བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དགེ་བའི་བཤེས་གཉེན། > སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར། > ལེའུ་ལྔ་པ། རིན་པོ་ཆེའི་ལྷག་པའི་མཁྱེན་ཡོན།

སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར།

ཨེ་ལེག་ཛན་ཌར། བྷར་ཛིན། ཕྱི་ལོ་ ༡༩༩༨ །

ལེའུ་ལྔ་པ། རིན་པོ་ཆེའི་ལྷག་པའི་མཁྱེན་ཡོན།

སེར་ཀོང་རིན་པོ་ཆེས་ནམ་ཡང་ཁོང་རང་ཉིད་རྣལ་འབྱོར་བ་ཞིག་གམ། དམིགས་བསལ་ནུས་པ་ཡོད་པ་ཞིག་ཏུ་ཞལ་བཞེས་གནང་གི་མེད། གལ་ཏེ་ང་ཚོར་གང་ཟག་གཞན་ཞིག་གི་དཔེ་མཚོན་དགོས་པའི་ཚེ། ཁོང་གིས་གསུངས་དོན། ང་ཚོས་དུས་ཡུན་རིང་པོར་སོང་བའི་འདས་དོན་གཅིག་པུར་བལྟ་མི་དགོས་པར་ཉིད་ཀྱི་ཡབ་དམ་པ་སེར་ཀོང་རྡོ་རྗེ་འཆང་མཆོག་དཔེ་མཚོན་གསལ་བ་ཞིག་ཡིན་པར་གསུངས། ཁོང་གི་ཡབ་དམ་པ་མཆོག་དགའ་ལྡན་བྱང་རྩེར་རབ་བྱུང་བ་ཞིག་ཡིན་པའི་སྐབས་ནས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཉམས་རྟོགས་ཐུགས་རྒྱུད་ལ་འཁྲུངས་ཡོད་པ་སྟེ། དེར་ཁོང་གིས་གསང་ཡུམ་དང་ལྷན་དུསེམས་གནས་ཕྲ་ཤོས་སུ་སྙེག་པའི་རྣལ་འབྱོར་གནད་ཁྱད་པར་བ་དག་ལ་ཉམས་ལེན་གནང་ཐུབ། དེ་འདྲའི་ཉམས་རྟོགས་ཡོངས་སུ་རྫོགས་པའི་གནས་མཐོན་པོར་སོན་པའི་སྐབས་རླུང་སེམས་ཕྲ་མོའི་ཆ་ལག་ལ་དབང་ཡོངས་སུ་སྒྱུར་བ་དང་ལྷན་ཕྱི་ནང་གི་བྱུང་བ་དང་འབྱུང་འགྱུར་གཉི་གར་དབང་སྒྱུར་ཐུབ་ཞིག་དགོས། ཁོང་གི་དགེ་ཚུལ་སློང་གི་སྡོམ་པས་སྤྱིར་ཁོང་ཉིད་དེ་འདྲའི་ཉམས་ལེན་གནང་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་པ་རེད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སེར་ཀོང་རྡོ་རྗེ་འཆང་ལ་ཉིད་ཀྱི་ཉམས་རྟོགས་ཀྱི་རྟགས་དང་མཚན་མ་བཀའ་འདྲི་གནང་བས། ཁོང་གིས་གཡག་གི་རྭ་ཅོར་མདུད་པ་བསྐྱོན་ནས་སྤྱན་འབུལ་ཞུས། ༸གོང་ས་མཆོག་ཐུགས་མགུ་ནས་ཁོང་ལ་གནས་སྐབས་འདིར་ཉམས་ལེན་གནང་བའི་ཚེ་ཉིད་ཀྱི་རབ་བྱུང་བའི་ཆ་ལུགས་འཛིན་ཆོག་པའི་བཀའ་ཁྲོལ་གནང། རིན་པོ་ཆེས་ཐུགས་སེམས་མནན་པའི་ཐོག་ནས་གསུངས་དོན། ཁོང་ཚོས་རྭ་ཅོ་དེ་ཁོང་ཉིད་ཀྱི་གཟིམ་ཁང་དུ་བུ་ཕྲུག་ཞིག་དང་འདྲ་བར་གཅེས་ཉར་བྱས་ཡོད་ཅེས་གསུངས།

སེར་ཀོང་རྡོ་རྗེ་འཆང་མཆོག་ནི་ཡོངས་གྲགས་སུ་དུས་རབས་བཅུ་གཅིག་པའི་ལོ་ཙ་བ་རྗེ་བཙུན་མར་པའི་ཡང་སྲིད་ཅིག་ཡིན་པའི་ངོས་འཛིན་ཞུས་ཡོད། སེར་ཀོང་རིན་པོ་ཆེ་མཆོག་ཉིད་ཀྱང་ཡབ་དམ་པའི་རྒྱུད་པ་འཛིན་རྒྱུར་སྐུ་འཁྲུངས་པ་སྟེ། མར་པ་ལོ་ཙ་བའིཐུགས་སྲས་དར་མ་མདོ་སྡེའི་ཡང་སྲིད་ལྟ་བུར་སྣང། འོན་ཀྱང་གནད་དོན་འདི་རིན་པོ་ཆེས་ང་ལ་ཚར་གཅིག་ཀྱང་རྩ་བ་ཉིད་ནས་གསུངས་མྱོང་མེད། ཁོང་གིས་ཡབ་དམ་པ་དང་ཁོང་ཉིད་བསྡུར་བ་ནམ་ཡང་གནང་གི་མེད། དེ་ལྟ་ནའང། རིན་པོ་ཆེའི་གསང་རྒྱ་ལ་མ་ལྟོས་པར་ཁོང་ཉིད་ཀྱིས་ལུས་ཀྱི་རླུང་སེམས་ཕྲ་མོར་དབང་བསྒྱུར་བ་དང། ཐུན་མོང་མ་ཡིན་པའི་ནུས་པ་དག་ལྡན་ཡོད་པ་ནི་ཁོང་དང་ཐུགས་འདྲིས་ཆེ་བ་རྣམས་ལས་གོ་དོན་གསལ་དུ་གྱུར། རིན་པོ་ཆེའི་མནལ་རང་དབང་དུ་གཟིམ་ནུས་ལུགས་འདིས་དེའི་རྟགས་མཚན་ཁ་ཤས་བསྟན་པ་རེད། ཐེངས་ཤིག་ཝི་སི་ཀོན་སིན་ (Wisconsin) ནང་གི་མལ་ཌི་སིན་ (Madison) དུ་འཕྲོད་བསྟེན་བརྟག་དཔྱད་ཅིག་གི་དོནདུ་རིན་པོ་ཆེར་སྙིང་གི་འཕར་ཚད་ལ་གཟིགས་དགོས་བྱུང་བ་རེད། བརྟག་དཔྱད་ཀྱི་ཆེད་མར་གན་རྐྱལ་དུ་བཞུགས་པའི་སྐབས་ཁོང་ནུས་ཤུགས་ཅན་དང་གྲུང་ཤ་དོད་པོ་ཡོད་ནའང། སྨན་པས་རིན་པོ་ཆེར་སྐུ་ལྷོད་ལྷོད་གནང་དགོས་པའི་བཀའ་མོལ་གནང་བ་དང་སྐར་ཆ་ཁ་ཤས་ཀྱི་ནང་ཁོང་གིས་རྔུར་སྒྲ་དང་བཅས་ཏེ་མནལ་ཁུག་སོང།

དཔེ་མཚོན་འགའ་ཞིག་གི་ཐོག་ནས་རིན་པོ་ཆེའི་མ་འོངས་མངོན་གཟིགས་ཀྱི་ཁྱད་དུ་འཕགས་པའི་ཚོར་ཤེས་ཀྱི་ནུས་པ་རྣམས་མཐོང་ཐུབ་པ་ཡིན། རིན་པོ་ཆེ་༸སྐྱབས་མགོན་ཆེན་པོའི་བཤེས་གཉེན་གནང་བ་ཙམ་མ་ཡིན་པར་ ད་དུང་ཁོང་གིས་སྐབས་རེ་རྒྱལ་ཡུམ་ཆེན་མོ་དབུས་པའི་ཡབ་གཞིས་ཚང་གིས་སྐུ་འཁོར་ཁ་ཤས་ལ་སློབ་སྟོན་གནང་གི་ཡོད། སྤྱིར་རིན་པོ་ཆེས་གདན་ཐོབ་རྗེས་འབྲེལ་གྱི་སྲོལ་རྒྱུན་གྱི་མཇལ་འཕྲད་ཕུད་དེ་མིན་སྙན་སེང་སྔོན་དུ་མ་གནང་བར་ནམ་ཡང་རྒྱལ་ཡུམ་ཆེན་མོར་མཇལ་བཅར་དུ་ཕེབས་ཀྱི་མེད་པ་རེད། དེ་ལྟ་ནའང། རྒྱལ་ཡུམ་མཆོག་སྐུ་མ་གཤེགས་པའི་སྔོན་ཙམ་ལ་རིན་པོ་ཆེས་རྒྱལ་ཡུམ་གྱི་གནས་སྟངས་གཟིགས་ནས་སྲོལ་རྒྱུན་རྩི་མེད་ཀྱིས་ཁོང་ལ་བསམ་ཡུལ་ལས་འདས་པའི་མཐའ་མའི་མཇལ་འཕྲད་གནང་བར་ཕེབས་པ་རེད།

ཐེངས་ཤིག་རིན་པོ་ཆེ་མཆོག་ཧྥ་རན་སི་ (France) ནང་གི་ལཱ་ཝོར་ (Lavaur) དུ་བཛྲ་ཡོ་གི་ཎིའི་ཆོས་ཚོགས་སུ་གསུང་ཆོས་གནང་བཞིན་ཡོད་པ་དང་། པེ་རི་སི་ (Paris) ལ་མ་ཐོན་གོང་ཉིན་འགའ་ཤས་བར་གསེང་རེད་འདུག །གྲོགས་པོ་ཐུགས་འཕྲད་ཆེད་ང་སྔོན་ཙམ་ལ་ཐོན་འདོད་བྱུང་བ་དང་མི་ཞིག་གིས་ང་ལ་རིན་མེད་ཐོག་མོ་ཊའི་ནང་བླུག་རྒྱུ་བྱས་བྱུང། ངས་པེ་རི་སི་ལ་ཐོན་རྒྱུ་བཀའ་ཁྲོལ་ཞུས་པའི་སྐབས་རིན་པོ་ཆེས་ང་ལ་དཔེ་ཡག་པོ་རེད། ཁྱེད་རང་གཟའ་ཟླ་བར་པེ་རི་སི་ལ་ཐོན་མཁན་རེད་པཱ། ཞེས་གསུངས། ངས་རིན་པོ་ཆེར་ མིན། མིན། ང་སང་ཉིན་གཟའ་ཉི་མར་ཐོན་མཁན་ཡིན། ཞེས་ཞུས་སྐབས་རིན་པོ་ཆེས་བསྐྱར་དུ་དཔེ་ཡག་པོ་རེད། ཁྱེད་རང་གཟའ་ཟླ་བར་ཐོན་མཁན་རེད་པཱ། ཞེས་གསུངས། དེས་ན་ངས་རིན་པོ་ཆེར་ གཟའ་ཉི་མར་ཐོན་ན་མི་འགྲིག་པ་འདྲ་འདུག་གམ། དེའི་ཚབ་ཏུ་གཟའ་ཟླ་ཕྱིར་འགྱངས་ཞུས་ན། ཞེས་བཀའ་འདྲི་ཞུས་པར་རིན་པོ་ཆེས་བཞད་མོ་བཞད་དེ་ མ་རེད། མ་རེད། གནད་དོན་ཆེ་བ་གང་ཡང་མིན་འདུག །ཅེས་གསུངས་བྱུང།

དེ་ནས་རེས་གཟའ་ཉི་མར་ངས་པེ་རི་སི་ལ་ཐོན་པ་ཡིན། ལམ་ཕྱེད་ཙམ་ལ་སྣུམ་འཁོར་འཕྲོ་བརླག་ཕྱིན་སོང། ཧྥ་རན་སི་ནང་རེས་གཟའ་ཉི་མར་སྣུམ་འཁོར་བཟོ་བཅོས་ཁང་སྒོ་རྒྱག་གི་ཡོད་པར་བརྟེན་ང་ཚོ་མཚན་གཅིག་གྲོང་གསེབ་ཆུང་ཆུང་ཞིག་ཏུ་བསྡད་དགོས་བྱུང། ང་ཚོས་རེས་གཟའ་ཟླ་བའི་ཞོགས་པ་སྣུམ་འཁོར་བཟོ་བཅོས་བརྒྱབ་ཏེ། རིན་པོ་ཆེས་མ་འོངས་སྔོན་གཟིགས་གནང་བ་བཞིན་ང་པེ་རི་སི་ལ་རེས་གཟའ་ཟླ་བར་འབྱོར་བྱུང།

སྐབས་རེ་རིན་པོ་ཆེས་རྒྱང་ཐག་རིང་པོར་གཟིགས་ཐུབ་པའི་ནུས་པ་མངོན་གསུམ་དུ་བསྟན་གནང་གི་རེད། ཉིན་གཅིག་དྷ་རམ་ས་ལར་ཊུ་ཤི་ཏ་བསྙེན་མཚམས་ཁང་གི་འགན་འཛིན་གྱིས་རིན་པོ་ཆེ་མཆོག་ཆོ་ག་ཞིག་གི་དབུ་བཞུགས་ཏུ་གདན་འདྲེན་ཞུས་པ་རེད། སྣུམ་འཁོར་བསྙེན་མཚམས་ཁང་དུ་འབྱོར་མ་ཐག་རིན་པོ་ཆེས་ མགྱོགས་པོ་བགྱིད་དང། མཆོད་ཁང་ལ་བལྟ་བར་འགྲོ། ཡང་ལཱ་ཞིག་ལྷུང་འདུག ཅེས་གསུངས་སོང། འགན་འཛིན་གྱིས་ཡར་བརྒྱུགས་ནས་བལྟས་པའི་སྐབས་མངོན་སུམ་དུ་ཡང་ལཱ་ཞིག་འགྱེལ་ནས་མེ་འབར་ལ་ཁད་དུ་སླེབས་ཡོད་པ་མཐོང་འདུག །

རིན་པོ་ཆེས་མི་རྣམས་དང་ཁོང་ཉིད་ལས་འབྲེལ་གང་འདྲ་ཞིག་ཡོད་པ་ཚོར་ཐུབ་པ་ཙམ་མ་ཟད། ད་དུང་སྐབས་འགར་ངོ་འདྲིས་མེད་པའི་སྐྱེ་བོ་དག་གི་གནས་ཚུལ་གང་ཡང་མ་ཞུས་པར་མཁྱེན་གྱི་ཡོད་པ་བསྟན། ཐེངས་གཅིག་ཝི་སི་ཀོན་སིན་ནང་གི་མལ་ཌི་སིན་དུ་ངའི་གྲོགས་པོ་ཞིག་གིས་ཐེངས་དང་པོར་རིན་པོ་ཆེ་མཆོག་མཇལ་བར་སླེབས། ངའི་གྲོགས་པོས་རྒྱུན་གཏན་གྱི་བྱེད་སྟངས་ལྟར་བྱས་ནའང། ང་གཉིས་སུས་ཀྱང་ཁོའི་སོ་མ་ར་ཙ་འཐེན་པའི་གོམས་གཤིས་སྙན་སྒྲོན་མ་ཞུས་པར། རིན་པོ་ཆེས་ངའི་གྲོགས་པོར་དུག་རྫས་འཐེན་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པར་གསུངས། དེས་ཁོའི་ཡར་རྒྱས་ལ་གནོད་སྐྱོན་བཟོས་བཞིན་ཡོད་པ་རེད། རིན་པོ་ཆེས་མཇལ་འཕྲད་གནང་བའི་ནུབ་ཕྱོགས་པ་ཡོངས་ནས་་སོ་མ་ར་ཙའི་སྐོར་ལ་བསླབ་བྱ་གནང་ཡུལ་གྱི་གང་ཟག་གཅིག་པུ་དེ་ངའི་གྲོགས་པོ་ཆགས་ཡོད་པ་རེད།

རིན་པོ་ཆེས་མི་གཞན་མང་པོའི་རྒྱུད་ལ་གནོད་གཞི་ཅན་གྱི་གོམས་གཤིས་དང་འདོད་ཕྱོགས་ཡོད་པ་གཟིགས་ནའང། ཁོང་ཚོའི་ནོར་བ་དང་འཁྲུལ་བ་ཐེར་འདོན་གནང་རྒྱུར་རིན་པོ་ཆེ་རྒྱུན་དུ་ཐབས་བྱུས་མཁས་པོ་ཞིག་ཡིན། ཐེངས་ཤིག་རིན་པོ་ཆེ་བལ་ཡུལ་ལ་ཟླ་ཤས་ཆིབས་སྒྱུར་གནང་བའི་རིང་ང་ལ་རང་ཉིད་ཀྱི་ལས་ཀ་དང་འབྲེལ་བའི་སྒེར་གྱི་དཀའ་ངལ་འགའ་འཕྲད་བྱུང། ང་ཚོ་བསྐྱར་དུ་རྡོ་རྗེ་གདན་དུ་མཇལ་འཛོམས་བྱུང། དེ་དུས་ང་༸གོང་ས་མཆོག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་ལ་གསུང་སྒྱུར་ཞུས་བཞིན་ཡོད། རིན་པོ་ཆེས་རྣམ་དཔྱོད་བྲལ་བའི་ཐོག་ནས་ངའི་དཀའ་ངལ་ལ་གདོང་ལེན་བྱེད་ཚུལ་དེ་ཡོངས་སུ་གླེན་རྟགས་ཅན་ཡིན་པ་དངོས་སུ་མ་གསུངས་པར། ངས་གསུང་སྒྱུར་ཞུས་བཞིན་པའི་ཕྱག་དཔེ་ཞལ་ཕྱེ་ནས་ཤོག་ལྷེ་ཨ་ལོག་བརྒྱབ་བཞིན་དུ་ཚིག་རྐང་འགའ་ཞིག་ལ་ཕྱག་མཛུབ་གཏད་དེ་དེའི་དོན་ཤེས་ཀྱི་ཡོད་མེད་བཀའ་འདྲི་གནང་བྱུང། ཚིག་དེ་དག་ནི་ཏག་ཏག་ང་ལ་འཕྲད་བཞིན་པའི་དཀའ་ངལ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག །རིན་པོ་ཆེས་ཚིག་དེ་དག་གི་དོན་ཐུན་མོང་མ་ཡིན་པ་ཡོངས་རྫོགས་འགྲེལ་པ་གནང་སྟེ་གནས་སྟངས་བཅོས་པའི་བྱ་ཐབས་ཤུགས་ཀྱིས་བསྟན་གནང་བྱུང།

ཐེངས་ཤིག་ལོ་ན་བགྲེས་པའི་སུད་སི་ཕྱུག་བདག་བུད་མེད་ཅིག་གིས་རིན་པོ་ཆེ་མཆོག་ཛུ་རིག་ནང་གི་ཁང་འགྲེམ་ཚོང་ཁང་སྟེ། ཚོང་རྫས་རིན་གོང་ཆེ་ཤོས་དང་ཁྲ་ཁྲ་སིལ་སིལ་ཚ་ཤོས་ཞིག་ཏུ་དལ་གཏོང་སྣུམ་འཁོར་ (taxi) ནང་གདན་དྲངས། ཚོང་ཁང་དེ་ལས་མར་ཐོན་པའི་རྗེས་སུ་རིན་པོ་ཆེས་དེའི་ནང་དངོས་པོ་གང་ཡང་མི་སུ་གཅིག་ལའང་དགོས་པའི་ཅ་དངོས་མེད་པའི་བཤད་པ་བསྐྱོན་པ་གནང། རིན་པོ་ཆེས་ཁོ་མོར་གལ་ཏེ་ང་ཚོས་ཁོ་མོའི་ཁྱིམ་ཚང་བར་དུ་འདྲུད་འཐེན་འཁོར་ལོར་བསྡད་པ་ཡིན་ན། མི་མང་དཀྱུས་མ་ཚོའི་འགྲུལ་བཞུད་བྱེད་སྟངས་མཐོང་རྒྱུར་དགོད་བྲོ་པོ་ཞིག་ཡོང་ཞེས་བཀའ་འདྲི་གནང་སོང། བུད་མེད་དེས་སྐྱེངས་པའི་ཚུལ་གྱིས་ཁོ་མོས་མོ་རང་གི་མི་ཚེའི་ནང་འདྲུད་འཐེན་འཁོར་ལོའི་ནང་འགྲོ་མྱོང་མེད་པ་དང་དེ་ཇི་ལྟར་སྤྱོད་ཚུལ་ལམ། གང་ནས་མར་བཤོལ་དགོས་མིན་ཤེས་ཀྱི་མེད་པའི་ངོས་ལེན་བྱས། དེ་ལྟ་བུའི་ལམ་ནས་རིན་པོ་ཆེས་ཐུགས་གཤིས་འཇམ་པོའི་ངང་ཁོ་མོར་དཀྱུས་མའི་འཚོ་བ་ལས་ཆོད་པའི་མོ་རང་གི་རྒྱང་ཐག་བསྟན་གནང་བ་རེད།

ཡང་དུས་ཚོད་གཞན་ཞིག་ཏུ་རིན་པོ་ཆེ་མཆོག་ཛུ་རིག་ཉེ་འགྲམ་ཏུ་རྒྱན་གྱིས་སྤྲས་པའི་ཁང་བཟང་ཞིག་ཏུ་སྐུ་བཞུགས་གནང་རྒྱུར་གདན་འདྲེན་ཞུས་པ་རེད། དེའི་ནང་གི་སྦྱིན་བདག་སྐྱེས་སྨན་དེ་རྒྱས་སྤྲོས་ཀྱི་རྣམ་པ་དེ་ལྟ་བུར་ཧ་ཅང་མི་སྐྱིད་པའི་ཚོར་སྣང་ཡོད་འདུག །ཁོ་མོས་ཤིང་བེ་དོའི་པང་ལེབ་བསྒྲིགས་པའི་དཔེ་མཛོད་གཟིམ་ཁང་དེའི་ནང་བརྗིད་ཉམས་ཆེ་ཤོས་ཀྱི་གཟིམ་ཁང་ཡིན་པར་བརྟེན་རིན་པོ་ཆེའི་གཟིམ་སར་གོ་སྒྲིག་ཞུས་པ་རེད། རིན་པོ་ཆེས་བུད་མེད་དེར་ཁོང་ཉིད་གུར་གྱི་ནང་བཞུགས་རྒྱུར་ཐུགས་མཉེས་ཚུལ་དང་། ཁོ་མོའི་བྱ་གཡབ་ལས་མེ་ཏོག་ལྡུམ་རྭའི་མཛེས་སྡུག་གི་རྣམ་པ་དང་། དེའི་འོག་གི་མཚེའུ་ཡི་རྣམ་པ་གཟིགས་ཐུབ་པའི་རྒྱུ་མཚན་གྱིས་དེའི་ནང་བཞུགས་རྒྱུའི་ཐུགས་འདོད་བྱུང་བར་གསུངས། དེ་འདྲའི་ལམ་ནས་ཁོང་གིས་བུད་མེད་དེར་མོ་རང་གི་ཁང་བཟང་ལས་ཐོབ་པའི་སྤྲོ་བ་སྟབས་བདེ་དེ་ལས་མང་བར་ལོངས་སྤྱོད་དང་རྗེས་སུ་ཡི་རངས་བྱེད་ཐུབ་པའི་ཕན་པ་བསྒྲུབས།

རིན་པོ་ཆེས་གཞན་གྱི་ཁམས་དང་མོས་པར་གཞིགས་ནས་ཁོང་ཚོར་ཕན་པ་བསྒྲུབས་གནང་གི་ཡོད་པ་རེད། ཨི་ཊ་ལི་ (Italy) ནང་གི་པཱོ་མཱ་ཡ་ (Pomaia) དུ་ནོར་ལོངས་སྤྱོད་འཐོབ་པའི་ཡི་དམ་ལྷ་ཚོགས་སྒྲོལ་མ་སེར་པོའི་ཉམས་ལེན་གྱི་ཆེེད་རྗེས་གནང་གནང་བའི་སྐབས། རིན་པོ་ཆེས་ཨི་ཊ་ལིའི་རི་མོ་བ་དབུལ་པོ་ཞིག་ལ་ཆོ་ག་དེའི་ཆེད་ལྷ་སྐུར་ཚོན་རྩི་གཏོང་དུ་བཅུག །དེ་འདྲ་བྱས་པ་ལ་བརྟེན་ནས་རི་མོ་བ་དེར་སྒོམ་གྱི་ཉམས་ལེན་དེ་ལས་ནོར་ལོངས་སྤྱོད་ཀྱི་ཕན་ཡོན་འཐོབ་རྒྱུར་བསོད་ནམས་ཀྱི་ལས་ཤུགས་ཆེ་གསོག་ཐུབ་པར་གྱུར། ཆོས་ཚོགས་དེ་རང་ལ་སྐབས་གཞན་ཞིག་ཏུ་རིན་པོ་ཆེས་ན་སོ་གཞོན་པའི་མི། ཕ་མའི་ཁྱིམ་དུ་ཉེ་འཆར་རྐུ་འཕྲོག་ཤོར་བ་དེར་དངུལ་གྱི་འབུལ་ཆུང་ངུ་ཞིག་གནང། གནང་སྦྱིན་དེས་ཁོའི་ཁྱིམ་ཚང་གི་དཔལ་འབྱོར་སླར་གསོ་ཐུབ་པའི་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཏུ་གྱུར་བ་རེད། བོད་ཡིག་སྦྱོང་བའི་སོ་སོའི་ནུས་པར་སེམས་ཤུགས་སམ། གདེང་ཚོད་མེད་པའི་ཉེ་བའི་སློབ་མ་དབྱིན་ཇི་ཨ་ལཱན་ཊུར་ཎེར་ (Alan Turner) ་ལ་རིན་པོ་ཆེས་བོད་ཡིག་གིི་གསལ་བྱེད་ཀ་ཁ་ག་ང་ལ་སོགས་པའི་ལྗགས་ལུང་གནང་ནས་མ་འོངས་པའི་ཆེད་བག་ཆགས་བཞག་གནང་བ་དང། ངའི་བོད་ཡིག་སློབ་སྦྱོང་འགྱུར་བ་མེད་པ་སྟེ། མུ་མཐུད་ཡར་རྒྱས་མ་ཕྱིན་པའི་དུས་རིན་པོ་ཆེས་ང་དང་ལྷན་དུ་བོད་ཡིག་ཚིག་མཛོད་ལ་བལྟ་བསྡུར་གནང་རྒྱུའི་དབུ་འཛུགས་གནང་བ་དང་། ཚིག་རེ་རེ་བཞིན་ཚིག་སྒྲུབ་བཟོ་རུ་བཅུག་གནང་བྱུང།

རིན་པོ་ཆེ་མཆོག་རྣམ་དཔྱོད་ཤིན་ཏུ་ཡངས་པ་ཞིག་ཀྱང་ཡིན།་ཁོང་གིས་རྟག་ཏུ་གསུངས་དོན་དུ། གཞན་གྱིས་ལྷག་བསམ་རྣམ་དག་གིས་ཅི་ཞིག་ཕུལ་ཀྱང་ལེན་དགོས་པ་སྟེ། ཁྱད་པར་དུ་གལ་སྲིད་ང་ཚོས་འབུལ་བ་མ་བླངས་ཚེ་མི་དེའི་སེམས་ལ་ཕོག་དུག་འགྲོ་ཉེན་ཡོད་པ་དང་བླངས་པ་ཡིན་ན་དེ་ལས་ལྡོག་པའི་སྐབས་སུའོ། སྤྱིར་རིན་པོ་ཆེ་མཆོག་མངར་ཆའི་རིགས་ལ་མཉེས་པོ་མེད་ནའང། གལ་སྲིད་མི་ཞིག་གིས་ཆེད་དུ་མངགས་ནས་ཁོང་ལ་ཀེག་ (cake) ཅིག་བཟོས་ཡོད་ཚེ། ཁོང་གིས་སྤྲོ་སྣང་ལྡན་པའི་ཐོག་ནས་དེའི་དུམ་བུ་གཅིག་མཆོད་གནང་གི་རེད། དོན་ལ་གལ་ཏེ་མི་དེའི་རང་གི་ཡིད་ཆེས་ལ་ཕན་ཐོགས་ཡོད་ཚེ་རིན་པོ་ཆེས་ངག་དབང་ལ་ཁ་ཟས་ལམ་སྟོན་ (recipe) འབྲི་རུ་བཅུག་གནང་གི་ཡོད།

གོང་དུ་བརྗོད་པ་དེ་དག་ཚང་མའི་ཐོག་རིན་པོ་ཆེ་ནི་་ཧ་ཅང་གིས་ཐུགས་རྒྱུད་ཡངས་པ་དང་ཤེས་བྱའི་གནས་མང་ལ་མཁས་པ་ཞིག་རེད། ཁོང་གདན་དྲངས་མཁན་གྱི་ཆོས་ཚོགས་ས་སྐྱ་དང། བཀའ་བརྒྱུད། རྙིང་མ། དགེ་ལུགས་ཛེན་ (Zen)། གནས་བརྟན་སྨྲ་བ་ (Theravada) སོགས་གང་གི་ཁོངས་སུ་གཏོགས་མིན་ལ་མ་ལྟོས་པར། ཁོང་གིས་དེའི་ཐུན་མིན་གྱི་ལུགས་བཞིན་དུ་གསུང་ཆོས་གནང་གི་ཡོད། གནང་ཚུལ་དེས་ནང་ཆོས་ཀྱི་ར་བ་ལས་བརྒལ་གྱི་ཡོད་པ་རེད། ཐེངས་ཤིག་ཨི་ཊ་ལི་ནང་གི་མི་ལཱན་དུ་རྣམ་དག་ཡེ་ཤུའི་ཆོས་ལུགས་ (Catholic) ཀྱི་རྒྱབ་ལྗོངས་ཡོད་པའི་བུད་མེད་ཅིག་གིས་ད་ནས་ངས་བྱང་ཆུབ་སེམས་དཔའ་དང་གསང་སྔགས་ཀྱི་བསླབ་སྡོམ་ལ་སྐྱབས་སུ་འགྲོ་བ་ཡིན། ངས་ཡེ་ཤུའི་མཆོད་ཁང་དུ་སོང་ན་འགྲིག་གམ། ཞེས་བཀའ་འདྲི་ཞུས་སོང་བས། རིན་པོ་ཆེས་ཁྱེད་རང་གིས་ཆོས་ལུགས་གཞན་གྱིས་བསྟན་པའི་བརྩེ་བ་དང་བྱམས་པར་བློ་རྩེ་གཏད་ཚེ་དེ་ལ་མི་འགྲིག་པ་གང་ཡང་མེད། ཁྱེད་རང་གིས་སོ་སོའི་སྐྱབས་འགྲོ་དང་བསླབ་སྡོམ་དང་ཕྱོགས་མཐུན་པའི་ཐོག་ནས་འགྲོ་ཡི་ཡོད་དམ། ཞེས་བཀའ་ལན་གནང་སོང།། །།