ་རྒྱུན་མི་མང་ལ་གཏམ་བཤད་བྱེད་པའི་སྐབས་ལམ་ལུགས་སྲོལ་(formality)དེ་འདྲ་མི་དགོས། དོན་དངོས་སུ་ང་ཚོ་ཚང་མ་མི་ཡིན་པ་གཅིག་པ་རེད། མི་ཞིག་ཡིན་པའི་ཆ་ནས་སྐྱེ་བ་དང་འཆི་བ་ནི་ཆོས་ཉིད་ཡིན། དེ་ལ་ལམ་ལུགས་དེ་འདྲ་མི་དགོས། དེ་ལྟར་ང་ཚོ་ཡོང་བ་དང་འགྲོ་གི་ཡོད། དེར་བརྟེན་ངས་གཏམ་བཤད་བྱེད་སྐབས། ཐོག་མར་བརྩེ་བའི་གཅེན་གཅུང་ཚོ། ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་རེད་ཅེས་བཤད་དེ་འགོ་འཛུགས་ཀྱི་ཡོད། ང་ཚོ་ནི་མི་ཐེར་འབུམ་བདུན་ཡོད་པའི་ནང་གི་ཆ་ཤས་ཤིག་ཡིན་ཅིང་། མི་རེ་ངོ་རེས་མི་ཚེ་སྐྱིད་པོ་ཞིག་འདོད་ཀྱི་ཡོད་པ་དང་། དེ་ནི་ཞི་བདེ་དང་ལྡན་པའི་མི་ཚེ་དང་ཧ་ཅང་འབྲེལ་བ་ཉེ་པོ་ཡོད། མི་ཚང་མས་སྡུག་བསྔལ་མི་འདོད་པ་དང་ཚང་མར་དམིགས་ཡུལ་དེ་སྒྲུབ་པའི་རང་དབང་ཡོད། ངའི་བསམ་པར། ཐ་ན་འཛམ་གླིང་ནང་རྙོག་དྲ་ཁོ་ནའི་རྒྱུར་གྱུར་བའི་ལས་བྱེད་མཁན་མི་རྣམས་ཀྱང་། ཞོགས་པ་ལངས་པའི་ཚེ། དེ་རིང་ང་ལ་དཀའ་ངལ་མ་འཕྲད་པ་ཤོག་ཅེས་རེ་བ་བྱེད་པ་ནི་རང་བཞིན་ལྷན་སྐྱེས་ཡིན། མི་ཐེར་འབུམ་བདུན་ཡོད་པའི་ཁྲོད་ནས་ཞོགས་པ་མལ་ལས་ལངས་པ་ཐག་དེ་རིང་ང་ལ་དཀའ་ངལ་མང་བ་འཕྲད་པ་ཤོག་ཅེས་རེ་བ་བྱེད་མཁན་སུ་གཅིག་མེད།

གནད་འགག་ནི་ང་ཚོ་ཚང་མ་མི་ཡིན་པ་གཅིག་པ་རེད། ངས་རྒྱུན་དུ་བརྗོད་པ་བཞིན། སེམས་དང་། མྱོང་ཚོར། ལུས་བཅས་ཀྱི་ཐོག་ནས་ང་ཚོ་ཚང་མ་གཅིག་པ་ཡིན། ལྷག་པར་དུ་ངས་གཏམ་བཤད་བྱེད་སྐབས། མི་རྣམས་ལ་ཉེ་རིང་ཅི་ཡང་མེད་པར་རང་གི་སྤུན་ཟླ་མི་རིགས་ཤིག་ཏུ་བརྩི་གི་ཡོད། གལ་ཏེ་ངས་ང་ནང་པ་ཡིན། ང་བོད་པ་ཡིན། ང་ཏཱ་ལའི་བླ་མ་ཡིན། ང་མི་དམིགས་བསལ་ཞིག་ཡིན་ཅེས་ནན་ཆེར་བརྗོད་ན་བྱབ་ཆུང་རང་རེད། དེ་ལྟའི་བསམ་བློས་འགོག་རྐྱེན་བཟོ་གི་ཡོད། དཔེར་ན་ཤ་མདོག་དང་བཟོ་ལྟའི་ཐོག་ནས་ཁྱད་པར་ལོས་ཡོད། འོན་ཀྱང་བསམ་བློ་གཏིང་ཟབ་པ་བཏང་ན། མྱོང་ཚོར་གྱི་ཆ་ནས་ང་ཚོར་ཁྱད་པར་མེད་ཅིང་། ལས་བཟང་ངན་བྱེད་པའི་ནུས་པ་གཅིག་མཚུངས་ཡོད། སེམས་དང་བློ་གྲོས་ཀྱི་ཐོག་ནས་ཚང་མར་ནུས་པ་གཅིག་མཚུངས་ཡོད། དེར་བརྟེན་འགྲོ་བ་མི་ཞེས་སྐད་ཆ་བཤད་ན་ལེགས་པར་སྙམ།

བདེ་སྐྱིད་ཅེས་པ་གང་ཡིན་ནམ།

མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་སྟབས། དྲི་བ་ནི་བདེ་སྐྱིད་ཅེས་པ་གང་ཡིན་ནམ་ཞེས་པ་འདི་ཡིན། ཡིད་རྟོན་རུང་བ་དང་གཏན་གྱི་བདེ་བ་དངོས་དེ་གང་ཡིན་ནམ། ང་ཚོར་དེར་བསམ་བློ་གཏིང་ཟབ་པོ་གཏོང་དགོས། བདེ་སྐྱིད་དམ་དགའ་ཚོར་ནི་གཙོ་བོ་ང་ཚོའི་དབང་ཤེས་བརྒྱུད་དེ་ཡོང་གི་ཡོད། དཔེར་ན། ཆོས་ཤིག་ཡིད་དུ་འོང་བ་མཐོང་བ་དང་། རྣ་བར་གཏམ་སྙན་པོ་ཐོས་པ། རོའམ་དྲི་ཞིམ་པོ་ཁ་བ་བཅས་ཀྱི་ཐོག་ནས་འདོད་པ་ཚིམས་ཡོང་གི་ཡོད། འོན་ཀྱང་དབང་ཤེས་ཀྱི་མྱོང་བར་བརྟེན་པའི་བདེ་བ་ནི་ཕྱི་ཚུལ་ཙམ་དུ་ཟད། ཇི་སྲིད་དེར་མཐུན་རྐྱེན་འཛོམས་པོ་ཞིག་བྱུང་ན། རང་ལ་དགའ་ཚོར་རམ་བདེ་བ་ཡོང་ཞིང་། དེ་མ་ཐག་སྒྲ་ལྟ་བུའི་བར་ཆད་ཅིག་ཕྲད་ན། བདེ་བ་དེ་ཉམས་འགྲོ་གི་ཡོད། ཡང་ན་མི་རྣམས་ཀྱིས་གཟུགས་མཐོང་བརྙན་འཕྲིན་ལ་བརྟེན་ནས་བདེ་བ་འཐོབ་ཐབས་བྱེད་པ་དང་། དེ་མེད་པའི་སྐབས་སེམས་ནང་ཉོབ་སྣང་སྐྱེ་གི་ཡོད། མི་འགའ་ཞིག་འཛམ་གླིང་གི་ས་ཆ་གང་སར་འགྲུལ་བཞུད་བྱ་རྒྱུར་དགའ་ཞིང་། རྒྱུན་དུ་ས་ཆ་དང་། རིག་གཞུང་། རོལ་མོ། བྲོ་བ་སོགས་གསར་པ་མྱོང་གི་ཡོད། ངའི་བསམ་པར་དེ་ནི་སེམས་ལ་སྦྱོང་བརྡར་བྱས་པ་བརྒྱུད་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ནུས་པ་མེད་པའི་རྐྱེན་གྱིས་རེད་བསམ་གྱི་འདུག

འོན་ཏེ་ལོ་ནས་ལོ་བསྟུད་དབེན་པ་བསྟེན་ནས་མཚམས་སྒྲུབ་བྱེད་མཁན་གྱི་མི་རྣམས་ཀྱིས་དངོས་གནས་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་གྱི་ཡོད། ཐེངས་ཤིག་སྦར་སི་ལོ་ནར་(Barcelona)ངོས་ལ་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་དགེ་འདུན་ཞིག་ཐུག་བྱུང་། ཁོང་གི་དབྱིན་སྐད་དང་ངའི་དབྱིན་སྐད་འདྲ་པོ་ཞེ་དྲགས་འདུག དེར་བརྟེན་ཁོང་དང་མཉམ་དུ་སྐད་ཆ་ཤོད་རྒྱུར་བློ་སྟོབས་བྱུང་། གོ་སྒྲིག་པས་དགེ་འདུན་པ་དེ་ལོ་ལྔ་རིའི་སྟེང་སྒོམ་སྒྲུབ་གནང་སྟེ་བཞུགས་འདུག་ཅེས་གསུངས་བྱུང་། ངས་ཁྱེད་རང་རིའི་སྟེང་ག་རེ་གནང་ནས་བཞུགས་པ་ཡིན་ནམ་ཞེས་བཀའ་འདྲི་ཞུས་སྐབས། ཁོང་གིས་བྱམས་བརྩེའི་ཐོག་སྒོམ་བརྒྱབ་ནས་བསྡད་པ་ཡིན་ཞེས་ལན་གནང་བྱུང་། དེ་གསུང་པའི་སྐབས་ཁོང་གི་སྤྱན་ཟུང་ནས་རྒྱུན་ལྡན་མིན་པའི་རྣམ་པ་ཞིག་མངོན་ཞིང་། སེམས་ཀྱི་ཞི་བདེར་འདོད་པ་ཡོད་པ་བསྟན། དེར་བརྟེན་དེ་ནི་དབང་ཤེས་ཀྱི་མྱོང་བ་ལ་མ་བརྟེན་པར་གཏིང་ཟབ་པའི་རིན་ཐང་གི་ཐོག་ནས་རྒྱུད་དུ་སྐྱེད་པའི་སེམས་ཀྱི་ཞི་བདེའི་དཔེ་མཚོན་གཅིག་ཡིན། རྒྱུན་དུ་བྱམས་བརྩེའི་ཐོག་བསམ་བློ་བཏང་ནས་བཅོས་མིན་གྱི་ཞི་བདེ་བསྐྲུན་གྱི་ཡོད།

དེར་བརྟེན་ད་ཆ་ངས་གཏམ་བཤད་བྱེད་སྐབས། ཕྱི་ལུས་ཀྱི་དགའ་ཉམས་ཆེད་ཕྱི་དངོས་པོའི་ཡར་རྒྱས་གལ་འགངས་ཆེ་ནའང་། ཕྱི་དངོས་པའི་རིན་ཐང་གིས་ནང་སེམས་ཀྱི་དགའ་ཉམས་སྦྱིན་མི་ཐུབ་ཅེས་ངས་རྟག་ཏུ་ནན་བརྗོད་བྱེད་ཀྱི་ཡོད། སྐབས་རེ་མི་རྣམས་ཕྱུག་པོ་ཆགས་སྐབས། འདོད་རྔམ་ཆེ་རུ་འགྲོ་བ་དང་། གནོན་ཤུགས་ཆེ་རུ་འགྲོ་གི་ཡོད། དེའི་འབྲས་བུར་བདེ་བ་མེད་པའི་མི་ཞིག་ཆགས་རྒྱུ་རེད། རྒྱུ་མཚན་དེ་བས་ན་མི་ཚེ་སྐྱིད་པོ་ཞིག་ཡོང་བར། ཕྱི་དངོས་པོའི་དཔལ་འབྱོར་གཅིག་པུར་ཡིད་ཆེས་བྱེད་མི་ཉན། དངོས་པོའི་མཐུན་རྐྱེན་གལ་ཆེན་པོ་ཡིན། འོན་ཀྱང་དེ་དང་མཉམ་དུ་ང་ཚོས་ནང་སེམས་ཀྱི་རིན་ཐང་ལ་དོ་ནན་པོ་བྱས་ཏེ་བལྟ་དགོས། ང་ཚོ་ཆོས་ཁས་ལེན་མཁན་ཡིན་མིན་ལ་མ་ལྟོས་པར། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པས། ནང་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཡིན།

སེམས་ཀྱི་ཞི་བདེ་དང་ལུས་ཀྱི་འཕྲོད་བསྟེན།

ཚན་རིག་པ་ཁ་ཤས་ཀྱིས་སོ་སོའི་རྙེད་དོན་ལ་གཞིགས་ཏེ། སེམས་ནང་གནོན་ཤུགས་ཧ་ཅང་ཆེ་བས་ཁྲག་ཤེད་དང་གཞན་ལ་དཀའ་ངལ་བཟོ་ཚུལ་བརྗོད་ཀྱི་ཡོད། དེ་བཞིན་གསོ་བ་རིག་པའི་སྨན་པ་ཁ་ཤས་ཀྱིས། སེམས་ནང་རྒྱུན་དུ་དངངས་སྐྲག་དང་། ཁོང་ཁྲོ། ཞེ་སྡང་ཡོད་པས་ང་ཚོའི་ནད་འགོག་མ་ལག་ཟད་འགྲོ་ཚུལ་བརྗོད། དེར་བརྟེན་འཕྲོད་བསྟེན་ཡག་པོ་ཡོང་བའི་རྐྱེན་གཙོ་བོ་ཞིག་ནི་སེམས་ཀྱི་ཞི་བདེ་ཡིན། གང་ཡིན་ཞེ་ན། སེམས་དང་ལུས་ཀྱི་འཕྲོད་བསྟེན་གཉིས་ནི་ཕན་ཚུན་ཧ་ཅང་འབྲེལ་བ་ཉེ་པོ་ཡོད། ངོས་རང་གི་ཉམས་མྱོང་ལ་མཚོན་ན། ལོ་གཉིས་ཀྱི་སྔོན་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། གསར་འགོད་པ་གཅིག་གི་ངའི་ཡང་སྲིད་སྐོར་ལ་སྐད་ཆ་དྲིས་བྱུང་། ངས་བསྟན་བཤིག་གི་ཚུལ་དུ་ཁོང་ལ་བལྟས་ནས། ངའི་མིག་ཤེལ་མར་ཕུད་དེ། ངའི་གདོང་ལ་བལྟས་ན། ཡང་སྲིད་བྲེལ་བ་འདུག་གམ་མི་འདུག་ཅེས་ཁོང་ལ་སྐད་ཆ་དྲིས་པ་ཡིན། ཁོང་གིས་བྲེལ་བ་མི་འདུག་ཅེས་བརྗོད་ཀྱི་འདུག

ཉེ་ཆར་ང་ཡུ་རོབ་ཏུ་འགྲོ་སྐབས། གྲོགས་པོ་རྙིང་པ་འགའ་ཞིག་གིས་ང་ལོ་ཉི་ཤུ་དང་། སུམ་ཅུ། བཞི་བཅུའི་སྐབས་ཀྱི་པར་རྣམས་བསྡུར་རྗེས་མི་ཚང་མས་ངའི་ངོ་གདོང་ནས་ད་དུང་གཞོན་ཉམས་མངོན་གྱི་འདུག་ཟེར་གྱི་འདུག ངའི་མི་ཚེའི་ནང་ངས་དཀའ་ངལ་གྱི་ཁེངས་པའི་གཉན་འཕྲང་ཅན་གྱི་དུས་ཚོད་ཤ་སྟག་འགྲིམས་ནས་ཡོང་པ་ཁྱེད་རང་ཚོས་ཕལ་ཆེར་མཐོང་ཐུབ་ཅིང་། སེམས་ཁྲལ་དང་། སེམས་སྡུག ཁེར་རྐྱང་གི་ཚོར་བ་སྐྱེ་བའི་རྐྱེན་ཧ་ཅང་མང་པོ་ཕྲད། འོན་ཀྱང་ངའི་བསམ་པར་རང་གི་སེམས་ཀྱི་གནས་སྟངས་ལྟོས་བཅས་ཀྱིས་ཞི་བདེས་ཁེངས་ནས་ཡོད། སྐབས་རེ་ང་རང་རླུང་ལངས་པ་བྱུང་ཡོད་ནའང་། རྩ་བའི་ཆ་ནས་ངའི་སེམས་ཀྱི་གནས་སྟངས་ནི་ཅུང་ཞི་འཇམ་པོ་ཡོད།

དེ་བཞིན་དངུལ་མང་པོ་བྱུག་རྫས་ཐོག་གཏོང་མཁན་བུད་མེད་ཚོར་ངས་རྩེད་མོ་ཞིག་རྩེ་འདོད་བྱུང་། དང་པོ་སོ་སོའི་ཁྱོ་གས་ཧ་ཅང་གོང་ཆེན་པོ་འདུག་ཅེས་རྙོག་དྲ་ཤོད་སྲིད། གང་ལྟར་ཡང་ཕྱི་ལུས་ཀྱི་མཛེས་ཉམས་གལ་ཆེ་ནའང་། དེ་ལས་ནང་སེམས་ཀྱི་མཛེས་ཉམས་གལ་ཆེ་བ་ཡིན། རང་ལ་གདོང་པ་མཛེས་པོ་ཞིག་ཡོང་སྲིད། འོན་ཀྱང་མདོག་ཉེས་པོ་ཡོད་ཀྱང་བཅོས་མིན་གྱི་འཛུམ་མདངས་དང་བརྩེ་བའི་ཉམས་ཤིག་ཐོན་ན་བྱུག་རྫས་མེད་ནའང་སྙིང་རྗེ་པོ་མཐོང་བ་ཡོད། དེ་ནི་མཛེས་ཉམས་དངོས་གནས་དེ་རེད། རིན་ཐང་ངོ་མ་དེ་ང་ཚོའི་རྒྱུད་ལ་ཡོད། ཕྱིའི་མཐུན་རྐྱེན་ལ་འགྲོ་སོང་མང་པོ་གཏོང་དགོས་ཤིང་རྒྱུན་དུ་ག་ཚོད་བྱུང་ཀྱང་དེ་ལས་མང་བ་དགོས་འདོད་ཡོང་གི་ཡོད། འོན་ཀྱང་ནང་སེམས་ཀྱི་ཞི་བདེར་འགྲོ་གྲོན་གཏོང་མི་དགོས། ནང་སེམས་ཀྱི་རིན་ཐང་དེ་དག་ལ་བསམས་ནས་གོམས་འདྲིས་བསྟེན་ཐབས་བྱས་ན། རིམ་གྱིས་ཉོན་མོངས་རྣམས་ཤུགས་ཆུང་དུ་འགྲོ་ངེས་ཡིན། དེ་ལ་བརྟེན་ནས་ནང་སེམས་ཀྱི་ཞི་བདེ་སྒྲུབ་ཐུབ།

གཞན་གྱི་བདེ་དོན་ལ་བཅངས་པའི་སྙིང་རྗེའི་སྤྱོད་ཚུལ་ལམ་སེམས་ཁུར་གྱི་ཚོར་བས་རང་གིས་རང་ལ་གདེང་སྤོབས་བསྐྲུན་གྱི་ཡོད། རང་ལ་གདེང་སྤོབས་བྱུང་ན། རང་གི་བྱ་གཞག་ཚང་མ་ངོ་ལྐོག་མེད་པ་དང་། ཡིད་ཆེས་བརྟན་པོ། དྲང་པོ་དྲང་བཞག་ངང་ལེགས་གྲུབ་ཡོང་ཐུབ། དེ་ལ་བརྟེན་གཞན་ལ་ཡིད་ཆེས་སྟེར་ཐུབ་པ་དང་ཡིད་ཆེས་ནི་མཛའ་འབྲེལ་གྱི་གཞི་རྟེན་ཡིན། ང་ཚོ་མི་རྣམས་ཀྱང་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་སྟབས་ང་ཚོར་གྲོགས་པོ་དགོས། གྲོགས་པོ་ནི་མཐའ་གཅིག་ཏུ་དབང་ཆའམ་དངུལ། ཡང་ན་ཤེས་ཡོན་ནམ་ཤེས་བྱ་བཅས་ལ་བརྟེན་ནས་མི་འབྱུང་བར་རྒྱུ་རྐྱེན་གཙོ་བོ་ཡིད་ཆེས་ཡིན། དེར་བརྟེན་གཞན་གྱི་བདེ་དོན་ལ་སེམས་ཁུར་དང་གུས་བརྩིའི་ཚོར་བ་ནི་གྲོས་མོལ་གྱི་རྨང་གཞི་ཡིན།

ཨན་ཝར་ ས་ཌ་ཊེའི་ཞི་བདེའི་གསུང་བཤད།

ངས་ངེས་པར་དུ་བརྗོད་དགོས་པ་ཞིག་ལ་ཨན་ཝར་ ས་ཌ་ཊེའི་ཞི་བདེའི་གཏམ་བཤད་འདི་བྱེད་ཐུབ་པར་ང་རང་དངོས་གནས་དགའ་པོ་བྱུང་ལ་གཟི་བརྗིད་ཆེ། སྲིད་འཛིན་ཞིག་ཡིན་པའི་ཆ་ནས་ཁོང་གིས་འཛམ་གླིང་འདིའི་ནང་ཞི་བདེ་བསྐྲུན་ཆེད་ཐག་ཆོད་པ་དང་བློ་ཁོག་ཆེན་པོས་མདུན་སྐྱོད་གནང་སྐབས། ང་རང་རྒྱང་རིང་ནས་ཡིད་སྨོན་བྱེད་མཁན་ཞིག་ཏུ་གྱུར། དེ་རིང་ཁོང་གི་ཡུགས་མོ་ཐུག་པར་ཧ་ཅང་དགའ་པོ་བྱུང་བ་དང་། ཁོང་གི་ཁྱོ་ག་འདས་པོར་ཡི་རང་ཆེན་པོ་ཡོད་སྐོར་བརྗོད་པ་སོགས་སྐལ་བ་བཟང་པོ་བྱུང་། གལ་སྲིད་ཁོ་པའི་སེམས་ནང་དོགས་པའམ་ཞེ་སྡང་སོགས་ཉར་ཡོད་ན། དེ་ལྟའི་བློ་སྟོབས་བྱུང་རྒྱུ་ཧ་ཅང་ཁག་པོ་རེད། བསམ་བློ་གཏོང་སྟངས་རྒྱ་ཆེ་ས་ཞིག་དང་དོན་དངོས་དང་མཐུན་པའི་ཐོག་ནས་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་བལྟ་བ་ནི་ལེགས་ཤོས་ཡིན་ཏེ། སོ་སོའི་དགྲ་དང་མཉམ་དུ་མཐུན་པོ་དང་། སྐད་ཆ་ཤོད་པ། ལག་པ་གཏོང་བ་སོགས་བྱེད་ཐུབ་ཅིང་། མཐུན་ཆོས་དང་མི་མཐུན་པའི་ཆོས་མང་པོ་ཞིག་ལ་བསམ་བློ་གཏོང་ཐུབ།

མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་ལམ་དཀའ་ངལ་བཟོ་མཁན་གྱི་འཚེ་བའི་ལས་མི་འདོད། འཚེ་བའི་བྱ་སྤྱོད་ཀྱི་རྣམ་པ་སྡུག་ཤོས་ནི་སྔོན་དཔག་མི་ཐུབ་པ་དེ་ཡིན། སོ་སོའི་སེམས་ནང་ཀུན་སློང་ངམ་དམིགས་ཡུལ་བཟང་པོ་ཡོད་ཀྱང་། འཚེ་བའི་ལས་ཤིག་བརྩམས་ཟིན་ན། ཐབས་ལམ་འཚེ་བ་ཡིན་པས་དེའི་འབྲས་བུ་མི་བཟོད་པ་མྱོང་དགོས། དེ་ག་དུས་ཡིན་ཀྱང་ཡོང་གི་ཡོད། དེར་བརྟེན་ངས་འདིར་ཁོང་གི་མཚན་ཐོག་ནས་སྐད་ཆ་དེ་དག་བཤད་རྒྱུ་བྱུང་བས་གཟི་བརྗིད་ཆེ་བས། གཙུག་ལག་སློབ་གྲྭ་དང་འབྲེལ་ཡོད་མི་རྣམས་ལ་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་བ།

ངས་གཏམ་བཤད་བྱེད་སྐབས་རིམ་པོ་དང་པོ་རང་ཉིད་འགྲོ་བ་མི་ཞིག་ཡིན་པར་བསམ་བློ་གཏོང་གི་ཡོད། ཆོས་ཁས་ལེན་མཁན་ཡིན་རུང་མིན་རུང་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། དེའི་ཐོག་གཞི་བཞག་སྟེ་ངས་ནང་སེམས་ཀྱི་ཞི་བདེའི་ཐོག་སྐད་ཆ་ཤོད་ཀྱི་ཡོད། རིམ་པ་གཉིས་པར་བསམ་བློ་བཏང་ན། ང་ནང་པ་ཞིག་རེད། ངའི་དམ་བཅའ་གཅིག་ནི་ཆོས་ལུགས་ཀྱི་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཁྲོད་སྡེ་ཚན་གཉིས་ཡོད་དེ། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གཉིས་ཡིན། དེ་དག་ནི་གཞི་རྩའི་ཁྱད་པར་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ནང་དུའང་། སྐྱེ་བ་སྔ་ཕྱིར་ཡིད་ཆེས་ཡོད་མེད་ཀྱི་ཁྱད་པར་ཡོད། དེར་བརྟེན་ཧིན་དུའི་སྲོལ་རྒྱུན་ནང་མཐར་གཏུགས་ན་འཇིག་རྟེན་བཀོད་པ་པོ་ཞིག་ཡོད། འོན་ཀྱང་ལས་རྒྱུ་འབྲས་འདོད་པས་སྐྱེ་བ་སྔ་ཕྱི་ཁས་ལེན། ཐ་ན་ཡི་ཤུ་དང་ཁ་ཆེའི་བར་དུའང་ཁྱད་པར་ཕྲན་བུ་ཡོད་དེ། དཀོན་མཆོག་གཅིག་དང་། དཀོན་མཆོག་ཙམ། ཡི་ཤུའི་ཆོས་ལུགས་ཀྱིས་འདོད་པའི་ཡབ་དང་། སྲས། དམ་པའི་ཐུགས་བཅས་གསུམ་འདུས་གྱི་ངོ་བོ་སོགས་ལྟ་བུའོ།

གནའ་བོའི་ཧིན་དུའི་སྲོལ་རྒྱུན་ནང་། ཉུང་མཐར་ལོ་ངོ་སྟོང་ཕྲག་གསུམ་རིང་འཇིག་རྟེན་བཀོད་པ་པོའི་རྣམ་གཞག་འདོད་ཀྱི་མེད། དེའི་འཇུག་འབྲས་ལྟ་བུར་གཅེར་བུ་པ་དང་ནང་པས་ཀྱང་དེ་འདོད་ཀྱི་མེད། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་སྲོལ་རྒྱུན་དེ་དག་ནང་། རྟག་གཅིག་རང་སྐྱ་ཐུབ་པའི་གང་ཟག་གི་བདག་འདོད་མི་འདོད་ཀྱི་ཆ་ནས་ཁྱད་པར་ཡོད།

ལྟ་གྲུབ་མི་འདྲ་བ་དེ་དག་གི་དགོས་དོན་ཅི་ཡིན་ནམ་ཞེ་ན། བསམ་ཤེས་ཅན་དང་སྙིང་རྗེ་ཆེ་བའི་གང་ཟག་ཅིག་ཆགས་པའི་ཐབས་ལམ་མི་འདྲ་བ་ཡོད། དེ་འདྲ་སོང་ཙང་ཆོས་ལུགས་སོ་སོས་བྱམས་བརྩེ་དང་། སྙིང་རྗེ། བཟོད་པ། བཟོད་གསོལ་བཅས་ཀྱི་བསླབ་བྱ་རྒྱག་གི་ཡོད། དཀའ་ངལ་དང་ཁོང་ཁྲོའི་རྒྱུ་མང་པོ་ཡོད་པས་བཟོད་གསོལ་དང་བཟོད་པ་སྟོན་མཁན་གྱི་བསླབ་བྱ་དེ་དག་ཉམས་ལེན་བྱེད་དགོས། བཟོད་པས་ཁོང་ཁྲོར་གཉེན་པོ་བྱེད་པ་དང་། བཟོད་གསོལ་གྱི་ཞེ་སྡང་གི་གཉེན་པོ་བྱེད།

དེར་བརྟེན་ཆོས་ལུགས་ཆེ་ཁག་ཚང་མས་བསླབ་བྱ་གཅིག་མཚུངས་རྒྱག་ཅིང་བྱམས་བརྩེའི་རིན་ཐང་གསུང་ནས་ཞི་བདེ་བསྐྲུན་པའི་ནུས་པ་གཅིག་མཚུངས་ཡོད། ཞི་བདེ་ནི་མཐུར་ཐུག་ཞེ་སྡང་དང་ཁོང་ཁྲོ་མེད་པ་བཟོ་བྱེད་སྙིང་རྗེ་དང་འབྲེལ་བ་དམ་པོ་ཡོད་པ་གསལ་པོ་ཡིན། ཁྱིམ་ཚང་ཞིག་དང་མི་བྱེ་བྲག་པ་ཞིག་གི་ཐོག་ནས་བཤད་ཀྱང་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེའི་ཐོག་ནས་ཡོང་དགོས། ནང་སེམས་ཀྱི་ཞི་བདེའི་འབྱུང་ཁུངས་ནི་སྙིང་རྗེ་དང་བཟོད་གསོལ་ཡིན། ཆོས་ལུགས་ཀྱི་སྲོལ་རྒྱུན་ཚང་མར་ཞི་བདེ་དང་ལྡན་པའི་འཛམ་གླིང་འདི་དང་། ཞི་བདེ་དང་ལྡན་པའི་ཁྱིམ་ཚང་། ཞི་བདེ་དང་ལྡན་པའི་མི་ཞིག་བཟོ་རྒྱུར་ནུས་པ་གཅིག་པ་ཡོད།

དེས་ན་ལྟ་གྲུབ་མི་འདྲ་དེ་དག་གི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། མི་རྣམས་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་ཅིང་། ཁ་ཤས་ལ་འཇིག་རྟེན་བཀོད་པ་པོ་འདོད་པའི་ཆོས་ལུགས་ཕན་ནུས་ཆེ་བ་དང་། ཁ་ཤས་ལ་དེ་མི་འདོད་མཁན་གྱི་ཆོས་ལུགས་ཕན་ཐོགས་ཆེ། དེ་ནི་སྨན་སྣ་ཚོགས་པ་དང་འདྲ་པོ་ཡོད། སྨན་གྱི་རྒྱུ་ཆ་མི་འདྲ་བ་སྣ་ཚོགས་ཡོད་སྲིད་ཀྱང་། ཚང་མའི་དམིགས་ཡུལ་ནི་ནད་གཞི་བཅོས་རྒྱུ་དེ་ཡིན། ལུས་ཀྱི་གནས་སྟངས་དང་ལོ་ཚོད་མི་འདྲ་བའི་རྐྱེན་གྱིས་ན་ཚ་མི་འདྲ་བ་ཡོང་གི་ཡོད་པས། དེ་ལ་དཔག་ནས་སྨན་མང་པོ་དགོས། དེ་ག་ནང་བཞིན་སེམས་ཀྱི་སྨན་ཡང་མི་འདྲ་བ་དགོས། དེར་བརྟེན་ཆོས་ལུགས་ཆེ་ཁག་ཚང་མར་ནུས་པ་དང་དམིགས་ཡུལ་གཅིག་མཚུངས་ཡོད། དེས་ན་མི་ཐེར་འབུམ་བདུན་ཡོད་པར་ཧ་ཅང་རན་པོ་ཡོད།

སེམས་ཁམས་མི་འདྲ་བར་ཐབས་ལམ་མི་འདྲ་བ།

ནང་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་གསལ་པོ་ཡིན། ཁོང་གིས་ཀྱང་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་མང་པོ་གསུངས་ཡོད། རྒྱུ་མཚན་ག་རེ་རེད། གང་ཡིན་ཞེ་ན། རྗེས་འཇུག་གདུལ་བྱ་རྣམས་ལ་ཁམས་དང་མོས་མི་གཅིག་པ་མང་པོ་ཡོད་པ་དང་། དེར་བརྟེན་སྲོལ་རྒྱུན་གཅིག་གི་ནང་དུའང་ཐབས་ལམ་སྣ་ཚོགས་པ་དགོས་གལ་ཆེ། ས་བབས་གནས་སྟངས་ཀྱི་ཆ་ནས་ཁོར་ཡུག་མི་འདྲ་བའི་ནང་མི་ཚེ་སྐྱེལ་སྟངས་མི་འདྲ་བར་འཚོ་སྡོད་བྱེད་མཁན་མི་ཐེར་འབུམ་ཁ་ཤས་ཡོད་ཅིང་། དེ་དག་ལ་ཁམས་དང་མོས་མི་འདྲ་བ་ཡོད་པས་ཐབས་ལམ་མི་འདྲ་བ་དགོས་ཀྱི་ཡོད། ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེ་དང་། སྙིང་རྗེ། བཟོད་གསོལ་བཅས་དགོས་སྐོར་བསླབ་བྱ་གཅིག་མཚུངས་རྒྱག་པ་ཤེས་པ་ནི་གཉིས་མོས་ཀྱི་གུས་བརྩི་སྦྱོང་བའི་རྨང་གཞི་ཡིན། གཉིས་མོས་ཀྱི་གུས་བརྩི་སྦྱངས་པ་དང་ཕན་ཚུན་གཅིག་གིས་གཅིག་ལས་བློ་སྐྱེད་ལེན་ཐུབ་པ་ཡོང་ཞིང་། དེ་ལ་བརྟེན་ནས་སོ་སོའི་ཆོས་ལུགས་ཕྱུག་ཏུ་གཏོང་གི་ཡོད།

ང་རང་སྒེར་གྱི་ཉམས་མྱོང་ལ་གཞིགས་ན། ཡི་ཤུ་དང་། ཁ་ཆེ། འཇེའུ། ཧིན་དུ་བཅས་ཐུག་འཕྲད་བྱུང་བའི་ཉེར་ལེན་ལ་བརྟེན་ནས་གསར་པ་མང་པོ་སྦྱངས་ཐུབ་བྱུང་། དེ་ལ་བརྟེན་ནས་རང་གི་ཉམས་ལེན་ཕུན་སུམ་ཚོགས་སུ་འགྲོ་གི་འདུག དེར་བརྟེན་གཉིས་མོས་ཀྱི་གུས་བརྩི་དང་ཡི་རང་ལ་གཞི་བཞག་པའི་སྟེང་ནས་ཆོས་ལུགས་ནང་ཁུལ་བར་ཁ་ཞེ་གཉིས་མེད་ཀྱི་མཛའ་འབྲེལ་གོང་མཐོར་གཏོང་ཐུབ་པ་སྲིད། བྱས་ཙང་ངའི་དམ་བཅའ་གཉིས་པ་ནི་ཆོས་ལུགས་ནང་ཁུལ་བར་མཛའ་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན།

ང་ཚོའི་ཉིན་རེའི་མི་ཚེའི་ནང་སེམས་ཀྱི་རིན་ཐང་ལག་བསྟར་བྱེད་པ།

ངས་གོང་དུ་ཞུས་པ་བཞིན། དེ་རིང་འདི་གར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཆབས་ཅིག་ང་ཚོས་ཨན་ཝར་ སཱ་དཱ་དམ་པ་ཁོང་གི་སྐོར་སྐད་ཆ་ཤོད་ཀྱི་ཡོད་པས། ང་ཚོས་ངེས་པར་དུ་ཁོང་གི་ཆེ་བ་དྲན་པ་ཙམ་མིན་པར་ཆེ་བ་དེ་དག་སོ་སོའི་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་དགོས། ཁོང་གི་གྲོས་མོལ་གྱི་སྙིང་སྟོབས་ནང་། དཀའ་ངལ་ག་ཚོད་ཕྲད་ཀྱང་གང་ཡང་མེད། སྐད་ཆ་བཤད་དེ་དཀའ་ངལ་སེལ་ཐབས་བྱ་རྒྱུ་གལ་ཤིན་ཏུ་ཆེ་ཞེས་གསུངས་ཡོད། སྤྱིར་བཏང་དུས་རབས་ཉི་ཤུ་པ་ནི་འཚེ་བའི་དུས་རབས་ཤིག་ཏུ་ཕྱིན་པ་རེད། འོན་ཀྱང་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་སྒྱུར་ཐུབ་པ་བྱེད་དགོས་ཞེས་ངས་རྒྱུན་དུ་བཤད་ཀྱི་ཡོད། དེ་ལྟར་བརྗོད་དུས་དཀའ་ངལ་གཅིག་ཀྱང་མི་འཕྲད་པའི་དོན་མིན། གང་ཡིན་ཟེར་ན་དཀའ་ངལ་ནི་རྟག་ཏུ་འཕྲད་སྲིད། ཞི་བདེའི་དུས་རབས་ཤིག་སྒྱུར་དགོས་ཞེས་བརྗོད་པའི་དོན་ནི། ང་ཚོས་སོ་སོའི་དཀའ་ངལ་སེལ་ཆེད་ཞི་བདེ་དང་གྲོས་མོལ་ལ་བརྟེན་པའི་ཐབས་ལམ་ཞིག་ཡར་རྒྱས་གཏོང་དགོས།

ང་འདིར་མ་སླེབས་གོང་མངའ་སྡེའི་སྤྱི་ཁྱབ་ཀྱི་བུ་ཐུག་བྱུང་། ངས་ཁོང་ལ་ཞུས་དོན་ང་དང་མི་རབས་གཅིག་པའི་དུས་རབས་ཉི་ཤུ་པའི་གཅེན་གཅུང་མང་པོ་ཞིག་ཕྱིན་ཟིན། ང་ཚོ་ནི་འགྲོ་རྒྱུར་གྲ་སྒྲིག་ཟིན་ནས་ཡོད། དེར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ལོ་ན་བཅོ་ལྔ་ནས་སུམ་ཅུ་མན་ཆད་ཀྱི་མི་རབས་རྣམས་དོན་དམ་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཡིན། དུས་རབས་འདི་ནང་ནས་ལོ་ངོ་བཅུ་ཕྲག་དགུ་ཙམ་མ་གཏོགས་ལྷག་མེད་ཅིང་། མི་རབས་གསར་པ་ཚོས་དུས་ཚོད་ལྷག་མ་དེ་དག་སྐྱེལ་དགོས། བྱས་ཙང་འཛམ་གླིང་འདི་གསར་པ་ཞིག་དང་། ལེགས་པ། བདེ་སྐྱིད་དང་ལྡན་པ་ཞིག་བཟོ་རྒྱུར་ཁྱེད་རང་ལའང་གོ་སྐབས་དང་ལས་འགན་ཡོད་ཅེས་བཤད་པ་ཡིན། དེ་ནི་འགྲོ་བ་མི་ཚང་མ་གཅིག་པ་ཡིན་པར་ཡིད་ཆེས་བརྟན་པོ་ཞིག་རྙེད་པའི་ཐོག་ནས་ལེགས་གྲུབ་ཡོང་ཐུབ།

ཆོས་ལུགས་སམ་མི་རིགས་ཀྱི་གནས་སྟངས་མི་འདྲབ་དེ་རིམ་པ་གཉིས་པ་ཞིག་ཡིན་ཅིང་དེ་ཙམ་གལ་ཆེན་པོ་མ་ཡིན། ང་ཚོས་རིམ་པ་གཉིས་པ་དེའི་ཐོག་དོ་ནན་ཤུགས་ཆེན་པོ་བྱས་ཏེ་འགྲོ་བ་མི་གཅིག་གྱུར་ཡིན་ཚུལ་གཏིང་བརྗེད་དུ་སོང་བ་ལ་བརྟེན་དཀའ་ངལ་ཡོང་གི་ཡོད། ང་ཚོས་བསམ་བློ་རྒྱ་ཆེ་ས་ནང་གཏོང་དགོས། དང་པོ་ང་ཚོས་འགྲོ་བ་མི་གཅིག་གྱུར་ཡིན་པར་བསམ་བློ་གཏོང་དགོས། དེང་སང་འཛམ་གླིང་གི་དཀའ་ངལ་ཞིག་ནི་གོ་ལའི་ཚ་དྲོད་འཕེལ་བ་དེ་ཡིན་ཅིང་། གོ་ལའི་དཔལ་འབྱོར་གྱིས་རྒྱལ་ཁབ་ཀྱི་ས་མཚམས་དང་ཆོས་ལུགས་ཀྱི་ཁྱད་པར་རྣམས་སྐབས་དོན་དང་འབྲེལ་མེད་ཡིན་ཚུལ་བསྟན། དེར་བརྟེན་མི་རབས་གསར་པ་ཚོས་གོ་ལ་ཡོངས་ཀྱི་རིམ་པའི་ཐོག་ནས་འགྲོ་བ་མི་རིགས་རྣམས་གཅིག་གྱུར་ཡིན་པའི་ཐོག་ལ་བསམ་བློ་མང་ཙམ་གཏོང་དགོས། རིམ་པ་གཉིས་པ་དེའི་ཐོག་ལ་རིག་པ་བསྒྲིམས་ནས་འཕྲལ་གྱི་ཁེ་ཕན་ཕྲན་བུ་ཞིག་ལ་ཆགས་ཏེ་གཅིག་གྱུར་གྱི་གནས་བབས་དེ་བློས་གཏོང་བྱས་ན་བྱུས་ཉེས་ཆེན་པོ་ཡིན། མཐར་དུས་རབས་འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་སླད་ལྟ་ཚུལ་ཡང་དག་པ་ཞིག་གཏོད་དགོས། དེའི་ཐོག་ནས་གོ་ལ་ཧྲིལ་པོར་དམག་ཤུགས་མེད་པ་བཟོ་ཐུབ་སྲིད། དེ་ནི་སྲིད་པ་ཡིན། དེར་བརྟེན་དེའི་ཐད་བསམ་བློ་མང་ཙམ་གཏོང་རོགས་གནང་།

ཐུགས་རྗེ་ཆེ། ད་དྲི་བ་དྲི་ལན་བྱས་ན་སྙམ།

དྲི་བ་དྲི་ལན།

དྲི་བ། ༸གོང་ས་མཆོག ཕྱི་ལོ་ ༢༠༡༡ ལོར་ནིའུ་ཝག་(Newark)ལ་ཁྱེད་ཀྱི་ཆིབས་སྒྱུར་སྐབས། ཨ་རིའི་ཤེས་ཡོན་ལམ་ལུགས་ནང་སེམས་ཀྱི་བསླབ་བྱ་འཇུག་དགོས་སྐོར་བཀའ་སློབ་གནང་སོང་། ལམ་ལུགས་དང་མཐུན་པའི་བཟང་སྤྱོད་ཀྱི་འཛིན་གྲྭ་ཞིག་འཛུགས་རྒྱུར་ཁྱེད་ཀྱིས་དགོངས་ཚུལ་གང་ཡོད་དམ། འཛམ་གླིང་གི་ས་ཕྱོགས་གང་སར་གཞུང་འབྲེལ་བཀའ་ཁྱབ་ཡོད་པའི་བཟང་སྤྱོད་ཀྱི་འཛིན་གྲྭ་མང་པོ་ཡོད། ཨ་རིའི་ཤེས་ཡོན་ལམ་ལུགས་ཁྲོད་ལམ་ལུགས་ལྟར་མཐུན་པའི་བཟང་སྤྱོད་ཀྱི་སློབ་གཞི་ཞིག་འཛུགས་དགོས་ཞེས་ལམ་སྟོན་གནང་རྒྱུར་དཀའ་ངལ་གང་འདྲ་ཞིག་གཟིགས་ཀྱི་ཡོད་དམ།

༸གོང་ས་མཆོག འགྲོ་བ་མི་རིགས་གཅིག་གྱུར་ཡིན་པའི་ཤེས་པའི་འབྲས་བུར། ངའི་བསམ་པར། ཤེས་ཡོན་གྱིས་དངོས་གནས་ངོ་མཚར་ཆེ་བའི་འཛམ་གླིང་གསར་པ་ཞིག་བསྐྲུན་ཡོད། འཛམ་གླིང་གི་ཆ་ཤས་གང་སར་མི་རྣམས་ཀྱིས་ཤེས་ཡོན་ནི་གལ་ཆེན་པོ་ཞིག་ཏུ་འཛིན་གྱི་ཡོད། དེང་གྱི་ཆར་རྒྱལ་ཁབ་དང་སྤྱི་ཚོགས་མང་པོ་ཞིག་ནང་དེང་དུས་ཀྱི་ཤེས་ཡོན་ཚད་ཧ་ཅང་མཐོན་པོ་ཡོད། འོན་ཀྱང་ད་དུང་ང་ཚོར་དཀའ་ངལ་དང་རྙོག་ཟིང་ཡོད། ཐ་ན་སྤྱི་ཚོགས་ནང་དཀའ་ངལ་མང་པོ་བཟོ་མཁན་གྱི་མི་རྣམས་ལ་ཤེས་ཡོན་གྱི་ཆ་ནས་བསམ་ན། ཆུ་ཚད་ཧ་ཅང་མཐོན་པོ་ཡོད། སེམས་ཀྱི་ཞི་བདེར་མཚོན་ན། ངོས་ལ་ཤེས་ཡོན་ཐད་བྱང་ཆུབ་པའི་གྲོགས་པོ་མང་པོ་ཡོད། འོན་ཀྱང་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོས་སྐྱིད་པོ་མེད་པ་ཞེ་དྲགས་བྱེད་ཀྱི་འདུག དེ་ལ་བརྟེན་ནས་སེམས་ལ་བདེ་ཐང་མེད་པ་བཟོ་གི་ཡོད་པ་དང་། དེ་ལས་སྲོག་གཅོད་པ་དང་། རྫུན་སྨྲ་བ། ཚུལ་ཆོས་བྱེད་པ། བཤུ་གཞོག་གཏོང་བ། ཐུབ་ཚོད་བྱེད་པ་སོགས་ཡོང་གི་ཡོད།

དེར་བརྟེན་ཆོས་ལུགས་ཆེ་ཁག་ཚང་མས་ང་ཚོར་གཏིང་ཟབ་པའི་རིན་ཐང་ཞིག་སློབ་ཀྱི་ཡོད་ཅེས་རྒྱུན་དུ་ངས་མི་རྣམས་ལ་བརྗོད་ཀྱི་ཡོད། རིན་ཐང་དེ་དག་སློབ་མཁན་མི་རྣམས་ཀྱི་ཁྲོད་དུའང་དེ་དག་ཁ་ཞེ་གཉིས་མེད་ཀྱིས་ཉམས་ལེན་མི་བྱེད་མཁན་ཡང་ཡོད། སྐབས་རེ་ཆོས་ཁ་ལ་ཁྱེར་ནས་སྐད་ཆ་ཤོད་མཁན་རྣམས་ཀྱིས་དོན་དངོས་སུ་མི་ཚེ་ཚུལ་ཆོས་ངང་སྐྱེལ་ཞིང་། ཁ་ནས་ཚིག་མཛེས་པོ་དེ་འདྲ་བཤད་ཀྱང་ལག་ལེན་གཞན་ཞིག་བསྟར་གྱི་ཡོད་ཅེས་ངས་ཐེངས་མང་པོ་བརྗོད་པ་ཡིན། དེ་ནི་ནང་སེམས་ཀྱི་རིན་ཐང་ལ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཡིད་ཆེས་བརྟན་པོ་ཞིག་མེད་པའི་རྟགས་ཡིན། དད་པ་ཙམ་ལ་བརྟེན་ནས་ཡིད་ཆེས་རྣལ་མ་ཞིག་ཐོབ་པ་ནི་ཚད་ཅན་ཞིག་ལས་མ་འདས། འོན་ཀྱང་ཡི་ཤུའི་བླ་ཆེན་པོག་སྐུ་གོང་མས་གསུངས་པ་ལྟར། དད་པ་དང་རྒྱུ་མཚན་མཉམ་དུ་འགྲོ་དགོས་ཀྱི་ཡོད།

ངའི་བསམ་པར་དེ་ནི་བདེན་པ་རེད། ཤེས་ཡོན་དང་གོ་རྟོགས་ཀྱི་ཐོག་ནས་ང་ཚོར་རྒྱུ་མཚན་དགོས་པ་ཡིན། རེ་བ་གཅིག་པུ་དེ་ནི་ཤེས་ཡོན་ཡིན། གལ་ཏེ་ང་ཚོས་མི་རྣམས་སེམས་པ་བཟང་པོ་བྱེད་སྟངས་དང་གཞན་ལ་སེམས་ཁུར་བྱེད་སྟངས་བསླབ་ན། ཁོང་ཚོས་དེ་དག་ནི་རང་གི་བདེ་དོན་དང་འཕྲོད་བསྟེན་གྱི་མཐའ་མའི་འབྱུང་རྩ་ཞིག་ཡིན་པ་ཤེས་རྟོགས་ཐུབ། ཁྱིམ་ཚང་དང་སྤྱི་ཚོགས་ནང་དཀའ་ངལ་འབྱུང་བ་ནི་སེམས་ཀྱི་བཟང་སྤྱོད་ཞན་པའི་དབང་གི་ཡིན། དེར་བརྟེན་ད་ཡོད་ཀྱི་ཤེས་ཡོན་ཁྱབ་ཁོངས་ནང་། ང་ཚོས་ནང་སེམས་ཀྱི་བཟང་སྤྱོད་ཀྱི་སློབ་གསོ་ངེས་པར་དུ་འཇུག་དགོས། གང་ཡིན་ཟེར་ན། ད་ལྟ་ལྡེང་གི་མེད།

སེམས་དང་མྱོང་ཚོར་ལ་གཞིགས་ན། གནའ་བོའི་རྒྱ་གར་གྱི་གཞུང་ནང་ཁོང་ཁྲོ་དང་། ཞེ་སྡང་། དངངས་སྐྲག་སོགས་ཉོན་མོངས་ལ་གདོང་ལེན་བྱེད་ཕྱོགས་ཐད་འགྲེལ་བཤད་མང་པོ་ཡོད། དེར་བརྟེན་ངོས་ཀྱི་ཉམས་མྱོང་ནང་། འདས་པའི་མི་ལོ་སུམ་ཅུའི་ནང་དེང་རབས་ཀྱི་ཚན་རིག་པ་དང་ཤེས་ཡོན་པ་མཉམ་དུ་བགྲོ་གླེང་བྱུང་བ་ལ་བརྟེན་ཁོང་ཚོ་མང་པོ་ཞིག་གིས་ནང་ཆོས་ཐེ་བའི་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ནང་གནས་ཚུལ་ཧ་ཅང་མང་པོ་ཞིག་ཡོད་པར་ཡིད་སྨོན་བྱེད་ཀྱི་འདུག ཚན་རིག་པ་དེ་དག་གིས་གནས་ཚུལ་དེ་དག་ཡོད་པ་ཙམ་ལ་ཡིད་སྨོན་མ་བྱས་པར། དེ་དག་ལ་བརྟག་དཔྱད་བྱས་ཏེ་ཡིད་སྨོན་བྱེད་དགོས་པའི་དཔང་རྟགས་མིག་སྔར་ར་སྤྲོད་བྱས་ཡོད། དེར་བརྟེན་འདས་པའི་ལོ་གཉིས་ཀྱི་སྔོན་ནས་ང་ཚོས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་སེམས་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གཞི་ངོ་སྤྲོད་བྱེད་ཕྱོགས་ལ་བསམ་མནོ་བཏང་བ་ཡིན། ང་ཚོར་གང་དགོས་པ་ནི་སེམས་ཀྱི་ཐོག་ཤེས་ཡོན་གྱི་སློབ་གཞིའམ་ངས་བརྗོད་པ་ལྟར་བསམ་བློའི་ས་ཁྲ་ཞིག་དགོས། དེ་ནས་སློབ་ཕྲུག་ཚོས་སོ་སོའི་མྱོང་བའི་ཐོག་ནས་ཁོང་ཁྲོས་རང་གི་སེམས་ཀྱི་ཞི་བདེ་གཏོར་བཤིག་གཏོང་ཚུལ་ཤེས་རྟོགས་ཐུབ།

རང་གི་ཕ་མ་དང་གྲོགས་པོས་སོ་སོར་བྱམས་བརྩེའི་ཐོག་ནས་གཅེས་སྐྱོང་བྱས་པར་སློབ་ཕྲུག་ཚོས་ཡིད་སྨོན་ཞེ་དྲགས་སྐྱེ་གི་ཡོད། ལོ་ན་ཆུང་དུས་ནས་བཟུང་། བརྩེ་བའི་རིན་ཐང་དེ་མི་ཚེའི་ནང་གསོན་པོར་གནས། ང་ཚོར་ལྟར་མི་རྣམས་འཚར་ལོངས་བྱུང་བའི་སྐབས། ཚང་མ་སོ་སོ་རང་གིས་བྱེད་ཐུབ་པར་སོང་། མཚམས་རེ་ཁོང་ཚོས་བརྩེ་བ་དགོས་ཀྱི་མེད་ཅེས་ཤོད་ཀྱི་ཡོད། འོན་ཏེ་གཞི་རྩའི་མིའི་རིན་ཐང་དེ་དག་རྩ་བའི་ལུས་པོའི་གྲུབ་ཆའི་ཐོག་ནས་ཡོང་བ་ལས་ཆོས་ལ་བརྟེན་ནས་མི་འབྱུང་། ཨ་མ་ཞིག་གི་རང་གི་བུ་ལ་བཅངས་པའི་བརྩེ་བ་ནི་ཧ་ལས་པ་ཞིག་ཡིན། དེ་ང་ཚོས་དུད་འགྲོའི་སྟེང་ནས་ཀྱང་མཐོང་ཐུབ། དེ་ནི་ལུས་པོའི་གྲུབ་ཆ་རང་ཡིན། ཆོས་ལ་བརྟེན་ནས་མ་ཡིན། དེས་ན་ཕྲུ་གུ་རྣམས་ལོ་ན་ཆུང་བའི་སྐབས་ང་ཚོར་གང་དགོས་སམ་ཞེ་ན། བྱམས་བརྩེའི་མྱོང་བ་དེ་གསོན་པོར་སོ་སོའི་སེམས་ནང་གནས་པའི་སྐབས། ཁོང་ཚོར་རིན་ཐང་དེའི་གལ་གནད་སློབ་རྒྱུ་གནད་འགག་ཆེ། དེས་མ་ཤི་བར་དུ་ཤུགས་རྐྱེན་སྦྱིན་གྱི་ཡོད། རིན་ཐང་དེ་དག་ནི་དོན་དམ་པའི་ང་ཚོའི་བདེ་སྐྱིད་དང་དགའ་ཚོར་གྱི་འབྱུང་ཁུངས་ཡིན།

ང་ཚོས་ཆོས་ལུགས་ལ་མཐའ་གཅིག་བརྟེན་རྒྱུའི་ཚབ་ཏུ་ཚན་རིག་གི་རྙེད་དོན་ཐེ་བའི་འགྲེལ་བཤད་དམ་རྒྱུ་མཚན་བེད་སྤྱོད་བྱེད་དགོས། གལ་ཏེ་ང་ཚོས་ཆོས་ལ་བརྟེན་ན། ཐབས་ལམ་དེ་ཀུན་ལ་ཁྱབ་མེད། ང་ཚོས་འདིར་ཀུན་ལ་ཁྱབ་པའི་དཀའ་ངལ་གྱི་སྐོར་ཤོད་ཀྱི་ཡོད་སྟབས། དཀའ་ངལ་དེ་ལ་གདོང་ལེན་བྱེད་པའི་ཐབས་ལམ་དེའང་ཀུན་ལ་ཁྱབ་པ་ཞིག་དགོས། ངས་རྒྱུན་དུ་ཐབས་ལམ་དེ་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་འབོད་ཀྱི་ཡོད། ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་འདིར་ངས་འགྲེལ་བཤད་བྱེད་དགོས། གང་ཡིན་ཟེར་ན། ནུབ་ཕྱོགས་སུ་ཐ་སྙད་དེས་ཆོས་ལ་མ་གུས་པའམ་ངན་ཕྱོགས་ཀྱི་དོན་ཞིག་སྟོན་གྱི་ཡོད་པ་འདྲ། འོན་ཀྱང་རྒྱ་གར་གྱི་ཐ་སྙད་དེའི་གོ་དོན་ལ་གཞིགས་ན། ཆོས་ལུགས་བྱེ་བྲག་པ་ཞིག་ཕྱོགས་ཞེན་མེད་པར། ཆོས་ལ་ཡིད་ཆེས་མེད་མཁན་ཐེ་བའི་ཆོས་ལུགས་ཀུན་ལ་གུས་བརྩི་དགོས་པ་སྟོན་གྱི་ཡོད། རྒྱུ་མཚན་དེར་བརྟེན་རྒྱ་གར་རང་བཙན་ཐོབ་པའི་རྗེས། རྩ་ཁྲིམས་ཀྱང་ཆོས་དང་མ་འབྲེལ་བའི་ལྟ་ཚུལ་ཐོག་གཞི་བཞག་ཡོད།

གང་ཡིན་ཞེ་ན། རྒྱ་གར་ནི་ཆོས་ལུགས་སྣ་ཚོགས་འཛོམས་པའི་རྒྱལ་ཁབ་གཅིག་ཡིན་པས། ཆོས་ལུགས་བྱེ་བྲག་ཅིག་ལེགས་པ་རེད་ཅེས་བརྗོད་མི་ཐུབ། གོ་ལ་ཡོངས་ཀྱི་རིམ་པའི་ཐོག་ནས་ཆོས་དང་མ་འབྲེལ་བ་ཞེས་པ་ནི་ཚང་མས་ཁས་ལེན་ཐུབ་པའི་ཀུན་ཁྱབ་ཀྱི་ལམ་ཞིག་ཡིན། དེར་བརྟེན་ཆོས་དང་མ་འབྲེལ་བའི་ཤེས་ཡོན་གྱི་ཁྱབ་ཁོངས་ནང་འཚམ་པའི་གཏན་འབེབས་སློབ་ཚན་ཞིག་བཟོ་ཐབས་བྱེད་ཀྱི་ཡོད། ད་ལྟ་ང་ཚོ་དེའི་ཐོག་ལས་ཀ་བྱེད་བཞིན་པ་དང་གཅིག་བྱས་ན་ལོ་གཅིག་ནང་གྲ་སྒྲིག་ལེགས་གྲུབ་ཡོང་སྲིད། འོན་ཀྱང་ང་ཚོས་ཚན་རིག་པ་དང་། ལྟ་སྒྲུབ་སྨྲ་བ། ཤེས་ཡོན་པ་སོགས་དང་མཉམ་དུ་སློབ་སྦྱོང་འཕར་མ་བྱེད་དགོས། དེ་དག་ནི་ང་ཚོས་རྒྱ་གར་ནང་ལག་བསྟར་བྱེད་བཞིན་ཡོད།

ནམ་ཞིག་ང་ཚོས་སློབ་གཞི་དེ་ལེགས་གྲུབ་བྱུང་ན། གཅིག་བྱས་ན་གཙུག་ལག་སློབ་གྲྭ་འདི་འདྲ་བའི་ནང་ཚོད་ལྟའི་ཚུལ་དུ་ལས་གཞི་དེ་ལག་བསྟར་བྱེད་ཐུབ། སློབ་གྲྭ་གཅིག་གིས་ལས་གཞི་དེ་གཉེར་ནས་ལོ་གཉིས་ཀྱི་རྗེས་དེའི་གྲུབ་འབྲས་ལ་བརྟག་དཔྱད་བྱེད་ཆོག གལ་ཏེ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་ན། གཏན་འབེབས་བྱས་ཏེ་སློབ་གྲྭ་ཁག་བཅུ་དང་བརྒྱ་བར་རྒྱ་སྐྱེད་བཏང་ནས་རིམ་གྱིས་རྒྱལ་ཁབ་ཀྱི་རིམ་པར་ལག་བསྟར་བྱེད་ཐུབ། རྒྱལ་ཁབ་ཀྱི་རིམ་པའི་རྗེས་ཆོས་ལུགས་ལ་གཞི་མ་བཞག་པར་ཆོས་དང་མ་འབྲེལ་བའི་རྩ་དོན་ཐོག་གཞི་བཞག་སྟེ་འཛམ་གླིང་ཧྲིལ་པོར་བཟང་སྤྱོད་ཀྱི་ཤེས་ཡོན་བློ་སྟོབས་སྤེལ་ཐུབ་པ་སྲིད།

དྲི་བ། མཐར་ལྷུང་གི་ཁ་ཆེའི་སེམས་ཚོར་དང་། ཨ་རི་དང་ཁ་ཆེའི་དབར་གྱི་འཇིགས་སྣང་གིས་རྐྱེན་པས་ཆོས་ལུགས་ནང་ཁུལ་གྲོས་མོལ་ཡོང་ཐབས་མཛད་པའི་ཁྱེད་ཀྱི་འབད་རྩོལ་དེ་འདས་པའི་ལོ་ངོ་བཅུ་ཕྲག་ནང་ཁག་པོ་བྱུང་སོང་བསམ་པ་དགོངས་ཀྱི་ཡོད་དམ། ཕྱི་ཟླ་ ༩ ཚེས་ ༡༡ ནས་བཟུང་ལོ་ངོ་བཅུ་ཕྲག་འདིའི་ནང་གྲོས་མོལ་ཐད་ལས་སླ་རུ་ཕྱིན་ཡོད་དམ།

༸གོང་ས་མཆོག འགྱུར་བ་ཆེན་པོ་གལ་ཕྱིན་མེད། ང་ཚོས་འདས་པའི་ལོ་ངོ་སུམ་ཅུ་བཞི་བཅུའི་རིང་གྲོས་མོལ་བྱས་པ་ཡིན། འཛུམ་དམུལ་བཞིན་འཚམས་འདྲི་ཙམ་བྱེད་པའི་རྒྱུན་སྲོལ་གྱི་མཛད་སྒོའམ་ཞབས་འདེགས་ཆུང་ཙག་དེ་འདྲ་མིན་པར་ཆོས་ལུགས་ནང་ཁུལ་བར་འདུ་འཛོམས་ཡོང་བའི་ཐབས་ཤེས་ངས་ག་དུས་ཡིན་ཀྱང་བྱེད་ཀྱི་ཡོད། དེ་ལས་ངས་ཁ་ཞེ་གཉིས་མེད་ཀྱིས་བགྲོ་གླེང་དེ་འདྲ་ཚོགས་ཐུབ་ན་བསམ་གྱི་འདུག ང་ཚོའི་ཁྱད་པར་གང་རེད། ང་ཚོའི་འདྲ་ཆོས་གང་རེད། དམིགས་ཡུལ་གང་རེད། གལ་ཆེ་བ་ཞིག་ལ་ཉམས་ལེན་པ་ཕན་ཚུན་ཐུག་འཕྲད་བྱེད་དགོས། ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་དགེ་འདུན་པ་འགར་ང་རང་ཡིད་སྨོན་ཆེན་པོ་བྱུང་། རྣམ་དག་ཆོས་ལུགས་ཀྱི་དགེ་འདུན་པ་ཐོ་མ་སེ་ མར་ཊོན་(Thomas Merton)དང་ངོས་ཐུག་འཕྲད་བྱུང་རྗེས། ངས་ཁོང་དང་ཡི་ཤུ་དགེ་འདུན་ཕོ་མོ་གཞན་གྱི་དྲུང་ནས་ཉམས་ལེན་དང་ཉམས་མྱོང་མང་པོ་ཤེས་རྟོགས་བྱུང་། ཐེངས་ཤིག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་(Sydney)ནང་། ཡི་ཤུ་བློན་ཆེན་ཞིག་གིས་ང་རང་ངོ་སྤྲོད་གནང་བའི་སྐབས། ང་ཡི་ཤུ་ཡག་པོ་ཤིག་ཡིན་ཅེས་འགྲེལ་བཤད་གནང་སོང་། དེ་ནས་ང་རང་སྐད་ཆ་ཤོད་པའི་སྐབས། ངས་ཁོང་རང་ཉིད་ཀྱང་ནང་པ་ཡག་པོ་ཤིག་ཡིན་ཞེས་ཞུས་པ་ཡིན། སྐབས་དེར་སེམས་ནང་ངེད་གཉིས་ཀྱིས་ཉམས་ལེན་གཅིག་པ་བྱེད་པ་དང་ནུས་པ་གཅིག་པ་ཡོད་པའི་ཚོར་སྣང་ཞིག་བྱུང་། ནམ་ཞིག་ངེད་གཉིས་ཕན་ཚུན་རྒྱུས་མངལ་གཏིང་ཟབ་ལོན་ཏེ་གྲོགས་པོ་བློས་ཐུབ་ཆགས་པ་དང་། གཉིས་མོས་ཀྱི་གུས་བརྩི་དང་ཡིད་སྨོན་རང་བཞིན་གྱིས་རྩ་བ་ཚུགས་སོང་།

གཞན་ཡང་ངས་ཁ་ཆེའི་གཅེན་གཅུང་ཚོ་དང་ཐུག་འཕྲད་ཡོང་ཆེད་འབད་བརྩོན་དམིགས་བསལ་བསྟེན་པ་ཡིན། བྱང་ཨཻར་ལན་ཌིའི་(Northern Ireland)ནང་ཡི་ཤུ་ཆོས་ལུགས་གསར་མ་དང་རྣམ་དག་ཆོས་ལུགས་བར་ལྟར། ཤི་འ་(Shia)དང་སུ་ནི་(Sunni)ཁ་ཆེ་བར་གྱི་རྩོད་རྙོག་དེ་ཆོས་ལུགས་ལ་བརྟེན་ནས་བྱུང་མེད། དེའི་བྱུང་རྩ་དངོས་དེ་ཆབ་སྲིད་ཡིན། འདས་པའི་དུས་སུའང་ཆོས་ལུགས་ཀྱི་མིང་ཐོག་ནས་དབང་ཆའམ་དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་གྱི་རྩོད་རྙོག་དེ་འདྲ་བྱུང་ཡོད། འོན་ཀྱང་ཁོང་ཚོས་ཆོས་ཁ་ལ་ཁྱེར་བ་ཡིན། དེར་བརྟེན་ང་ཚོས་ཁྱད་པར་འབྱེད་དགོས། ཆབ་སྲིད་ཀྱི་གནད་དོན་རྣམས་ཆབ་སྲིད་ཀྱི་ཐོག་ནས་སེལ་དགོས་པ་ལས་ཆོས་ལ་བརྟེན་ནས་མ་ཡིན། ཆོས་ལུགས་ལ་བསམས་ན། གཞན་ལ་འཚེ་བ་བྱེད་པའི་ལས་ལ་གཞི་རྟེན་མེད།

རྐྱེན་ངན་དེ་དག་ང་ཚོས་བློ་ངེས་ཀྱིས་ངེས་པར་དུ་འབད་བརྩོན་བྱེད་དགོས། རྒྱུ་མཚན་ནི་ཆོས་ཀྱི་མིང་ཐོག་ནས་སྲོག་གཅོད་རེས་བྱེད་པ་སེམས་སྐྱོ་དགོས་པ་དང་བློ་ཡུལ་ལས་འདས་པ་ཞིག་རེད། དེའི་ཁྲོད་དེང་སང་ཐ་ན་འབར་མ་དང་ཤྲཱི་ལངྐའི་ནང་ནང་པས་ཁ་ཆེའི་ལྷ་ཁང་དང་སྡོད་ཡུལ་གཏོར་བཤིག་གཏོང་བ་ཚུད་ཡོད། དེ་ནི་དངོས་གནས་སྐྱོ་བ་སྐྱེ་དགོས་པ་ཞིག་ཡིན། ཐེངས་ཤིག་ངས་ནང་པའི་གཅེན་གཅུང་ཚོར་ཁྱེད་རང་ཚོའི་སེམས་ནང་ཁ་ཆེའི་སྤྱི་ཚོགས་ལ་དམིགས་པའི་བསམ་བློ་མི་དགེ་བ་དེ་འདྲ་འཁོར་སྐབས། ངེས་པར་དུ་སངས་རྒྱས་ཀྱི་ཞལ་རས་བསམ་བློ་གཏོང་རོགས་ཞེས་བཤད་པ་ཡིན། སངས་རྒྱས་ཀྱི་ཐུགས་ལ་ཁ་ཆེའི་སྤུན་ཟླ་ཚོའང་སྐྱོབ་འདོད་ཡོད། དེ་ལ་ཐེ་ཚོམ་མེད། དེར་བརྟེན་རྩོད་རྙོག་དེའི་རྒྱབ་ཀྱི་རྒྱུ་མཚན་ནི་དཔལ་འབྱོར་རང་ལ་ཐུག་ཡོད། ཆོས་དེའི་ནང་ཚུད་ན། དེ་ནི་མིའི་མྱོང་ཚོར་ཏག་ཏག་མ་བསྡད་པ་ལས་བྱུང་བ་ཡིན། མྱོང་ཚོར་ག་ཚོད་མང་པོ་བྱུང་བ་དེའི་ཚོད་ཀྱིས་གཡོ་སྒྱུའི་ལས་བྱེད་པའི་ཉེན་ཁ་ཆེ་བ་ཡོད། ཧ་ཅང་སྐྱོ་པ་རེད། འོན་ཀྱང་སེམས་ཤུག་ཆག་དགོས་པའི་རྒྱུ་མཚན་མེད། ང་ཚོས་རྒྱུན་དུ་འབད་བརྩོན་བསྟེན་ན་འབྲས་བུ་བཟང་པོ་ཞིག་འཐོབ་ཐུབ། སྐབས་རེ་ངས་ཆོས་ལུགས་ནང་ཁུལ་དུ་མཛའ་མཐུན་ཡོང་བར་ལེགས་སྐྱེས་ཕྲན་བུ་ཕུལ་ཐུབ་པར་ང་རང་སྤོབས་པ་ཡོང་གི་འདུག

ངའི་འབད་བརྩོན་ནམ་བསམ་བློར་མི་རྣམས་ཀྱིས་མོས་མཐུན་བྱས་ཏེ་ཡི་རང་ཡོད་པ་མཐོང་དུས་སེམས་ཤུགས་འཕར་གྱི་འདུག ནོ་བེལ་ཞི་བདེའི་གཟེངས་རྟགས་ཁྱབ་བསྒྲགས་བྱས་པའི་སྐབས། ངས་ལམ་སེང་ང་ནི་གྲྭ་པ་དཀྱུས་མ་ཞིག་ལས་གཞན་གང་ཡང་མིན་ཅེས་ཞུས་པ་ཡིན། འོན་ཀྱང་དེ་ནི་འཛམ་གླིང་ཞི་བདེ་དང་མི་རིགས་ཀྱི་ཡར་རྒྱས་ཆེད་ངས་འབད་བརྩོན་བྱས་པར་ཆེ་མཐོང་ལྟ་བུ་ཡིན།

འདིར་ངའི་བསམ་པར་གཅེན་གཅུང་སྟོང་ཚོ་བཅོ་ལྔ་ལྷག་འཛོམས་ཡོད་ཚོད་འདུག གལ་སྲིད་གོང་ཞུས་གནད་དོན་ཁག་ལ་དགོས་གལ་མེད་པ་མཐོང་ཚེ་སྐྱོན་མེད། འོན་ཀྱང་ཁྱེད་རྣམས་ལ་དོ་དབྱིངས་ཅུང་ཟད་ཡོད་ཅིང་ད་དུང་གསལ་པོ་མཁྱེན་འདོད་ན། ཐུགས་རྗེ་གཟིགས། སོ་སོའི་ནང་སེམས་ཀྱི་རིན་ཐང་ཐད་དགོངས་པ་མང་ཙམ་བཞེས་རོགས་གནང་། དང་པོ་རིན་ཐང་དེ་ངོས་འཛིན་ཐུབ་པའི་གོ་རྟོགས་དེ་ཤེས་བྱའི་འདུ་ཤེས་ཐོག་ནས་ལག་བསྟར་བྱེད་དགོས། དེ་ནས་རིན་ཐང་དེར་གོམས་འདྲིས་བསྟེན་དགོས། མཐར་རང་གི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཏུ་སྒྱུར་དགོས། དེ་ལྟར་ཐུབ་ཚེ་རང་ལ་ཁེ་ཕན་ཆེན་པོ་ཞིག་འཐོབ་ངེས། དེར་བརྟེན་བསམ་བློ་མང་པོ་གཏོང་དགོས། ཐུགས་རྗེ་ཆེ།