སེར་ཀོང་རིན་པོ་ཆེའི་གསང་སྔགས་ཉམས་ལེན་པ་རྣམས་ལ་བསླབ་བྱ།

དུས་ཚོད་ཟུར་འདོན་ཐོག་གསང་སྔགས་ཀྱི་བསྙེན་མཚམས་སྡོད་པ།

གསང་སྔགས་ཀྱི་བསྙེན་མཚམས་དུས་ཡུན་རིང་པོ་ཐོག་གཏན་འཇགས་མུ་མཐུད་ནས་སྡོད་རྒྱུ་དེ་ཕན་ཡོན་ཆེན་པོ་ཡོད་ཀྱང་། མི་མང་ཆེ་བར་དེ་ལྟར་ལག་བསྟར་བྱེད་རྒྱུའི་དལ་བ་མེད། དེར་བརྟེན་ང་ཚོར་ཟླ་བ་གསུམ་མམ། དེ་ལས་མང་བའི་དུས་ཚོད་སྟོང་པ་བྱུང་ན་མ་གཏོགས། དེ་ལྟ་བུའི་བསྙེན་མཚམས་ཀྱི་རིགས་སྒྲུབ་མི་ཐུབ་བསམ་པ་ནི་རིན་པོ་ཆེས་སེམས་གུ་དོག་པོ་ཡིན་པར་དགོངས་ཀྱི་ཡོད། བསྙེན་མཚམས་སྡོད་རྒྱུ་དེ་ང་ཚོས་དུས་ཡུན་ངེས་ཅན་ཞིག་གི་རིང་ལས་དོན་གཞན་རྣམས་མཚམས་འཇོག་བྱེད་པའམ་མི་གཞན་དང་འབྲེལ་ཐག་གཅོད་པའི་དོན་མ་ཡིན་པར། ང་ཚོའི་སེམས་རྒྱུད་གུ་ཡངས་པོ་བཟོ་ཆེད་དུས་ཡུན་རིང་པོར་སྒོམ་སྒྲུབ་ཉམས་ལེན་གཟབ་ནན་ཧུར་ཐག་བྱེད་པར་གོ་བ་ཡིན། ཉིན་མོ་ལྷག་མ་རྒྱུན་ལྡན་གྱི་མི་ཚེ་བསྐྱལ་ནས་ཞོགས་པ་དང་མཚན་མོ་རེར་སྒོམ་ཐུན་རེ་ཙམ་བྱེད་པ་ནི་འགྲིག་ངེས་ཤིག་ཡིན། མི་སུ་གཅིག་གིས་ཀྱང་ཧ་མི་གོ་བར། རིན་པོ་ཆེ་སྐུ་ཉིད་ཀྱིས་བསྙེན་མཚམས་མང་པོ་དེ་ལྟར་གནང་གི་ཡོད།

སྒོམ་ཐབས་དེའི་ཚད་བཀག་གཅིག་རང་ཡོད་པ་ནི་བསྙེན་མཚམས་ཀྱི་འགོ་ནས་མཇུག་བར་མལ་ཁྲི་གཅིག་གི་སྟེང་ཉལ་བ་དང་སྡོད་ས་གཅིག་རང་ལ་སྒོམ་རྒྱག་དགོས་པ་དེ་ཡིན། དེ་མིན་སེམས་ཀྱི་ནུས་པ་གོང་མཐོར་གཏོང་བའི་འགུལ་ཤུགས་ཉམས་ཆག་འགྲོ་གི་ཡོད། གཞན་ཡང་བསྙེན་མཚམས་ཀྱི་ཐུན་དང་པོའི་སྐབས་གྲངས་ཀྱིས་སྒོ་ནས་གཏན་འབེབས་བྱས་པ་ལྟར། ཐུན་སོ་སོར་ཉུང་མཐར་ཡང་ངེས་པར་དུ་གཟུངས་སྔགས་བགྲང་གསོག་དང་ཕྱག་འཚལ་བའམ། ཡང་ན་ཉམས་ལེན་གྱི་རིགས་གཞན་བསྐྱར་ཟློས་བཅས་བྱེད་དགོས་ཀྱི་ཡོད། དེ་འདྲ་སོང་ཙང་། ཐུན་དང་པོའི་སྐབས་ཀྱི་དམིགས་བསལ་ཉམས་ལེན་དེ་ཐེངས་གསུམ་བསྐྱར་ཟློས་བྱེད་དགོས་པར་རིན་པོ་ཆེས་ལམ་སྟོན་གནང་བ་དང་། དེ་ལྟར་བྱས་ཚེ། ནད་གཞི་ཚབས་ཆེན་ཕོག་ཀྱང་བསྙེན་མཚམས་རྒྱུན་མི་མཐུད་ཀ་མེད་མི་བཟོ་བ་དང་ཡང་བསྐྱར་འགོ་ནས་ཉམས་ལེན་བྱེད་མི་དགོས་པ་ཡོང་གི་ཡོད།

བསྙེན་མཚམས་ཀྱི་ཚད་བཀག་རྣམས་དགོས་དབང་གིས་ཚོད་འཛིན་བྱེད་སྐབས།

གང་ལྟར་ཡང་། ནང་པའི་བསླབ་ཁྲིམས་ཀྱི་རྣམ་པ་མི་འདྲ་བ་ཚང་མའི་ནང་། དམིགས་བསལ་གནད་དོན་གཅིག་པུའི་ཁྲོད་སྐབས་རེ་ “དགོས་པའི་དབང་གིས་དགག་བྱར་ཚོད་འཛིན་བྱེད་ཀྱི་ཡོད།” ཐེངས་གཅིག་བཞུགས་སྒར་དྷ་སར་བསྙེན་མཚམས་ཤིག་ལ་བསྡད་བཞིན་པའི་སྒང་ལ། རྒྱ་གར་ཧི་མ་ལ་ཡའི་གྲོང་ཁྱེར་མ་ནཱ་ལིར་༸གོང་ས་མཆོག་གིས་དབང་ཞིག་གནང་བའི་སྐབས་གསུང་སྒྱུར་ཞུ་དགོས་པའི་བཀའ་ཕེབས་བྱུང་། ངས་རིན་པོ་ཆེར་བཀའ་འདྲི་ཞུས་པས། ཁོང་གིས་ཐེ་ཚོམ་དང་རེ་དྭོགས་མེད་པར་བཅར་དགོས་པ་དང་། ༸གོང་ས་མཆོག་གི་གསུང་སྒྱུར་ཞུ་བ་ལས་ཕན་ཡོན་ཆེ་བ་གང་ཡང་མེད། ངས་ལྷུར་བླངས་པའི་གཟུངས་སྔགས་བསྐྱར་ཟློས་བྱས་ཏེ་ཉིན་རེར་སྒོམ་ཐུན་རེ་བྱས་པ་དེ་སྲིད་དུ་ངའི་ཉམས་ལེན་གྱི་འགུལ་ཤུགས་ཉམས་ཆག་འགྲོ་གི་མ་རེད་ཅེས་གསུངས་སོང་། དེར་བརྟེན་ངས་དེ་ལྟར་བྱས་པ་དང་ཉིན་བཅུའི་རྗེས་༸གོང་ས་མཆོག་ཕྱིར་ཕེབས་གནང་བ་དང་རྡ་རམ་ས་ལར་ཕྱིར་ཡོང་ནས་བསྙེན་མཚམས་མཇུག་སྐྱོང་བྱས་པ་ཡིན།

ཆོ་ག་ཕྱག་ལེན་གྱི་བྱེད་སྒོ་ཁག་མ་ནོར་བ་བྱེད་དགོས་པ།

རིན་པོ་ཆེས་རྒྱུན་དུ་ཆོ་ག་ཕྱག་ལེན་གྱི་བྱེད་སྒོ་རྣམས་དོན་དང་ལྡན་པ་ཞིག་དང་དོ་གལ་ཆེན་པོ་ཡིན་པར་ནན་པོ་གནང་བ་དང་། དེ་དག་ཚུལ་བཞིན་དུ་མ་ནོར་བ་ལག་བསྟར་དགོས་པར་གསུངས། དཔེར་ན། སྔགས་ཀྱི་བསྙེན་མཚམས་སྐབས་དམིགས་བསལ་གཟུངས་སྔགས་གྲངས་ཀ་ངེས་ཅན་ཞིག་གསོག་དགོས་པ་དང་། དེ་རྗེས་སྦྱིན་སྲེག་གི་ཆོ་ག་བྱེད་དགོས། སྦྱིན་སྲེག་ནི་དམིགས་བསལ་གྱི་རྫས་ཆ་མང་པོ་མེའི་ནང་འབུལ་བའི་ཆོ་ག་མགོ་རྙོག་ཅན་ཞིག་ཡིན། ཆོ་གའི་དགོས་དོན་ནི་ཉམས་ལེན་སྐབས་ཆད་ལུས་ཤོར་བ་དང་ནོར་འཁྲུལ་གང་བཟོས་ཡོད་པ་རྣམས་ལ་བཤགས་སྦྱོང་བྱེད་པའི་ཆེད་དུ་ཡིན།

བསྙེན་མཚམས་ཁ་ཤས་ནི་དམིགས་བསལ་དཀའ་ལས་ཁག་པོ་ཡོད། དཔེར་ན། ངས་བསྙེན་སྒྲུབ་བྱས་པ་དེར་གཟུངས་སྔགས་གྲངས་འབུམ་བཅུ་གསོག་དགོས་པ་དང་། སྦྱིན་སྲེག་རྒྱས་པོ་བྱེད་པའི་སྐབས་རྩྭ་ཀུ་ཤ་རིང་པོ་ཆ་སྟོང་ཕྲག་བཅུ་འབུལ་བ་དང་སྦྲགས་ཆ་རེར་གཟུངས་སྔགས་རེ་འདོན་དགོས། སྟོང་ཕྲག་བཅུ་ཆ་ཚང་ངེས་པར་དུ་བར་གསེང་མེད་པར་འདུག་ཐེངས་གཅིག་ལ་མེར་སྲེག་དགོས། ངའི་བསྙེན་སྒྲུབ་དེའི་མཇུག་ཏུ་སྦྱིན་སྲེག་གི་ཆོ་ག་བྱེད་པའི་སྐབས་རྩྭ་ཀུ་ཤ་རྫོགས་ནས་མི་འདང་བར་དགོས་ངེས་ཀྱི་གྲངས་ཚད་ཕྲན་བུ་ལོན་ཐུབ་མ་སོང་། ཆོ་ག་ལྷག་མ་རྣམས་གྲུབ་པའི་རྗེས་ངས་དེའི་སྐོར་རིན་པོ་ཆེ་ལ་སྙན་སེང་ཞུས་པ་དང་། ཉིན་ཤས་རྗེས་ཁོང་གིས་སྦྱིན་སྲེག་བསྐྱར་དུ་བྱེད་བཅུག་སོང་། སྐབས་དེར་ངས་རྩྭ་ཀུ་ཤ་སྟོང་ཕྲག་བཅུ་ཆ་ཚང་གྲ་སྒྲིག་བྱས་པ་ཡིན།

ཆོ་ག་ཕྱག་ལེན་ལ་མཁས་པ་མང་པོ་མེད་པས། རང་མགོ་རང་ཐོན་དགོས་པར་རིན་པོ་ཆེས་ནན་ཏན་གནང་གི་རེད། དེ་འདྲ་སོང་ཙང། ཁོང་གིས་ཡར་ཐོན་ཆེ་བའའམ་གནས་ཚད་མཐོན་པོར་སླེབས་པའི་ནུབ་ཕྱོགས་ཀྱི་སློབ་མ་ཚོར་རང་རང་གིས་སྦྱིན་སྲེག་གི་ཆོ་ག་བྱེད་ཚུལ་མཛུབ་ཁྲིད་གནང་བ་དང་། དེའི་ཁྲོད་སྦྱེན་སྲེག་གི་མེ་ཐབ་གྲ་སྒྲིག་བྱེད་ཚུལ་དང་ཞ་ལའི་སྟེང་ཕྱེ་མའི་ཚོན་རྩིས་དཀྱིལ་འཁོར་བཞེངས་བཀོད་བྱེད་སྟངས་སོགས་ཚུད་ཡོད། གལ་སྲིད་ནུབ་ཕྱོགས་པ་སོ་སོའི་སྐད་ཡིག་ནང་མེད་པར། ཆོ་ག་འདོན་རོགས་གཞན་ཞིག་དགོས་ན། སོ་སོ་རང་ཉིད་ནས་མེའི་ནང་རྫས་འདྲ་མིན་རྣམས་རེ་རེ་བཞིན་འབུལ་དགོས་ཀྱི་རེད་ཅེས་གསུངས། དེ་ནི་སྡེ་པ་བསྙེན་མཚམས་ (group retreat) བྱེད་སྐབས་སུའང་དེ་བཞིན་བྱེད་དགོས།

གང་ལྟར་ཆོ་ག་བྱེད་ལུགས་མ་ནོར་བ་དེ་དོན་དངོས་ཀྱི་ཐབས་ལམ་དང་འགལ་བ་ཆགས་ཀྱི་མེད། དཔེར་ན། སྔགས་ཀྱི་བསྙེན་སྒྲུབ་སྐབས་ཁྱིམ་གྱི་མཆོད་ཤོམ་ནང་དམིགས་བསལ་གྱི་མཆོད་རྫས་སྒྲིག་ཤོམ་ལེགས་པར་བྱས་ཏེ་འགོ་འཛུགས་པ་དང་། དེ་རྗེས་བར་ཆད་སེལ་བའི་ཆེད་ཉིན་མ་རེ་རེ་བཞིན་མཆོད་རྫས་འབུལ་དགོས། བར་ཆད་རྣམས་འབྱུང་པོ་དང་གནོད་སྦྱིན་སོགས་ཀྱི་གཟུགས་སུ་དམིགས་རྣམ་དུ་བྱས་ནས། ཉིན་ལྟར་མཆོད་པའི་འབུལ་རྫས་ལོངས་སུ་སྤྱོད་པར་སྤྱན་འདྲེན་ཞུ་དགོས། རིན་པོ་ཆེས་དམིགས་ཡུལ་དེའི་ཆེད་དུ་སྲོལ་རྒྱུན་གྱི་རྒྱས་སྤྲོས་ཆེ་བའི་གཏོར་མ་དང་མར་རྒྱན་སོགས་ཀྱི་ཚབ་ཏུ་ཤོག་སྒམ་མམ་ཤེལ་དམ་ནང་གི་ཁ་ཟས་ཕུལ་ན་འགྲིག་ངེས་ཡིན་ཞེས་གསུངས་ཀྱི་རེད།

གནས་ཚད་མ་ལོན་པར་ཉམས་ལེན་གྱི་རིགས་ཚད་མཐོ་པོར་འབད་ཐབས་མི་བྱེད་པ།

མི་རྣམས་ཀྱིས་གནས་ཚད་མ་ལོན་ནའང་རིམ་པ་མཐོ་བའི་ཉམས་ལེན་ལ་འཇུག་ཐབས་བྱེད་པར་རིན་པོ་ཆེས་ཐུགས་མཉེས་པོ་གནང་གི་མེད། དཔེར་ན། མི་འགའ་ཤས་སྒོམ་སྒྲུབ་ཉམས་ལེན་ལ་བྱང་ཆུབ་པ་ཕར་ཞོག །རང་ཉིད་ལ་འདུན་པ་མེད་པའམ། ཐ་ན་སྒོམ་རྒྱུན་རིང་པོ་སོགས་བྱེད་འདོད་མེད་པར། གསང་སྔགས་རྫོགས་རིམ་གྱི་ཉམས་ལེན་ལ་འཇུག་ཐབས་བྱེད་ཀྱི་ཡོད། རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་དང་པོ་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་ཡིན། རིམ་པ་དང་པོས་སྒོམ་ཉམས་ལེན་གྱི་ཐོག་ནས་དམིགས་རྣམ་སྦྱོང་བ་དང་སྒོམ་སྒྲུབ་ཀྱིས་བསམ་གཏན་གྱི་ནུས་པ་སྦྱོང་བར་བྱེད། རིམ་པ་གཉིས་པས་རང་གིས་རང་ལ་དངོས་སུ་བསྒྱུར་བཅོས་ཡོང་བར། ལུས་ཀྱི་ནུས་པ་ཕྲ་མོའི་མ་ལག་དང་ལྷན་དུ་གོང་མཐོར་ཕྱིན་པའི་སེམས་ཀྱི་ནུས་པ་བེད་སྤྱོད་བྱེད་པ་ཡིན། དེ་ལྟར་སྒོམ་སྒྲུབ་ཉམས་ལེན་ལ་བརྟེན་ནས་ཐོབ་པའི་ནུས་པ་མེད་པར། ལུས་ཕྲ་མོའི་རྩ་འཁོར་ (chakras) དང་། རྩ། (channel) རླུང་གི་ནུས་པ་བཅས་གོང་མཐོར་གཏོང་བ་ནི་ཆོ་མེད་བཞད་གད་ཀྱི་གནས་ཤིག་ཡིན།

རིན་པོ་ཆེས་གསུངས་དོན། ཚད་མཐོ་བའི་སྔགས་ཀྱི་ཉམས་ལེན་རྣམས་གནས་ཚད་མ་ལོན་པ་ཞིག་གིས་ཉམས་ལེན་ནོར་བ་བྱས་ན་གནོད་འཚེ་ཆེན་པོ་ཆགས་སྲིད། དཔེར་ན། འཕོ་བ་ནི་འཆི་རན་ཁར་རྣམ་ཤེས་རང་གི་མགོ་བོའི་སྟེང་དུ་འཕོ་བར་སྒོམ་པའི་ཉམས་ལེན་འདིས་རྐྱེན་བྱས་ནས་ཚེ་ཚད་ཐུང་དུ་གཏོང་སྲིད་པ་ལྟ་བུ་དང། བཅུད་ལེན་སྐབས་བྱིན་གྱིས་རླབས་པའི་བཅུད་ལེན་རིལ་བུ་ཁྱད་པར་ཅན་ཞིག་ལ་བརྟེན་ནས་གཟའ་འཁོར་ནས་གཟའ་འཁོར་རིང་སྨྱུང་གནས་བཞུགས་ཤིང་འཚོ་བ་དང། ཁྱད་པར་དུ་ཚོགས་སྡེ་དང་མཉམ་དུ་བྱས་ན། ས་གནས་དེར་མུ་གེ་འབྱུང་སྲིད་པ་ཡིན། དེར་མ་ཟད། ཉམས་ལེན་དེ་ལྟར་བྱེད་མཁན་ཚོར་ཟས་དང་ཆུ་མེད་ནས་ནད་གཞི་ཚབས་ཆེན་འཕོག་སྟེ་འཆི་ཡང་སྲིད་པ་རེད།

སྔགས་ཀྱི་བསྙེན་སྒྲུབ་ནི་ཚད་མཐོ་བའི་ཉམས་ལེན་ཞིག་ཡིན་པས། གནས་ཚད་མ་ལོན་གོང་ངམ་དུས་ལ་མ་བབས་གོང་ནས་དེ་ལ་འཇུག་པར་རིན་པོ་ཆེས་དགག་བྱ་གནང་གི་རེད། དཔེར་ན། སྐབས་རེ་མི་རྣམས་ཀྱིས་དངོས་གཞིའི་ཉམས་ལེན་ལ་རྒྱུས་མངའ་མེད་པར་གཟུངས་སྔགས་འབུམ་གཅིག་གསོག་ཕྱིར་བསྙེན་མཚམས་ལ་སྡོད་པ་དང་། ཁོང་ཚོས་བསྙེན་མཚམས་ཀྱི་དུས་ཡུན་ཁྲོད་ནས་ཉམས་མྱོང་འཐོབ་ཀྱི་རེད་ཅེས་བསམ་བློ་གཏོང་གི་ཡོད། མ་གཞི་ཉམས་ལེན་བྱེ་བྲག་པ་ཞིག་གི་ཐོག་དུས་ཡུན་ངེས་ཅན་ཞིག་བཏང་ནས་སློབ་སྦྱོང་བྱེད་པ་དང་མྱོང་འདྲིས་བྱེད་པར་ཁེ་ཕན་ཆེན་པོ་ཡོད་ཀྱང་། རྒྱུན་སྲོལ་སྔགས་ཀྱི་བསྙེན་སྒྲུབ་སྐབས་བྱ་རྒྱུའི་གནད་དོན་ཞིག་མ་ཡིན། དཔེར་ན། ཆུ་རྐྱལ་མི་ཤེས་མཁན་ཞིག་གིས་ཉིན་གཅིག་གི་ཆུ་ཚོད་བཅུ་གཉིས་ཆུ་རྫིང་ནང་འཛུལ་ཏེ་སྦྱོང་བརྡར་བྱེད་ཀྱི་མེད། དེ་ལྟ་བུའི་ལྐུགས་པའི་བློ་ཁོག་གིས་རྩྭ་འཆུས་པའམ་ཉྭ་འགྱུར་བ་དང་ཟུངས་ཟད་པ་ཁོ་ན་ཆགས་ཀྱི་ཡོད། ཉམས་མྱོང་ལྡན་པའི་ཆུ་རྐྱལ་རྒྱག་མཁན་ཞིག་གྱད་རྩལ་འགྲན་མཁན་རྩེ་ཕུད་ཅིག་ཆགས་པར་དུས་ཡུན་ཐུང་ཐུང་ནང་དཀའ་ལས་ཆེན་པོས་སྦྱོང་བརྡར་བྱེད་པར་དམ་བསྒྲགས་བྱས་ཡོད། སྔགས་ཀྱི་བསྙེན་སྒྲུབ་ལའང་དེ་དང་གཅིག་པ་ཡིན།

སོ་སོའི་ཉམས་ལེན་ལ་ཁེངས་དྲེགས་སྤོང་བ།

གཞན་ཡང་སྔགས་ཀྱི་ཉམས་ལེན་ཁེ་གཙང་དང་གསང་བའི་སྒོ་ནས་སྒྲུབ་དགོས། དེ་མིན་བར་ཆད་མང་པོ་ཡོང་སྲིད། ནུབ་ཕྱོགས་པ་མང་པོ་ཞིག་གིས་རང་གི་ཉམས་ལེན་དང་གྲུབ་འབྲས་རང་སོར་མ་ཉར་བར་ངོམ་སོ་རྒྱག་པ་རིན་པོ་ཆེས་གཟིགས་པ་དང་། འབྲེལ་ཡོད་ཀྱི་གཟུངས་སྔགས་གྲངས་འབུམ་ཚོ་ཁ་ཤས་བསགས་ཏེ་བསྙེན་མཚམས་ཐུང་ཐུང་རེ་བྱེད་པའམ་བྱས་རྗེས། ཡི་དམ་བྱེ་བྲག་པ་ཞིག་གི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་ཁུལ་འུད་ཤོབ་ཤོད་པ་ནི་ཁུངས་ལུང་མེད་པའི་འཆལ་གཏམ་རང་ཡིན་པ་དང་། ལྷག་པར་དུ་ཉིན་རེའི་སྒྲུབ་ཐབས་རིང་པོ་ཁག་ཉམས་ལེན་མ་བྱས་པར། རློམ་སེམས་དང་ཁེངས་དྲེགས་བྱེད་པ་ནི་དེ་ལས་ཀྱང་ཡ་ང་བ་ཞིག་ཡིན་ཞེས་གསུངས། དེ་ག་ནང་བཞིན་སྒྲུབ་ཐབས་རིང་པོ་རྣམས་ལས་དང་པོ་བ་ཚོའི་ཆེད་དུ་ཡིན་སྐོར་རིན་པོ་ཆེས་རྒྱུན་དུ་འགྲེལ་བཤད་གནང་བ་དང་། ལྷ་མོའི་འཁྲབ་གཞུང་རིང་པོ་ཞིག་གི་འཆར་སྣང་ལྟར། སྒྲུབ་ཐབས་དེ་དག་གི་ནང་རྒྱུན་དུ་ཤོག་ངོས་བརྒྱ་ལས་མང་བ་ཡོད་ཅིང་། སྒྲུབ་ཐབས་བསྡུས་པ་རྣམས་ཉམས་ལེན་ཆ་ཚང་ལ་མྱོང་འདྲིས་ཡོད་པའི་ཚད་མཐོ་པོའི་ཉམས་ལེན་པ་རྣམས་ཀྱི་ཆེད་དུ་ཡིན། ཁོང་རྣམས་ཀྱིས་ཆོ་གའི་ཚིག་ཁ་ཤས་ཙམ་བཏོན་ནས་དམིགས་རྣམ་དང་བྱེད་སྒོ་ཡོངས་རྫོགས་ཁ་སྐོང་བྱེད་ཐུབ་ཀྱི་ཡོད།

དགོས་དབང་གི་སྦས་པའི་གསང་སྔགས་ཆོས་ཀྱི་ཐབས་ལམ་ལ་ཡི་རངས་བྱེད་པ།

ད་དུང་ནུབ་ཕྱོགས་པ་རྣམས་ཀྱིས་སྤྱིར་ཆོས་ཀྱི་སློབ་ཁྲིད་ཆ་ཚང་དང་། བྱེ་བྲག་ཏུ་སྔགས་དང་འབྲེལ་བའི་དབང་ལུང་མན་ངག་རྣམས་དང་པོ་ཉིད་ནས་མངོན་གསལ་དོད་པོ་སྟོན་པར་འདོད་པའི་བསམ་ཕྱོགས་ལ་ཚོད་འཛིན་བྱ་དགོས་ཞེས་རིན་པོ་ཆེས་བཀའ་གནང་གི་རེད། རྒྱ་གར་དང་བོད་ཀྱི་མཁས་གྲུབ་རྣམས་ལ་གཞུང་ཆེན་གསལ་པོ་ཕྱག་རྩོམ་གནང་བའི་ཡོན་ཏན་དང་ནུས་པ་ངེས་པར་དུ་མངའ་ནའང་། ཁོང་རྣམ་པས་དགོས་པའི་དབང་གིས་སྦས་དོན་གྱི་ཚུལ་དུ་བརྩམས་ཏེ། སྔགས་ཀྱི་གདམས་པ་རྣམས་ཧ་ཅང་གསལ་པོ་དང་འཇུག་བདེ་པོ་བཟོས་ན། ཉམས་ལེན་ལ་ལས་སླ་པོའི་སྒོ་ནས་བར་ཆད་ཡོང་བ་དང་ཉམས་རྒུད་འགྲོ་བའི་ཉེན་ཁ་ཡོད། དཔེར་ན། མི་རྣམས་ཀྱིས་ཡིན་ཤག་ཤག་བྱས་ཏེ་གསུང་ཆོས་ཞུ་བ་ལས་དོ་གལ་ཆེན་པོས་དོན་གཉེར་མི་བྱེད་པ་ལྟ་བུ་རེད།

ནང་པའི་སློབ་ཁྲིད་ཐབས་ཚུལ་ཀྱི་ཆ་ཤས་གལ་ཆེན་གཅིག་ནི། གཞན་ལ་དོན་དག་དེའི་ཐོག་དྲི་བ་ཡོད་པ་བཟོ་རྒྱུ་དེ་ཡིན། གལ་ཏེ་སློབ་ཕྲུག་ཚོར་དངོས་གནས་དྲང་གནས་དོན་གཉེར་དང་དོ་དབྱིངས་ཡོད་ན། ཁོང་ཚོས་གསལ་བཤད་ཞིབ་ཕྲ་རག་ཐབས་བྱེད་པ་དང་། འདིས་ “ཆོས་ཕྱོགས་ཀྱི་ལྟ་སྐོར་” ཙམ་དུ་ཡོང་མཁན་དང་སད་རྟོགས་ཀྱི་གནས་ཚད་ལ་སླེབས་པའི་ཆེད་འབད་རྩོལ་བྱེད་མི་འདོད་པ་རྣམས་རང་ཤུགས་ཀྱིས་བུད་ནས་མེད་པ་ཆགས་འགྲོ་གི་ཡོད།  གལ་སྲིད་གསང་སྔགས་ཀྱི་ཆོས་ཁ་གསལ་དུ་གཏོང་བའི་དགོས་དོན་དེ་མིའི་ལོག་རྟོག་དང་མི་དགེ་བའི་བག་ཆགས་མེད་པ་བཟོ་རྒྱུ་ཡིན་ན། འགྲེལ་པ་ཁ་གསལ་པོ་དེ་འདྲ་ཁྱབ་སྤེལ་རུང་བར་༸གོང་ས་མཆོག་གིས་བཀའ་འཁྲོལ་གནང་ཡོད། དེ་དག་ནི་གཞུང་ལུགས་རྣམ་གཞག་ཐོག་ལ་སེམས་འཁུར་བྱ་རྒྱུ་ཙམ་ལས་ཡི་དམ་བྱེ་བྲག་པ་ཞིག་གི་ཉམས་ལེན་བྱེ་བྲག་པ་ཞིག་གི་ཐོག་ལ་མིན། གལ་ཏེ་ “ཇི་ལྟར་བྱ་ཚུལ་” གྱི་ལག་དེབ་ཁ་གསལ་པོ་ཡོད་ན། མི་རྣམས་ཀྱིས་དགེ་རྒན་གྱི་ལམ་སྟོན་ལ་མ་བསྟེན་པར་ཚད་མཐོ་བའི་ཉམས་ལེན་ལ་འཇུག་ཐབས་བྱེད་སྲིད། དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་རེད།

ཆོས་སྐྱོང་སྲུང་མ་རྣམས་དོ་གལ་མེད་པའི་ལྟ་ཚུལ་འཛིན་རྒྱུ་མེད།

རིན་པོ་ཆེས་ཉེན་ཁ་ཆེ་ཤོས་ནི་ཆོས་སྐྱོང་དང་སྲུང་མ་རྣམས་དོ་གལ་མེད་པའི་ལྟ་ཚུལ་བཟུང་ནས་གང་བྱུང་གིས་བསྟེན་གསོལ་བྱེད་པ་དེ་ཡིན་ཞེས་གསུངས། ཆོས་སྐྱོང་སྲུང་མ་རྣམས་ནི་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་བཏུལ་ཟིན་པའི་མཐུ་སྟོབས་ཆེ་ལ་རྒྱུན་དུ་རྣམ་ཤེས་ངོ་བོར་བཞུགས་པ་ཞིག་ཡིན། ཁོང་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་ཕྱིར་དམ་བཅའ་བཞག་སྟེ། སྤྱིར་དྲག་པོའི་ངོ་བོར་སེམས་ཅན་དེ་དག་ཕན་པ་འགྲུབ་པ་དང་། ཉམས་ལེན་པ་རྣམ་དག་གནང་མཁན་རྣམས་གནོད་པ་དང་བར་ཆད་ལས་སྲུང་བའི་ཆེད་དུ་བཏུལ་བ་ཞིག་རེད། དེར་བརྟེན་དེ་དག་ནི་ཉམས་ལེན་གྱི་རྟོགས་པ་མཐོན་པོར་སོན་པའི་རྣལ་འབྱོར་པ་གཅིག་པུས་སྟངས་འཛིན་དང་ཁ་ལོ་སྒྱུར་ཐུབ་པ་ཡིན།

རིན་པོ་ཆེས་མཚན་ཉིད་སློབ་གཉེར་ལ་གཅིག་ཏུ་འབུངས་བའི་དགོན་པ་ཞིག་གི་ཉམས་ལེན་སྲུང་སྐྱོབ་ཕྱིར་དམ་བཅས་པའི་སྲུང་མ་གཅིག་གི་སྒྲུང་ཡང་ཡང་གསུངས་གནང་གི་ཡོད། སུས་ཀྱང་མཚན་ཉིད་ངེས་པར་དུ་རྩོད་དགོས་པའི་དུས་སུ་ཆོས་རྭའི་ནང་སྔགས་ཀྱི་ཉམས་ལེན་བྱེད་ཐབས་བྱས་ན། ཁོས་དེ་དག་ལ་ནད་ན་ཚ་དང་བར་ཆད་གཏོང་ངེས་པ་ཡིན། མཚན་ཉིད་ཀྱི་སློབ་གཉེར་མཐར་ཕྱིན་པ་དང་དེ་ནས་རྒྱུད་གྲྭ་སྟོད་སྨད་གང་རུང་ནས་བསླབ་པ་མཐར་ཕྱིན་པའི་དགེ་འདུན་པ་ཚོར་མ་གཏོགས་གསང་སྔགས་ཉམས་ལེན་བྱེད་དུ་བཅུག་གི་མེད། འོན་ཀྱང་ད་དུང་དེ་ཡང་དགོན་པའི་རྭ་བའི་ནང་བྱེད་ཆོག་གི་མེད་པ་རེད།

དགེ་བཤེས་ཤིག་གིས་སློབ་གཉེར་བ་ཡིན་པའི་སྐབས་དགོན་པའི་ནང་དུ་སྔགས་དང་འབྲེལ་བའི་ཆོ་གའི་ཡ་རྒྱལ་དུ་ཤུག་པ་བསྲེགས་ཏེ་བསང་མཆོད་པ་ཕུལ་ཀྱི་ཡོད། དེས་རྐྱེན་པས་ཁོང་ལ་བར་ཆད་མུ་མཐུད་ནས་བྱུང་བ་རེད། དེ་རྗེས་ཁོང་གིས་རྒྱུད་གྲྭ་སྟོད་སྨད་གང་རུང་གཅིག་ལ་བཞུགས་ནས་སློབ་གཉེར་མཐར་ཕྱིན་པའི་རྗེས་མཆོད་པ་དེ་འབུལ་འགོ་བརྩམས་ཡོད་ནའང། དགོན་པའི་ཕྱི་རོལ་གྱི་ཉེ་འགྲམ་རི་འདབས་སུ་བསང་མཆོད་འབུལ་དགོས་ཀྱི་ཡོད། ལོ་ཤས་རྗེས། དགེ་བཤེས་ལགས་ནས་རྟོག་མེད་མངོན་སུམ་གྱིས་སྟོང་ཉིད་རྟོགས་ཏེ། སྲུང་མའི་ཞལ་གཟིགས། དེར་བརྟེན་དྲག་པོའི་རྣམ་པ་ཅན་གྱི་སྲུང་མ་དེས། “སྔོན་ཆད་ངས་ཁྱེད་ལ་གནོད་པ་བྱས་པར་དགོངས་སེལ་ཞུ། འོན་ཀྱང་དེ་ནི་ངས་ཁྱེད་ཀྱི་དགོན་པའི་སྲོལ་གཏོད་པ་པོར་ཁས་བླངས་པའི་དམ་བཅའི་ཆ་ཤས་ཤིག་ཡིན། ད་ཆ་ཁྱེད་ཀྱིས་སྟོང་ཉིད་མངོན་སུམ་རྗེན་པར་རྟོགས་པས། ཐ་ན་ངས་གནོད་པ་བྱེད་འདོད་ཡོད་ཀྱང་། ངས་ཁྱེད་ལ་གནོད་པ་གང་ཡང་བྱེད་མི་ཐུབ།” ཅེསབརྗོད་པ་རེད།

རིན་པོ་ཆེས་དཔེ་དེའི་གལ་གནད་བརྩིས་གནང་ནས་ནན་པོར་གསུངས་པ་དང་། ང་ཚོའི་ནུས་ཚད་ལས་བརྒལ་ནས་སྟངས་འཛིན་བྱེད་པའི་གླེན་པའི་ནུས་མཐུ་དེས་རྐྱེན་ངན་སློང་སྲིད། ཆོས་སྐྱོང་དང་སྲུང་མ་རྣམས་ནི་ཡི་དམ་གྱི་བྲན་གཡོག་ཡིན་པ་རྒྱུན་དུ་མ་བརྗེད་པ་བྱེད་དགོས་ཞེས་པའི་༸གོང་ས་མཆོག་གི་གསུང་དེ་རིན་པོ་ཆེས་ཡང་ནས་ཡང་དུ་ལུང་འདྲེན་གནང་གི་ཡོད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེའི་བསྐྱེད་རིམ་གྱི་ནུས་པ་ཡོངས་སུ་རྫོགས་པ་དང་ལྷན་དུ་ཡི་དམ་གྱི་ངོ་བོའི་ཐོག་ནས་བཀའ་གཏོང་ཐུབ་པ་རྣམས་ནི་དེའི་ཁོངས་སུ་གཏོགས་པ་གཅིག་པུ་ཡིན། དེ་མིན་གནས་ཚད་མ་ལོན་པ་དང་དུས་ལ་མ་བབས་གོང་ནས་དེ་ལྟར་འཇུག་པ་ནི་ཕྲུ་གུ་ཆུང་ཆུང་ཞིག་གིས་སེང་གེ་སྟོབས་ཆེན་ཞིག་སྲུང་སྐྱོབ་ཆེད་དུ་འབོད་པ་དང་འདྲ་བ་ཡིན། སེང་གེ་དེས་ཕྲུ་གུ་ལྟོགས་རྔབ་ཀྱིས་ཁྱུར་མིད་གཏོང་སྲིད། དེ་འདྲ་ཡིན་པ་སོང་ཙང་། ༸གོང་ས་མཆོག་གིས། རང་རེའི་སྲུང་མ་རྩེ་ཕུད་དེ་ནི་རང་རང་སོ་སོའི་བྱ་བར་བརྟེན་པའི་ལས་དེ་ཡིན།  དེར་མ་ཟད། སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་གང་འདྲ་ཞིག་ཆགས་ཡོད་དམ། ཞེས་བསླབ་བྱ་གནང་ཡོད།།

Top