བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དགེ་བའི་བཤེས་གཉེན། > སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར། > ལེའུ་བཞི་པ། རིན་པོ་ཆེས་བཤེས་གཉེན་ཚད་ལྡན་ཞིག་གནང་ཐུབ་པའི་ཐབས་ཚུལ།

སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར།

ཨེ་ལེག་ཛན་ཌར། བྷར་ཛིན། ཕྱི་ལོ་ ༡༩༩༨ །

ལེའུ་བཞི་པ། རིན་པོ་ཆེས་བཤེས་གཉེན་ཚད་ལྡན་ཞིག་གནང་ཐུབ་པའི་ཐབས་ཚུལ།

དམ་ཚིག་གཙང་མའི་ཐོག་ནས་དགེ་བའི་བཤེས་གཉེན་བསྟེན་རྒྱུ་ནི་ནང་ཆོས་ཀྱི་ཉམས་ལེན་ཆེས་དཀའ་ཤོས་དང་ཉེན་ཁ་ཆེ་ཤོས་ཤིག་ཡིན་པ་རེད། ནན་ཏན་བྱས་ན་དེ་ཚུལ་དང་མཐུན་པའི་ཐོག་ནས་འཛུགས་ཐུབ་པ་དང་རྒྱུན་འཛིན་ཐུབ། རྩ་བ་བརྟན་པོ་ཞིག་ཚུགས་པའི་རྗེས་གང་གིས་ཀྱང་གཡོ་འགུལ་གཏོང་མི་ཐུབ་པ་ཡིན། སེར་ཀོང་རིན་པོ་ཆེས་ཁོང་དང་ངའི་བར་ལ་གནས་སྟངས་འདི་ཡོང་རྒྱུར་སྐུ་ལས་ཚད་མེད་བསྐྱོན་ནས་བརྟན་པོ་བཟོས་གནང་བ་རེད། མོན་གྷོར་སྨོན་ལམ་ཆེན་མོ་རྫོགས་མཚམས་ཀྱི་དགོང་དྲོ་ཞིག་ལ་རིན་པོ་ཆེས་ང་ལ་དེར་ཡོད་པའི་ཁོང་གི་དཔལ་འབྱོར་དངུལ་རྩིས་སྐོར་ལ་སྒྲུང་མགོ་རྙོག་པོ་ཞིག་གསུངས། ཁོང་གི་ཞབས་ཕྱི་གཞན་ཚོས་དེ་དགོས་མེད་ཅིག་ཏུ་སྣང་ནའང། རིན་པོ་ཆེས་དེ་ངས་ཤེས་དགོས་གལ་ཆེ་བར་གསུངས། གལ་ཏེ་ང་ལ་ཕྱིས་སུ་གནད་དོན་དེའི་སྐོར་ལ་བདེན་པ་མིན་པའི་འཆལ་གཏམ་ཕྲ་དོག་གིས་སྤེལ་བ་དག་གོ་ཐོས་བྱུང་བའི་དབང་དུ་བཏང་ནའང། ཁོང་གིས་ཉིད་ཀྱི་ཡོན་ཏན་དང་ངའི་དམ་ཚིག་གཙང་མར་ཐེ་ཚོམ་སྐད་ཅིག་ཀྱང་མི་ཡོང་བའི་ཐུགས་རེ་གནང་།

དམ་ཚིག་གཙང་མས་དགེ་བའི་བཤེས་གཉེན་བསྟེན་རྒྱུར་དགེ་རྒན་དང་སློབ་མར་འགྱུར་རེའི་གང་ཟག་གཉིས་ཀྱི་བར་ལ་ཕན་ཚུན་བརྟག་དཔྱད་ཆ་ཚང་བ་དང་གཏིང་རིང་པོ་ཞིག་དགོས་ཀྱི་ཡོད། ཞིབ་འཇུག་ནན་པོའི་རྗེས་སུ་སློབ་མས་རང་གི་བཤེས་གཉེན་དེ་བཞིན་སངས་རྒྱས་སུ་བལྟ་དགོས་ཀྱང་དེས་དགེ་བའི་བཤེས་གཉེན་སྐྱོན་མེད་ཡིན་པའི་རྒྱུ་མཚན་སྟོན་གྱི་མེད། སློབ་མས་རྟག་ཏུ་དགེ་རྒན་གྱིས་གསུངས་པར་བརྟག་དཔྱད་བྱེད་དགོས་པ་དང། གལ་ཏེ་དགོས་པ་བྱུང་ཚེ་གུས་ཞབས་ལྡན་པའི་ཐོག་ནས་བསམ་འཆར་འདོན་དགོས་པ་རེད། རྒྱུན་དུ་སྦིར་གསང་དོད་པོས་ཁོང་ཚོས་ངེས་པར་དུ་གུས་ཞབས་ལྡན་པའི་ཐོག་ནས་སོ་སོའི་བཤེས་གཉེན་གྱི་གསུང་དང་སྤྱོད་ཚུལ་མི་མཛེས་པ་གང་ཡོད་པ་རྣམས་དགེ་འདོན་སྐྱོན་སེལ་བྱེད་དགོས་པ་ཡིན།

ཐེངས་ཤིག་རིན་པོ་ཆེས་གནད་དོན་འདི་ཧྤ་རན་སི་(France)ནང་གི་ན་ལན་ཌ་(Nalanda)དགོན་པའི་ནུབ་ཕྱོགས་པའི་རབ་བྱུང་བ་རྣམས་ལ་གསལ་སྟོན་གནང་ཐབས་མཛད། གསུང་ཆོས་སྐབས་སུ་ཁོང་གིས་ཆེད་དུ་མངགས་ནས་ཆོས་ཤིག་འགྲེལ་བཤད་ཡོངས་སུ་ནོར་བ་བསྐྱོན་པ་གནང། ཁོང་གིས་གང་གསུངས་པ་དེ་ཚད་ལས་འདས་པའི་རྒྱུ་མཚན་མེད་ནའང། རབ་བྱུང་བ་རྣམས་ཀྱིས་བརྩི་བཀུར་ཆེན་པོས་ཁོང་གི་གསུང་མཆན་དེབ་ནང་ཇི་མ་ཇི་བཞིན་བྲིས། ཆོས་ཐུན་རྗེས་མར་རིན་པོ་ཆེས་རབ་བྱུང་བ་ཡོངས་ལ་བཀའ་སྐྱོན་གནང་ནས་ཆུ་ཚོད་སྔོན་མར་ཁོང་གིས་ཆོས་ཤིག་གི་འགྲེལ་བཤད་ཡོངས་སུ་ནོར་ནས་བསྐྱོན་ཡོད་པར་གསུངས་པ་དང་། སུས་ཀྱང་དྲི་བ་མ་བཏང་བའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་གསུངས་ནས་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས། བསྲེག་བཅད་བརྡར་བའི་སེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླངས་བར་བྱ་ཡི་གུས་ཕྱིར་མིན། ཞེས་བཀའ་སློབ་གནང་བ་བཞིན་བླ་མས་གསུངས་པར་བརྟག་དཔྱད་གང་ཡང་མ་བྱས་པར་མུན་ནག་ནང་ཁས་ལེན་བྱེད་མི་ཉན་པར་གསུངས། བླ་མ་ཚད་ལྡན་རྣམས་ཀྱིས་ཀྱང་སྐབས་རེ་ཞལ་ཤོར་བ་དང་། གསུང་སྒྱུར་གྱིས་ནོར་འཁྲུལ་ཡང་ཡང་བཟོ་བ། སློབ་མ་ཚོས་དོ་སྣང་མེད་པའི་ཐོག་ནས་ཟིན་བྲིས་ནོར་བ་དང་མགོ་རྙོག་པོ་འགོད་ཀྱི་ཡོད། གལ་ཏེ་ཅི་ཞིག་ལ་ཐེ་ཚོམ་བྱུང་ཚེ་རྒྱུན་དུ་དྲི་བ་གཏོང་བ་དང་དོན་ཡོངས་རྫོགས་ཚད་ལྡན་གྱི་གཞུང་ལ་སྦྱར་ནས་དྭོགས་སེལ་བྱེད་དགོས་པ་ཡིན།

སྒེར་གྱི་ཐོག་ནས་རིན་པོ་ཆེ་ཉིད་ཀྱིས་ཀྱང་ནང་པའི་ཊིག་ག་རྣམས་ལའང་དྭོགས་གཅོད་གནང་གི་ཡོད། དེ་ལྟར་གནང་བའི་ཚེ་ཁོང་གིས་རྗེ་ཙོང་ཁ་པའི་ལུགས་ཀྱི་རྗེས་སུ་འབྲངས་གནང་གི་རེད། དུས་རབས་བཅུ་བཞི་པའི་གངས་ཅན་ཤིང་རྟའི་སྲོལ་འབྱེད་འདིས་རྒྱ་བོད་གཉི་གའི་མཁས་གྲུབ་ཀྱིས་བརྩམས་པའི་གུས་པར་འོས་པའི་གཞུང་མང་པོ་ཕན་ཚུན་འགལ་བའམ་རིགས་པ་དང་འགལ་བའི་གྲུབ་མཐའ་ཡིན་པར་དཔྱད་ཞིབ་མཛད། རིགས་པ་དང་འགལ་བའི་བློ་ཡི་འཇུག་པ་རྣམས་ལ་སུན་འབྱིན་མཛད་མེད་ལ་གསར་གཏོད་ཡང་མ་མཛད་པར་གནད་འདིར་རྗེ་རིན་པོ་ཆེས་ཞིབ་བརྟག་གིས་སྲོལ་ཕྱེ་ནས་སྔ་རབས་པ་རྣམས་ཀྱིས་ལེགས་པར་མ་རྟོགས་པའི་བརྗོད་བྱ་རྣམས་ལ་ངེས་པ་རྙེད་པའི་དོན་འགྲེལ་མཛད། ཟབ་ཅིང་རྒྱ་ཆེ་བའི་ལུང་རྟོགས་གི་བསྟན་པར་སྦྱངས་པ་མཐར་ཕྱིན་པ་དང་རྣལ་འབྱོར་གྱི་ཉམས་ལེན་གྱི་གནས་མཐོན་པོར་སོན་པ་རྣམས་ཀྱིས་མ་གཏོགས་དེ་འདྲའི་སྲོལ་གཏོད་མི་ནུས་པའོ། སེར་ཀོང་རིན་པོ་ཆེ་དེ་རྣམས་ཀྱི་ཁོངས་སུ་གཏོགས།

དཔེར་ན། རིན་པོ་ཆེ་སྐུ་མྱ་ངན་ལས་མ་འདས་པའི་སྔ་རོལ་ཙམ་ལ་ཁོང་གིས་ང་འབོད་ནས་རྗེ་བླ་མས་མཛད་པའི་ཆེས་དཀའ་ཤོས་ཀྱི་གཞུང་དྲང་ངེས་ལེགས་བཤད་སྙིང་པོའི་བརྗོད་བྱ་དུམ་བུ་ཞིག་བསྟན་གནང་བྱུང། རིན་པོ་ཆེས་ཉིན་རེའི་ཉམས་ལེན་གྱི་ཚུལ་དུ་ཤོག་ལྷེ་བརྒྱ་ཕྲག་ཁ་ཤས་ཡོད་པའི་བསྟན་བཅོས་འདི་བློ་ཐོོག་ནས་ཞལ་འདོན་གནང་གི་རེད། བརྗོད་བྱ་དུམ་བུ་དེ་ནི་སེམས་ཀྱི་མ་རིག་པ་གཅོད་པ་དང་ཁྱད་པར་དུ་མ་རིག་པའི་ས་བོན་གཅོད་པའི་སྐབས་དང་འབྲེལ་བ་ཆགས་ཀྱི་ཡོད། འགྲེལ་པ་ཚད་ལྡན་དག་གིས་ས་བོན་དེ་ལྡན་མིན་འདུ་བྱེད་ ༼གཟུགས་མིན་པ་ལ་ཤེས་པ་ཡང་མིན་པའིའགྱུར་བའི་རང་བཞིན་གྱི་ཆོས་༽ ལ་ཤེས་པ་ཡང་མིན་པར་གསུངས། དོན་འདི་གོ་བརྡ་སྤྲོད་ཆེད་ངས་ཐ་སྙད་དེ་ (seeds) ཞེས་པའི་དོད་དུ་ (tendencies) ཞེས་བསྒྱུར་བ་ཡིན། རིགས་པའི་ཁུངས་དང་། མྱོང་བ། གཞུང་ཚིག་གཞན་སོགས་ལ་བརྟེན་ནས་རིན་པོ་ཆེས་འབྲས་ཀྱི་ས་བོན་ད་དུང་ཡང་འབྲས་ཡིན་པར་བརྟེན་མ་རིག་པའི་ས་བོན་ནི་མ་རིག་པའི་རྡུལ་ (traces) འདྲ་པོ་ཡིན་པར་འགྲེལ་གནང་གི་འདུག །གསར་གཏོད་གྱི་འགྲེལ་འདི་ལ་བག་ལ་ཉལ་བའི་ཤེས་པར་འཇུག་ཚུལ་དང་ཇི་ལྟར་རྟོགས་ཚུལ་དང་འབྲེལ་བའི་གཏིང་ཟབ་པའི་ལག་རྗེས་ལྡན་ཡོད།

སེར་ཀོང་རིན་པོ་ཆེའི་གསར་གཏོད་གྱི་རྣམ་དཔྱོད་ལ་ལྟོས་མེད་ཀྱིས་ཁོང་གིས་དུས་རྟག་ཏུ་དམའ་ས་བཟུང་རྒྱུ་དང་བཅོས་མའི་རྣམ་འགྱུར་མེད་པའི་ཐོག་ལ་ཕྱོགས་ཡོངས་ནས་བཀའ་ནན་པོ་གནང་གི་རེད། དེས་ན་རིན་པོ་ཆེ་མོན་གྷོ་ནང་གི་ཉིད་ཀྱི་གདན་སའི་ནང་ནས་བླ་མ་མཐོ་ཤོས་ཡིན་ནའང་། ཁོང་གིས་འདོད་ཆུང་ཆོག་ཤེས་ཀྱི་རྩ་ཁང་ཞིག་མ་གཏོགས་རྒྱུ་ངོམ་གྱི་གཟིམ་ཤག་ཆེན་པོ་ཞིག་བརྒྱབ་གནང་མེད། དྷ་སར་ཡོད་པའི་ཁོང་གི་གཟིམ་ཤག་ཀྱང་ཧ་ཅང་གྱི་བག་ཡོད་ཚུལ་ལྡན་ཏེ། མི་བཞི་ལ་གཟིམ་ཁང་ཁང་མིག་གསུམ་དང་། རྒྱུན་ཆད་་མེད་པའི་སྐུ་མགྲོན། གཟིམ་ཁྱི་གཉིས་དང་ཞི་མི་གཅིག་ཡོད་བཅས་པ་རེད།

རིན་པོ་ཆེས་ཉིད་ཀྱི་ཆེ་བ་ངོམ་སོའི་རིགས་མཐའ་དག་ལ་ཐུགས་ཟོན་གནང་བ་བཞིན་སློབ་མ་རྣམས་ནས་ཁོང་ལ་ཆེ་བརྗོད་བྱེད་རྒྱུར་འགོག་ཐབས་ཡང་གནང་གི་རེད། དཔེར་ན། སྒོམ་གྱི་ཉམས་ལེན་རེ་འགའི་ནང་སོ་སོའི་དགེ་བའི་བཤེས་གཉེན་དང་འབྲེལ་ལམ་གྱི་དབུས་སུ་བླ་མའི་རྣལ་འབྱོར་ཏེ་སྣང་བ་སྤྲོས་ནས་སྒོམ་དགོས་པ་དང་བླ་མའི་ལེགས་སྦྱར་གྱི་མཚན་ཡོད་པའི་སྔགས་ཡང་ཡང་ཟློ་དགོས་ཀྱི་ཡོད། བླ་མའི་རྣལ་འབྱོར་ཉམས་ལེན་སྐབས་རིན་པོ་ཆེས་རྟག་ཏུ་ཉིད་ཀྱི་སློབ་མ་རྣམས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིད་ལ་སྒོམ་རྒྱུའི་ལམ་སྟོན་གནང་གི་རེད། རིན་པོ་ཆེར་ཉིད་ཀྱི་མཚན་སྔགས་བཀའ་འདྲི་ཞུས་པའི་སྐབས་རྟག་ཏུ་ཉིད་ཀྱི་ཡབ་དམ་པའི་མཚན་ཟློ་རྒྱུར་གནང་གི་ཡོད། རིན་པོ་ཆེའི་ཡབ་སེར་ཀོང་རྡོ་རྗེ་འཆང་མཆོག་ནི་དུས་རབས་ཉི་ཤུ་པའི་མགོ་སྟོད་ནང་གི་བླ་མ་དང་ཉམས་ལེན་པ་ཆེས་དྲག་ཤོས་ཤིག་ཡིན། ཁོང་ནི་ཉིད་ཀྱི་སྐབས་ཀྱི་དུས་འཁོར་གྱི་རྒྱུད་པ་འཛིན་མཁན་ཡིན་པས་ཁོང་ལ་རྟོགས་པ་དང་སྒོམ་གྱི་མྱོང་བའི་ཕུང་པོ་མི་རབས་རྗེས་མར་འཕོ་བའི་འགན་འཁྲི་ཡོད་པར་ངོས་འཛིན་པའི་སློབ་དཔོན་ཡིན་པ་རེད།

རིན་པོ་ཆེའི་བག་ཡོད་ཚུལ་ལྡན་གྱི་གནང་སྟངས་དེ་ཉིད་ཕྱོགས་གཞན་མང་པོ་ནས་མངོན། དཔེར་ཆ་བཞག་ན་རིན་པོ་ཆེ་ཕྱོགས་བསྐྱོད་སྐབས་ཁོང་གིས་གཱན་དྷི་མཆོག་གི་གནང་སྲོལ་གྱི་རྗེས་སུ་འབྲངས་གནང་བ་དང་། དགོས་མཁོ་ངེས་ཅན་ཞིག་ཡོད་ན་མ་གཏོགས་དེ་མིན་རྒྱ་གར་གྱི་མེ་འཁོར་ཁང་མིག་རིམ་པ་གསུམ་ཡོད་པའི་གྲལ་རིམ་གསུམ་པའི་ནང་ཕེབས་རྒྱུར་ཨུ་ཚུགས་གནང་གི་ཡོད། དྲོ་ངན་འཐུལ་བའི་གསང་སྤྱོད་ཀྱི་འགྲམ་དུ་གཟིམ་དགོས་ཐུག་ནའང་རིན་པོ་ཆེས་ཐུགས་འཛེམ་གནང་གི་མེད་པ་ནི་དངོས་བདེན་ཡིན། ང་རིན་པོ་ཆེ་དང་ལྷན་དུ་ཐེངས་དང་པོར་ནུབ་ཕྱོགས་ལ་བསྐྱོད་པའི་སྐབས་དྷ་རམ་ས་ལ་ནས་ལྡི་ལིར་ཐོན་པའི་ལམ་བར་དུ་གནས་ཚུལ་དེ་དང་འདྲ་བ་ཞིག་བྱུང་སོང། རིན་པོ་ཆེས་དཀྱུས་མའི་ངང་ཚུལ་ཐོག་ནས་འགྲུལ་བཞུད་བྱེད་རྒྱུ་དེ་ནི་མཆོག་ཏུ་གྱུར་བ་སྟེ་དེས་སྙིང་རྗེ་གོང་འཕེལ་གཏོང་རྒྱུར་ཕན་གྱི་ཡོད་པར་གསུངས། ཁོང་གིས་མེ་འཁོར་གྱི་གྲལ་རིམ་དེ་གསུམ་གས་སླེབས་ཡུལ་གཅིག་ཏུ་དུས་ཚོད་གཅིག་ལ་སླེབས་ཀྱི་ཡོད་པར་བརྟེན་དངུལ་འཕྲོ་བརླག་གཏོང་དོན་ཅི་ཡོད་ཅེས་གསུངས་ཀྱི་ཡོད། མི་གཞན་གྱིས་ཁོང་ལ་གྲལ་རིམ་དང་པོའི་མེ་འཁོར་འཛིན་ཤོག་འབུལ་བའམ་ཡང་ན་རིན་གོང་ཆེ་བའི་རྒྱས་སྤྲོས་ཀྱི་ཟ་ཁང་དུ་གདན་འདྲེན་ཞུ་བ་སོགས་ཁོང་གི་དོན་དུ་དངུལ་འཕྲོ་བརླག་གཏོང་བར་ཐུགས་མཉེས་པོ་རྩ་བ་ནས་གནང་གི་མ་རེད།

ཐེངས་ཤིག་རིན་པོ་ཆེ་སྤི་ཏི་ནས་དྷ་རམ་ས་ལར་ཕྱིར་ལོག་གནང་བའི་སྐབས་ང་དང་དགེ་ཕྲུག་གཞན་འགའ་རེས་ཁོང་ཕེབས་འབྱོར་གྱི་དུས་སུ་རྒྱ་གར་གྱི་ཁྲོམ་གཞུང་དུ་ཕེབས་བསུར་བཅར་བ་ཡིན། འགྲུལ་སྐྱེལ་སྣུམ་འཁོར་ཆུང་བ་དང་ཆེ་བ་མང་པོར་ཁོང་ཡོད་མེད་བལྟས་ཀྱང་མཇལ་རྒྱུ་མིན་འདུག །དོས་སྐྱེལ་སྣུམ་འཁོར་ཐལ་རྡུལ་གྱིས་སྦགས་པ་ཞིག་ཁྲོམ་གཞུང་དུ་སླེབས་སོང་བ་དེའི་འཚང་ག་ཤིག་ཤིག་གི་ཁ་ལོ་བའི་སྡོད་སའི་ནང་རིན་པོ་ཆེ་ཕྱག་ལ་ཕྲེང་བ་བཟུང་ནས་བཞུགས་འདུག །ཁོང་དང་ཁོང་གི་ཞབས་ཕྱི་རྣམས་ཀྱིས་སྤི་ཏི་ནས་ཕེབས་ལམ་ཧྲིལ་པོ་བཟོད་བདེ་དང་ཕྱིའི་མཛེས་ཆོས་ལ་ཡོངས་སུ་ཐུགས་སྣང་མ་མཛད་པར་དོས་སྐྱེལ་གྱི་སྣུམ་འཁོར་དེའི་ནང་བཞུགས་ནས་ཕེབས་པ་རེད།

རིན་པོ་ཆེ་དང་ལྷན་དུ་ཁོང་གི་ཞབས་ཕྱི་དང་ཕྲན་ཉིད་མོན་གྷོ་ཊོ་ནས་དྷ་རམ་ས་ལར་ཕྱིར་ལོག་པའི་སྐབས་སུ་ངེད་ཚོ་པུ་ཎེར་ཉིན་གང་མེ་འཁོར་སྒུག་ནས་སྡོད་དགོས་བྱུང། ཁོང་གིས་ཐུགས་མཉེས་པོའི་ངང་ནས་ས་གནས་བོད་པའི་སུད་ཚོང་བས་ང་ཚོར་གནས་སྐབས་སྤྱོད་རྒྱུར་གཡར་བའི་གྲལ་རིམ་གསུམ་པའི་མགྲོན་ཁང་གི་ཉལ་ཁང་ཚ་དྲོད་དང་སྐད་ཅོར་ཧ་ཅང་ཆེན་པོ་དེའི་ནང་སྐུ་བཞུགས་གནང་སོང། དོན་ལ་རིན་པོ་ཆེས་རྒྱུན་དུ་རྒྱ་གར་ནང་འགྲུལ་བཞུད་གནང་སྐབས་མཚན་མོའི་འགྲུལ་སྐྱེལ་སྣུམ་འཁོར་རིན་གོང་ཁེ་བ་དང་སྟབས་བདེ་བར་བརྟེན་དེར་ཕེབས་རྒྱུའི་དགོངས་འཆར་གནང་གི་རེད། ཁོང་གིས་མི་ཚོགས་ཀྱི་ཁེངས་པའི་སྣུམ་འཁོར་འབབ་ཚུགས་སུ་སྣུམ་འཁོར་ངང་སྒུག་གནང་རྒྱུར་ནམ་ཡང་ཐུགས་འཚེར་གནང་གི་མེད། ཁོང་གིས་ང་ཚོར་ཁོང་ཉིད་དེའི་རིང་སྒོམ་གྲུབ་ཉམས་ལེན་མང་པོ་གནང་རྒྱུར་བྲེལ་འཚུབ་ཡིན་པར་གསུངས། ཁོང་གི་གཡས་གཡོན་དུ་ཡོད་པའི་སྐད་ཅོར་དང་། ཟང་ཟིང་། བཙོག་སྙིགས་ཀྱིས་ཉིད་ཀྱི་བསམ་གཏན་ལ་ནམ་ཡང་སུན་གཙེར་བཟོ་ཡི་མེད།

རིན་པོ་ཆེས་ནམ་ཡང་ས་ཆ་གཅིག་ལ་མ་བཞུགས་པར་གཡས་གཡོན་དུ་གནས་སྤོ་གནང་གི་རེད། ཁོང་གིས་དེ་ལྟར་གནང་ཚེ་ཆགས་ཞེན་ལ་གཉེན་པོ་བསྟེན་རྒྱུར་ཡག་པོ་ཡོད་པར་གསུངས། དེར་བརྟེན་ཆིབས་སྒྱུར་སྐབས་སུ་ང་ཚོས་ཁང་པ་གཅིག་གི་ནང་ཉིན་ཁ་ཤས་ལས་མང་བ་ནམ་ཡང་ཞག་སྡོད་མ་བྱས་པར་ང་ཚོའི་མགྲོན་བསུ་ལས་འགལ་བ་དང་སྦྱིན་བདག་ལ་ཁུར་པོ་ཆགས་པ་སོགས་མི་ཡོང་བ་བྱེད་ཀྱི་ཡོད། དཔེ་ཁྲིད་དགེ་རྒན་བོད་པའི་བླ་རྒན་ཞིག་ཡོད་པའི་ཆོས་ཚོགས་སུ་ང་ཚོ་གནས་སྡོད་བྱེད་པའི་སྐབས་ཚང་མར་རིན་པོ་ཆེས་བླ་རྒན་དེ་ཁོང་ཉིད་ཀྱི་ཆོས་གྲོགས་ཡག་ཤོས་ཤིག་ལྟར་ཐུགས་མཉེས་པོ་གནང་གི་རེད། ཁོང་གིས་གང་ཟག་ཁྱད་པར་བ་གཅིག་ཁོ་ནར་ཉིད་ཀྱི་ཐུགས་ཀྱི་འབྲེལ་ལམ་དམིགས་ཀར་ནམ་ཡང་གནང་གི་མེད།

རིན་པོ་ཆེ་ས་ཕྱོགས་གང་དུ་ཕེབས་ཀྱང་ཁོང་གིས་ཉིན་གང་ཉམས་ལེན་ནན་པོ་རྒྱུན་བསྐྱངས་པ་དང་མཚན་མོ་ཧ་ལམ་མནལ་དུ་གཟིམ་གནང་གི་མེད། ཁོང་གིས་མཇལ་འཕྲད་ཀྱི་བར་ཙམ་མ་ཟད་ཕྱི་རྒྱལ་མཇལ་བཅར་བ་སླེབས་པའི་དུས་ངའི་གསུང་སྒྱུར་རྒྱུར་སྒུག་པའི་བར་མཚམས་སུའང་སྔགས་གསོག་པ་དང་ཞལ་འདོན་གནང་གི་རེད། ཁོང་གིས་སྣུམ་འཁོར་དང་། མེ་འཁོར། གནམ་གྲུ་སོགས་ཀྱི་ནང་དུ་སྒོམ་བརྒྱབ་གནང་གི་ཡོད། ཕྱིའི་རྐྱེན་སོགས་ཀྱིས་ནམ་ཡང་ཁྱད་པར་བཟོ་ཡི་མེད། ཁོང་གིས་ཉིན་རེའི་ཉམས་ལེན་རྣམ་དག་ཡོད་པ་དེས་ས་ཕྱོགས་གང་དུ་བསྐྱོད་པ་དང་ཅི་ཞིག་བྱེད་པ་ཡིན་ནའང་ང་ཚོའི་འཚོ་བར་རྒྱུན་གྱི་ཚོར་སྣང་ཞིག་སྟེར་གྱི་ཡོད་པར་ནན་པོར་གསུངས། ང་ཚོར་ཧ་ཅང་གི་འཁྱུག་བདེ་དང། གདེང་ཚོད། རང་ཚུགས་བརྟན་པོ་ཐོབ་ཀྱི་ཡོད་པ་རེད།

ད་དུང་རིན་པོ་ཆེས་ནམ་ཡང་ཉིད་ཀྱི་ཉམས་ལེན་ཕྱི་ལ་སྟོན་གནང་གི་མེད། ཁོང་གིས་ཞལ་ལག་མ་མཆོད་པའི་སྔོན་ཟས་བྱིན་གྱིས་རློབ་པའམ་གསུང་ཆོས་ཀྱི་སྔོན་དུ་ཞལ་འདོན་གནང་བ་སོགས་ནི་ཁུ་སིམ་པོ་དང་ཁེ་གཙང་ཐོག་ནས་གནང་དགོས་པའི་གནས་སུ་གསུངས། གང་ཟག་གཞན་དང་ལྷན་དུ་ཁ་ཟས་ལ་རོལ་བའི་སྐབས་དེའི་སྔོན་དུ་ཞལ་འདོན་རྣམ་པར་དག་པ་རིང་པོ་ཞིག་སྐྱོར་བ་ཡིན་ན་ཁོང་ཚོར་མི་བདེ་བ་འབྱུང་བའམ། ཡང་ན་ང་ཚོས་ཁོ་ཚོ་སེམས་འགུལ་ལམ་ངོ་ཚ་ཁ་སྐྱེངས་གང་རུང་བཟོ་ཐབས་བྱེད་བཞིན་ཡོད་པའི་ཚོར་སྣང་བྱུང་སྲིད། དེར་མ་ཟད་ཁོང་གིས་ནམ་ཡང་ཉམས་ལེན་ནམ་གོམས་སྲོལ་སོགས་གང་ཡང་གཞན་གྱི་ཐོག་ཏུ་བཀལ་གནང་གི་མེད་ནའང། ཁོང་གིས་གདན་འདྲེན་ཞུ་མཁན་ཆོས་ཚོགས་ལ་གསུང་ཆོས་ཀྱི་སྔོན་དང་རྗེས་ཀྱི་ཞལ་འདོན་དང་ཆོ་ག་སོགས་ཅི་མཆིས་རྣམས་ཀྱི་རྗེས་སུ་སྤྱིར་བཏང་ཆ་ནས་འབྲངས་གནང་གི་རེད།

རིན་པོ་ཆེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་པ་དང་ནུབ་ཕྱོགས་པ་གཉི་གའི་དགོན་སྡེ་རྣམས་ལ་འབུལ་བ་ཆེན་པོ་ཕུལ་ནའང་། ཁོང་གིས་ནམ་ཡང་རློམ་ཤེད་མི་གནང་བའངམ། དེའི་སྐོར་ལ་གང་ཡང་གསུངས་ཀྱི་མེད། དེ་འདྲ་རྩ་བ་ཉིད་ནས་བྱེད་མི་ཉན་པ་བསླབས་གནང་གི་ཡོད། ཐེངས་ཤིག་ཨི་ཊ་ལིའི་ཝི་ལོར་བྷ་ནང་ན་སོ་དར་མའི་མི་སྙེམ་ཆུང་ཞིག་རིན་པོ་མཇལ་ཞུར་བཅར་སོང། མི་དེས་གཟིམ་ཁང་ནས་ཐོན་སྐབས་ཁ་ཁུ་སིམ་པོའི་ཐོག་ནས་གཏོང་ཕོད་ཀྱི་ཞལ་འདེབས་བླུག་པའི་ཡིག་ཁོག་ཞིག་མངོན་གསལ་དོད་པའི་གནས་གང་ཡང་མིན་པའི་ཅོག་ཙེའི་ཟུར་ཞིག་ལ་བཞག་འདུག །རིན་པོ་ཆེས་དེ་ནི་བླ་མར་འབུལ་ཚན་རྒྱག་སྟངས་ཤིག་ཡིན་པར་ཕྱིས་སུ་གསུངས།

གང་ལྟར་ཡང་རིན་པོ་ཆེས་ང་ཚོའི་དམའ་ས་བཟུང་ཚུལ་དེ་བཅོས་མ་མིན་པའི་ལྷག་བསམ་རྣམ་དག་ཡིན་དགོས་པར་ནན་ཆེར་གསུངས་གནང་གི་ཡོད། དོན་དངོས་ལ་མི་སྤོབས་པ་ཆེན་པོ་དང་ཁེངས་དྲེགས་ཅན་ནམ་སོ་སོ་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་སེམས་མཁན་ཡིན་ནའང་། དམའ་ས་བཟུང་ཁུལ་བྱེད་མཁན་རྣམས་ལ་ཁོང་གིས་མཉེས་པོ་གནང་གི་མེད། ཁོང་གིས་འབྲོག་པའི་ཁྱིམ་ཚང་ནས་ཡིན་པའི་སྤོབས་པ་ཅན་གྱི་ཉམས་ལེན་པ་ཞིག་གིས་བླ་མ་ཚད་ལྡན་ཞིག་གི་དྲུང་དུ་བཅར་བའི་སྒྲུང་དེ་རྒྱུན་དུ་གསུངས་གནང་གི་རེད། ཁོས་སྲིད་པའི་དཔལ་ཡོན་གང་ཡང་མཐོང་མྱོང་མེད་ཁུལ་བྱས་ནས་བླ་མའི་མདུན་ཅོག་གི་ཆོ་གའི་ཕྱག་རྫས་རྣམས་ཅི་ཞིག་ཡིན་མིན་དྲིས། དེ་ནས་ཁོས་བླ་མའི་ཞི་མིར་མཛུབ་མོ་གཏད་ནས་སེམས་ཅན་ཁྱད་མཚར་དེ་གང་ཡིན་ནམ་ཞེས་དྲིས་པར་བླ་མས་ཁོ་ཕྱིར་འབུད་བཏང་གནང་བ་རེད།

མི་ཚོས་སོ་སོའི་ཉམས་ལེན་བཅོས་མའི་ཐོག་ནས་འུད་སྒྲོབ་བྱས་ཚེ་རིན་པོ་ཆེས་དམིགས་བསལ་གྱིས་ཐུགས་མཉེས་པོ་གནང་གི་མེད། ཁོང་གིས་གསུངས་དོན། གལ་ཏེ་ང་ཚོར་སྒོམ་སྒྲུབ་ཀྱི་བསྙེན་མཚམས་ཉམས་སུ་ལེན་འདོད་པའམ། ཡང་ན་དེ་ལྟར་ཐེངས་གཅིག་འགྲུབ་ཟིན་པ་ཡིན་ན་ང་ཚོས་ངེས་པར་དུ་དེ་གང་ཟག་གཞན་ལ་ཁྱབ་བསྒྲགས་བྱེད་མི་ཉན། དེ་འདྲའི་དོན་རྣམས་གཞན་ལ་གསང་བ་བྱེད་པ་དང་སོ་སོ་ཅི་ཞིག་བྱེད་ཀྱི་ཡོད་པ་རྣམས་གཞན་གྱིས་མ་ཤེས་པ་བྱེད་རྒྱུ་ནི་ལེགས་ཤོས་ཡིན་པར་གསུངས། དེ་མིན་མི་གཞན་གྱིས་སོ་སོའི་སྐོར་གླེང་བ་དེས་འགོག་རྐྱེན་མང་པོ་བཟོ་བ་སྟེ། དཔེར་ན་རང་ལ་ཁེངས་པ་སྐྱེ་བའམ། གཞན་ལ་ཕྲ་དོག་དང་འགྲན་སེམས་སྐྱེ་བ་ཡིན། སྐྱེ་བོ་སུ་ཞིག་གིས་ཀྱང་རྗེ་ཙོང་ཁ་པའི་གསང་སྔགས་ཉམས་ལེན་གྱི་གཙོ་བོའི་ཡི་དམ་གང་ཡིན་མིན་ཤེས་ཀྱི་མེད། གནས་འདི་རྗེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་གཅིག་པུས་ཐུགས་སྣང་བྱུང་བ་སྟེ། རྗེ་རིན་པོ་ཆེ་སྐུ་མྱ་ངན་ལས་མ་འདས་ཙམ་ལ། ཁོང་གི་ནང་མཆོད་ལས་མཆོད་པ་དྲུག་ཅུ་རེ་གཉིས་འབུལ་བཞིན་པ་དེས་བདེ་མཆོག་འཁོར་ལོ་སྡོམ་པ་རྗེའི་ཡི་དམ་གཙོའོ་ཡིན་པ་ཁོང་གིས་རྗེས་སུ་དཔགས།

དེ་བཞིན་དུ་སེར་ཀོང་རིན་པོ་ཆེར་དུས་འཁོར་རྐང་འཛིན་པ་དང་མཁས་པར་ཆེ་བསྟོད་གནང་གི་ཡོད་ནའང། ཁོང་གི་ཉམས་ལེན་གཙོ་བོ་གང་ཡིན་སུས་ཀྱང་ཤེས་ཀྱི་མེད་པ་རེད།

བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས་གསང་སྔགས་ཀྱི་ཉམས་ལེན་ཡོངས་རྫོགས་སྦས་ནས་ཕྱིས་སུ་ཁོང་རྣམས་མྱ་ངན་ལས་འདས་པའི་ཚེ་གཞི་ནས་གྲྭ་ཆས་ཀྱི་ཟུར་ཞིག་ཏུ་རྡོ་རྗེ་དང་དྲིལ་བུ་ཤིན་ཏུ་ཆུང་ཆུང་ཞིག་བཙེམས་ཡོད་པ་མི་རྣམས་ཀྱིས་མཐོང་ནས་སུས་ཀྱང་ཁོང་རྣམས་ཉམས་ལེན་ལ་གཅིག་ཏུ་གཞོལ་བཞིན་བཞུགས་པ་རྟོགས་ཀྱི་ཡོད་པ་རིན་པོ་ཆེས་ཡང་ཡང་གསུངས་གནང་། ཁོང་གིས་ཀྱང་མིག་དཔེ་དེར་གཞིགས་ནས་ཉིད་ཀྱི་འཚོ་བ་བསྐྱལ་གནང་གི་ཡོད། རིན་པོ་ཆེས་རྒྱུན་དུ་གཟིམ་ཁང་གི་མི་ཚང་མ་མ་ཉལ་བའི་ཆུ་ཚོད་གཅིག་དང་ཕྱེད་ཀའི་སྔོན་དུ་མནལ་གཟིམས་གནང་བ་དང་། ཞོགས་པ་ཁོང་ཚོའི་རྗེས་ཙམ་ལ་ཡར་བཞེངས་གནང་གི་རེད། ཕལ་ཆེར་མི་ཚང་མ་གཉིད་ཁུག་པའི་རྗེས། ཁོང་གི་གཟིམ་ཤག་གི་གློག་འོད་འཕྲོས་ཡོད་པ་དང་། གཟིམ་ཤག་གི་མི་རྣམས་གཉིད་མ་བསད་པའི་སྔོན་ཙམ་ལ་གློག་འོད་མེད་པར་གྱུར་གྱི་ཡོད་པ་ང་དང་ཁོང་གི་ཞབས་ཕྱི་རྣམས་ཀྱིས་དོ་སྣང་བྱས་པ་ཡིན།

ཐེངས་ཤིག་ཇར་མན་ (Germany) ནང་གི་ཇཱ་གྷེན་ཌོ་ཧྤོ་ (Jaegendorf) ནང་རིན་པོ་ཆེ་ལྷན་དུ་ཁོང་གི་ཞབས་ཕྱི་བགྲེས་པ་ཆོས་མཛད་ལགས་ཀྱིས་གཟིམ་ས་གཅིག་མཉམ་སྤྱོད་གནང་བ་རེད། རིན་པོ་ཆེས་མཚན་དགུང་ལ་ཡར་བཞེངས་ནས་ནཱ་རོ་པའི་ཉམས་ལེན་དྲུག་དང་འབྲེལ་བའི་ལུས་ཀྱི་སྟངས་སྟབས་ཤིན་ཏུ་དཀའ་བ་འདྲ་མིན་གྱི་ཚུལ་ཉམས་བཞེས་གནང་བ་དག་ཆོས་མཛད་ལགས་ཀྱིས་མནལ་ཁུག་པའི་ཚུལ་གྱིས་གཟིགས་འདུག །ཉིན་མོའི་སྐབས་རིན་པོ་ཆེ་ཡར་བཞེངས་པ་དང་གཡས་གཡོན་དུ་ཕེབས་སྐབས་ཕྱག་རོགས་དགོས་ཀྱི་ཡོད་ནའང་། དོན་དུ་ཁོང་ལ་རྣལ་འབྱོར་གྱི་གནང་སྒོའི་ནང་བཞུགས་རྒྱུར་ནུས་པ་དང་འཁྱུག་བདེ་ལྡན་ཡོད་པ་རེད།

རིན་པོ་ཆེས་རྟག་ཏུ་ཉིད་ཀྱི་ཡོན་ཏན་ལེགས་པ་རྣམས་སྦས་གསང་གནང་ཐབས་མཛད་ཀྱི་ཡོད། དོན་དུ་ཁོང་གིས་མི་ངོ་འདྲིས་མེད་པ་རྣམས་ལའང་ཉིད་ཀྱི་རྣམ་པ་གསལ་སྟོན་གནང་རྒྱུར་མཉེས་པོ་གནང་གི་མ་རེད། ཐེངས་ཤིག་ཨིན་ཌོ་ནི་ཤི་ཡའི་ (Indonesia) བཟའ་ཚང་གཅིག་གིས་པེ་རི་སི་ (Paris) ནས་ཨེམ་སི་ཊར་ཌམ་ (Amsterdam) བར་དུ་ང་ཚོ་མོ་ཊའི་ནང་བླུགས་བྱུང། ཨེམ་སི་ཊར་ཌམ་ལ་སླེབས་རྗེས་བཟའ་མི་གཉིས་པོས་རིན་པོ་ཆེ་ཁོང་གཉིས་ཀྱི་ཁྱིམ་ཚང་དུ་ཉིན་དགུང་གསོལ་ཚིགས་ལ་གདན་འདྲེན་ཞུས། ཕྱིས་སུ་ས་གནས་ནང་པའི་ཆོས་ཚོགས་སུ་ཡོད་པའི་མི་རྣམས་ཀྱིས་ཁོང་གཉིས་ལ་ཁ་པར་བཏང་ནས་རིན་པོ་ཆེའི་གསུང་ཆོས་ལ་མགྲོན་འབོད་བྱས་པ་དེས་ཁོ་རང་གཉིས་ཀྱི་མགྲོན་པོ་དེ་ངོ་མ་སུ་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་བ་རེད། ཁོང་གཉིས་ཀྱིས་ཁོང་ནི་འདྲིས་བདེ་གྲྭ་པ་དཀྱུས་མ་ཞིག་ཙམ་རེད་སྙམ་འདུག །

གནས་ལུགས་དེ་དང་འདྲ་བར་རིན་པོ་ཆེས་སྐབས་རེ་ཕྱི་རྒྱལ་ལ་འགྲུལ་བཞུད་སྐབས་བྱིས་པ་ཚོ་དང་ལྷན་དུ་མིག་མང་བསྐྱོན་གནང་བའམ། ཉིད་ཀྱི་ཞབས་ཕྱི་གཞོན་པ་ངག་དབང་མིག་མང་རྩེ་རུ་འཇུག་གནང་ནས་ཁོང་ཉིད་ཀྱིས་ཕྱོགས་གཉི་གར་རོགས་པ་གནང་གི་རེད། བྱིས་པ་ཚོས་ཁོང་ནི་སེམས་བཟང་བའི་སྤོ་བོ་བགྲེས་སོང་ཞིག་ཙམ་དུ་ཚོར། ཐེངས་གཅིག་རིན་པོ་ཆེ་ཡེ་ཤུའི་འཁྲུངས་སྟོན་དུས་ཆེན་སྐབས་སུ་ཇར་མན་ནང་གི་མུ་ནིག་ (Munich) སྲང་ལམ་ནང་ཞབས་ཐང་དུ་ཕེབས་པའི་ཚེ་བྱིས་པ་རྣམས་ཀྱིས་ཁོང་གི་གྲ་ཆས་དམར་པོར་གཞིགས་ནས་འཁྲུངས་སྟོན་མིས་ (Santa Claus) ཡིན་པར་བསམས་ནས་རྗེས་སུ་བཅར།

རིན་པོ་ཆེ་དབྱིན་སྐད་ཕྲན་བུ་ཞིག་མཁྱེན་གྱི་ཡོད་པའི་གནད་དོན་དེ་ཡང་སྦས་གསང་གནང་གི་རེད། སྤི་ཏིའི་ནང་༧གོང་ས་མཆོག་གིས་དུས་འཁོར་བཀའ་དབང་གནང་ཟིན་པའི་རྗེས་ཏེ། རིན་པོ་ཆེ་སྐུ་མྱ་ངན་ལས་འདས་པའི་ཟླ་བ་གཅིག་གི་སྔོན་ངས་རྟ་པོ་དགོན་པ་ནས་དགོངས་པ་ཞུས་ཏེ་དྷ་རམ་ས་ལར་ཐོན་པ་ཡིན། ངས་ནུབ་ཕྱོགས་པའི་མི་ཚོ་ཁག་ཅིག་གི་ཆེད་འགྲུལ་སྐྱེལ་སྣུམ་འཁོར་ཞིག་གླས་ནས་ཐོན་གྲབས་བྱེད་པའི་སྐབས། དེའི་ནང་ཕྱི་རྒྱལ་བ་གཅིག་གིས་རྒྱང་ཐག་ལེ་དབར་མེ་ལེ་ཉི་ཤུ་ལྷག་ཆོད་པའི་དཀྱིལ་དགོན་པར་ཕྱིན་ནས་དུས་ཚོད་ཏག་ཏག་ལ་ཕྱིར་ལོག་མ་བྱས། དཀྱིལ་དགོན་པར་ཁོ་མོ་འཚོལ་བར་ཕྱིན་པས་ཨི་ཊ་ལིའི་ (Italy) སློབ་མ་དེས་རིན་པོ་ཆེའི་སྐུ་མདུན་དུ་བཅར་འདུག །དེ་སྔོན་དབྱིན་སྐད་རྩ་བ་ཉིད་ནས་བསྐྱོན་མྱོང་མེད་པའི་རིན་པོ་ཆེས་གསུང་སྒྱུར་མེད་པར། ཁོ་མོར་ཞལ་གཟིགས་ནས་དབྱིན་སྐད་དག་པོའི་ངང་ཨེ་ལེག་སི་ག་པར་འདུག་གམ། ཞེས་བཀའ་འདྲི་གནང། མི་ཚོ་ཧང་སངས་ཏེ་ཡིན་ནའང་། རིན་པོ་ཆེ་ཁྱེད་རང་གིས་དབྱིན་སྐད་བསྐྱོན་གནང་གི་མེད་པ། ཅེས་བརྗོད་སྐབས་ཁོང་གིས་བཞད་མོ་བཞད་དེ་ཅི་ཡང་མི་སྨྲ་བའི་ཚུལ་དུ་བཞུགས།། །།