བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དགེ་བའི་བཤེས་གཉེན། > སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར། > ལེའུ་གསུམ་པ། མཚན་ཞབས་རིན་པོ་ཆེ་དང་ལྷན་དུ་སྦྱོང་བརྡར།

སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར།

ཨེ་ལེག་ཛན་ཌར། བྷར་ཛིན། ཕྱི་ལོ་ ༡༩༩༨ །

ལེའུ་གསུམ་པ། མཚན་ཞབས་རིན་པོ་ཆེ་དང་ལྷན་དུ་སྦྱོང་བརྡར།

ཕྱི་ལོ་ ༡༩༧༠ ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་སེར་ཀོང་མཚན་ཞབས་རིན་པོ་ཆེ་ཐོག་མར་ང་ལ་མཇལ་རྒྱུའི་སྐལ་བཟང་ཐོབ་བྱུང། དགེ་བཤེས་དབང་རྒྱལ་ལགས་ཀྱི་སློབ་སྟོན་འོག་ཨ་རིར་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གནང་བའི་ཆུང་སྲིད་རིན་པོ་ཆེ་ཤར་པ་རིན་པོ་ཆེ་དང་ཁམ་ལུང་རིན་པོ་ཆེ་རྣམ་གཉིས་ཀྱིས་ཕྲན་ལ་ཁོང་ངོ་སྦྱོར་གནང་བྱུང་། སེར་ཀོང་རིན་པོ་ཆེས་ང་ལ་གསང་བ་འདུས་པ་སློབ་གཉེར་བྱེད་རྒྱུར་ཤིན་ཏུ་འཚམ་པའི་བཤེས་གཉེན་ཞིག་ཕྱོགས་སྟོན་གནང་ཐུབ་སྲིད། ལྐོག་འགྱུར་གྱི་གཞུང་འདིའི་གཙོ་བོའི་ཆ་ཤས་དུམ་བུ་ཆུང་ངུ་ཞིག་གི་ལེགས་སྦྱར་དང་བོད་འགྱུར་གཉིས་བསྡུར་བ་བྱས་པའི་རྗེས་སུ་ངས་འབུམ་རམས་པའི་ (Ph.D.) ཉམས་ཞིབ་ཆེད་རྩོམ་གྱི་བརྗོད་གཞིར་རྒྱུད་གཞུང་དཀའ་རྙོག་ཅན་དེ་བདམས་པ་ཡིན།

ངའི་སྐད་རིགས་སློབ་སྦྱོང་གིས་ཚད་མཐོ་བའི་སློབ་སྦྱོང་དེ་འདྲ་བར་ང་གྲ་སྒྲིག་གང་ཡང་མེད་ནའང་སེར་ཀོང་རིན་པོ་ཆེས་ང་ལ་ཐུགས་འཁུར་ཆེ་བཞེས་གནང་བྱུང། ཁོང་གིས་ང་ལ་རྒྱུད་སྟོད་གྲྭ་ཚང་གི་མཁན་ཟུར་ཡེ་ཤེས་དོན་གྲུབ་ལགས་ངོ་སྦྱོར་དགོངས་ཚུལ་གནང་། མཁན་ཟུར་མཆོག་ལོ་མང་པོའི་རྗེས་སུ་དགའ་ལྡན་ཁྲི་ཐོག་ཏུ་ཕེབས་ཡོད། རིན་པོ་ཆེས་ང་ལ་སྙན་གྲགས་ལྡན་པའི་བླ་མ་ཁོང་བདམས་གནང་བར་གཟི་བརྗིད་ཚོར་བྱུང།

ཟླ་བ་ཁ་ཤས་ཀྱི་རྗེས་སུ། རྒྱུད་སྟོད་གྲྭ་ཚང་གནས་པའི་དྷ་རམ་ས་ལའི་ཉེ་འགྲམ་གྱི་རི་གྲོང་དྷ་ལ་ཧོ་སིའི་ (Dalhousie) སྒང་དུ་འདམ་དང་བ་ཕྱུགས་ཀྱི་ལྕི་བ་ལས་གྲུབ་པའི་ཁང་ཆུང་ཤིན་ཏུ་ཆུང་ངུ་ཞིག་གི་ནང་མཁན་པོ་མཆོག་ང་ལ་མཇལ་རྒྱུའི་སྐལ་བཟང་ཐོབ་པ་དང་། དེར་ངས་གནས་བཅས་པ་ཡིན། ཉམས་ཆུང་གྱི་དགེ་འདུན་པ་བགྲེས་སོང་ཁོང་ལོ་གསུམ་བསྟུད་མའི་བསྙེན་མཚམས་སྒོམ་གྲུབ་གཉིས་པ་མཇུག་སྒྲིལ་མ་ཐག་ཙམ་རེད་འདུག །ངས་ཁོང་ལ་དཔེ་ཁྲིད་གནང་རོགས་ཞེས་རེ་སྐུལ་ཞུས་སྐབས་ཁོང་གིས་ལམ་སེང་ཞལ་བཞེས་གནང་བྱུང། ཁོང་གིས་ང་དུས་ཚོད་ཏག་ཏག་ལ་སླེབས་པ་རེད་ཅེས་གསུངས་བྱུང། ཉིན་དེའི་སང་ནང་པར་ཁོང་གསང་བ་འདུས་པའི་གཞུང་ལ་ལོ་གསུམ་གྱི་བསྙེན་མཚམས་འགོ་འཛུགས་གནང་བཞིན་འདུག །ངས་ཁོང་དང་མཉམ་བཞུགས་བྱེད་རྒྱུར་འཁུར་ལེན་ཐུབ་བམ། མཉམ་བཞུགས་བྱེད་མི་ཐུབ་པ་ཡིན་ནའང་། ཉམས་མྱོང་ལྡན་པའི་རིན་པོ་ཆེས་སྲོལ་རྒྱུན་ལྟར་ནང་ཆོས་ཀྱི་ལམ་ནས་ར་སྤྲོད་གནང་བྱུང། རིན་པོ་ཆེས་ང་ལ་སོ་སོ་རང་ཉིད་ཀྱི་བདེན་པ་རྟོགས་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་གནང་བྱུང། ཧ་ཅང་ཚད་མཐོ་བའི་རྒྱུད་གཞུང་སློབ་གཉེར་དང་ཉམས་ལེན་བྱེད་རྒྱུར་ངས་སྔོན་འགྲོ་ནས་འགོ་འཛུགས་དགོས་པ་ཡིན།

ངས་མྱུར་དུ་ངའི་ཆེད་རྩོམ་གྱི་བརྗོད་གཞི་དེ་བཞིན་རན་ཞིང་འཚམ་པའི་བརྗོད་བྱ་ལམ་རིམ་ངག་རྒྱུན་གྱི་ལུགས་ལ་བརྗེ་སྒྱུར་དང་། རྨང་གཞི་རྣམས་ཤར་པ་རིན་པོ་ཆེ་དང་ཁམ་ལུང་རིན་པོ་ཆེ་རྣམ་གཉིས་ཀྱི་བཤེས་གཉེན་དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱི་དྲུང་ནས་སློབ་གཉེར་བྱེད་རྒྱུའི་གོ་སྒྲིག་ཞུས་པ་ཡིན། དགེ་བཤེས་ནི་གདན་སའི་ཤེས་ཡོན་གྱི་གནས་ཚད་ཅིག་ཡིན་ཞིང་འབུམ་རམས་པ་དང་ཕལ་ཆེར་མཉམ་པ་དང། དགེ་བཤེས་དར་རྒྱས་ལགས་ཀྱི་མཁྱེན་ཡོན་ལྡན་པའི་དགེ་རྒན་གྱི་རིག་རྩལ་ལ་བརྟེན་ནས་ཁོང་ལ་བླ་སྤྲུལ་ཆུང་སྲིད་རིན་པོ་ཆེ་ལྔའི་ཡོངས་འཛིན་གྱི་གནས་བབ་ཐོབ་ཡོད། དེའི་སྐབས་དགེ་བཤེས་དར་རྒྱས་ལགས་བ་ཚང་སྦྲང་མའི་ཚོགས་ཀྱིས་ཁེངས་པ་ཞིག་གཟིམ་ཁང་དུ་སྤྱད་ནས་བཞུགས་བཞིན་ཡོད། གཟིམ་ཁང་ཤིན་ཏུ་ཆུང་བའི་དབང་གིས་ཁོང་ཉིད་ཀྱི་གཟིམ་ཁྲི་གཅིག་ཁོ་ན་ལས་ཤོང་གི་མེད་ཅིང། ཁང་པའི་ཞ་ལའི་ཐོག་མི་གསུམ་འཚང་ག་གཤིབ་གཤིབ་ཀྱིས་མཉམ་དུ་སྡོད་སའི་གུ་ཡུལ་ཞིག་ལྷག་ཡོད། ཁོང་བཞུགས་ཡུལ་གྱི་ཆ་རྐྱེན་དེས་ང་ལ་གཙེས་ནའང་ངས་སློབ་གཉེར་ཐོག་གོམས་འདྲིས་བསྟེན་པ་ཡིན། ངས་ད་དུང་དེང་དུས་བོད་པའི་ཁ་སྐད་སྦྱོང་དགོས་ཀྱི་ཡོད། ཧར་ཝར་ཌི་ (Harvard) གཙུག་ལག་སློབ་གཉེར་ཁང་དུ་ངས་སྔ་རབས་ཀྱི་སྐད་ཡིག་བྲིས་མ་གཅིག་པུ་སྦྱངས་པ་ཡིན།

ང་ལ་སེར་ཀོང་རིན་པོ་མཇལ་ཐེངས་རྗེས་མ་ནི། ལོ་དེའི་ཕྱི་ཟླ་དྲུག་པའི་ནང་དུ་རེད། དྷ་ལ་ཝོ་སི་ས་ཁུལ་དུ་བཤལ་སྐྱུག་དང་རྒྱུ་ཚད་ཀྱི་ནད་ཡམས་ཚབས་ཆེན་ཞིག་ཁྱབ་པ་དང་། ༸གོང་ས་མཆོག་ནས་རིན་པོ་ཆེར་དྷ་ལ་ཧོ་སི་རུ་རྟ་མགྲིན་གྱི་དབང་གནང་རྒྱུར་འབོད་སྐུལ་གནང་བ་རེད། ཡི་དམ་དྲག་པོའི་རྣམ་པ་ཅན་དེ་ཉམས་ལེན་དང་འཕྲོད་རྟེན་བཅས་ཀྱིས་ནད་རིམ་དེ་དག་ལས་གྲོལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ང་རང་རྗེས་གནང་འཐོབ་མཁན་གྱི་ནུབ་ཕྱོགས་པ་ཉུང་ཤས་ཀྱི་གྲས་སུ་ཡོད་ནའང། རིན་པོ་ཆེ་སྐུ་སྒེར་དུ་མཇལ་རྒྱུའི་གོ་སྐབས་ཐོབ་མ་བྱུང། ཁོང་ས་ཕྱོགས་གཞན་དུ་དབང་གནང་རྒྱུའི་མཛད་འཕྲིན་ཡོད་པས་ལམ་སེང་དྷ་ལ་ཧོ་སི་ནས་ཕྱིར་ཕེབས་གནང་སོང།

ཁོང་མཇལ་ཐེངས་རྗེས་མའི་སྐབས་སུ་འགྱུར་བ་མང་པོ་བྱུང་བ་རེད། ཕྱི་ལོ་ ༡༩༧༡ ལོའི་སྟོན་ཀར་༸གོང་ས་མཆོག་ནས་དགེ་བཤེས་དར་རྒྱས་ལགས་ལ་དྷ་རམ་ས་ལར་གསར་དུ་བཞེངས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱི་རྒྱལ་བ་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་རྒྱུར་འབོད་སྐུལ་ཞུས། ཤར་པ་རིན་པོ་དང་ཁམ་ལུང་རིན་པོ་ཆེས་ཁོང་གི་གསུང་སྒྱུར་གྱི་ཐོག་ནས་མཉམ་བཞུགས་གནང་བ་རེད། དཔེ་མཛོད་ཁང་དུ་ངས་ཀྱང་ཡིག་སྒྱུར་གྱི་ཞབས་ཞུའི་ཐུགས་ཕན་གསོ་ཐུབ་པ་བྱུང་ན་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་ཞལ་བཞེས་གནང་སོང། ཐོག་མར་ངས་ཆེད་རྩོམ་འབུལ་ལམ་ཞུས་ནས་མཁས་དབང་གྱི་ལག་འཁྱེར་འཐོབ་པ་བྱེད་རྒྱུ་དང་དེ་ནས་ཕྱིར་ལོག་བྱེད་རྒྱུ་དེ་རེད། རྡ་རམ་ས་ལ་དང་ཉེ་བ་རྒྱང་ཐག་ལེ་དབར་མེ་ལེ་བརྒྱ་ལས་ཉུང་བ་ཆོད་པའི་པཱ་ཀི་ས་ཏཱན་དང་རྒྱ་གར་དབར་ས་མཚམས་དམག་འཁྲུག་ལངས་པས་ཕྲན་ལ་ཕྱི་འགྱངས་མེད་པར་འཕྲལ་ཐོན་བྱེད་རྒྱུའི་སྔོན་བརྡ་ཞིག་བྱུང། ཕྲན་གྱིས་ཧར་ཝར་ཌི་ལ་ཕྱིར་ལོག་བྱས་ཏེ་༸གོང་ས་མཆོག་གི་བཀའ་སློབ་ཀྱི་རྗེས་སུ་འབྲངས་པ་ཡིན། ངའི་སློབ་དཔོན་ཆེན་མོའི་བློ་ཡུལ་ལས་འདས་པར་ངས་གཙུག་ ལག་སློབ་གཉེར་ཁང་གི་སློབ་ཁྲིད་ལས་འཁུར་བྱ་སེམས་མེད་པའི་དགོངས་སེལ་ཞུས་ཅིང་། ཟླ་བ་འགའ་ཤས་ཀྱི་རྗེས་སུ་སྟེ་ཕྱི་ལོ་ ༡༩༧༢ ཟླ་དགུ་པའི་ནང་ངས་དྷ་རམ་ས་ལར་ཕྱོགས་ཐོན་བྱས་པ་ཡིན།

སེར་ཀོང་རིན་པོ་ཆེ་ལོ་གཉིས་ཀྱི་རིང་བལ་ཡུལ་དུ་བཞུགས་ནས་གསར་དུ་བཞེངས་པའི་དགོན་པ་འགའ་ཞིག་ལ་དབང་དང་བཤད་ཁྲིད་གནང་བར་ཕེབས་མ་ཐག་རེད། ཕྱི་ལོ་ ༡༩༧༤ ལོའི་སྟོན་ཀར་ཁོང་དྷ་རམ་ས་ལར་ཕྱིར་ལོག་ཕེབས་དུས་ངས་ཁོང་དང་ཐད་ཀར་འབྲེལ་གཏུགས་བྱེད་པའི་བོད་སྐད་འདང་ངེས་ཤིག་མཐའ་མར་རྒྱག་ཐུབ་པ་བྱུང། རིན་པོ་ཆེས་ཕྲན་ལ་ཁོང་ཉིད་ཀྱི་གསུང་སྒྱུར་བྱེད་པའི་ལས་སྨོན་གྱི་འབྲེལ་བ་ཞིག་ཡོད་པ་མཁྱེན་གྱི་ཡོད་བཟོ་འདུག་ནའང་ངས་ཐོག་མར་ཤེས་རྟོགས་བྱུང་མེད་པ་རེད། ཁོང་གིས་ང་ལ་རྟག་ཏུ་ཁོང་མཇལ་རྒྱུ་དང་ཁོང་སྐྱེ་བོ་འདྲ་མིན་དང་མཇལ་འཕྲད་གནང་སྐབས་ཉིད་ཀྱི་སྐུ་འགྲམ་དུ་སྡོད་རྒྱུའི་བློ་སྟོབས་གནང་བའི་ཐོག་ནས་གནས་འདི་ཁོ་བོར་ཤུགས་ལ་བསྟན། མཇལ་ཁའི་བར་གསེང་སྐབས་རིན་པོ་ཆེས་ཕྲན་དང་ལྷན་དུ་གླེང་མོལ་གནང་བ་དང་བོད་སྐད་ཀྱི་མིང་ཚིག་སྣ་ཚོགས་ཀྱི་འགྲེལ་བཤད་བསྐྱོན་ནས་ཕྲན་གྱིས་བཀའ་མོལ་གོ་རྟོགས་ཐུབ་ཐབས་གནང་གི་ཡོད།

དེ་ནས་མྱུར་བར་རིན་པོ་ཆེས་ཕྲན་ལ་འཇམ་དབྱངས་དཀར་པོ་དང་། དབྱངས་ཅན་མ་དཀར་པོ། སྒྲོལ་མ་དཀར་པོ་བཅས་གསུམ་གྱི་ཐང་ག་ལྟ་ན་སྡུག་པ་གཅིག་གསོལ་རས་གནང་བྱུང། ཐང་ག་དེ་ནི་སྤི་ཏི་མི་མང་གིས་ཉེ་འཆར་ཁོང་ལ་ཕུལ་བ་ཞིག་རེད། སྐུ་དེ་རྣམས་ནི་ཁོང་བྱིས་པའི་དུས་ནས་ཉིད་ཀྱི་རྟོག་པ་དང་སྒོམ་གྲུབ་ཉམས་ལེན་གོང་འཕེལ་འགྲོ་བའིི་ཡི་དམ་གཙོ་བོ་ཆགས་ཡོད། ཡི་དམ་དེ་རྣམས་ཀྱི་ངོ་བོ་ནི་རིམ་པ་བཞིན་གཞན་ལ་ཕན་པའི་སེམས་དྭངས་གཙང་དང་། སྙན་ངག་སོགས་རྩོམ་རིགས་ལ་རྣམ་དཔྱོད་ཡངས་པ། ཚེ་རིང་བ་དང་འདོད་ཡོན་ལ་མེད་དུ་མེད་རུང་བའི་ནུས་མཐུ་ཡིན་པ་རེད། ཡིད་ལ་རེག་པའི་གནང་སྐྱེས་འདིས་ཁོང་ང་གཉིས་ཀྱི་འབྲེལ་ལམ་གཡོ་བ་མེད་པ་ཞིག་བཙུགས། ཁོ་བོས་རིན་པོ་ཆེར་ཁོང་གི་སློབ་མར་འཇུག་མིན་ཐད་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས་ལྷོད་ལྷོད་ངང་ནས་ངའི་ཐུན་མིན་གྱི་ནུབ་ཕྱོགས་པའི་རང་གཤིས་ཏེ། དོན་དངོས་ཐོག་ཅི་ཞིག་དགོས་མིན་གྱི་བརྗོད་ཚུལ་དེར་དགོད་འཛུམ་གནང་སོང།

དེ་ནས་རིན་པོ་ཆེས་གོ་རིམ་ལྡན་པའི་ཐོག་ནས་ཕྲན་རང་གསུང་སྒྱུར་ཞིག་བྱེད་རྒྱུའི་སྦྱོང་བརྡར་དེ་བཞིན་ཞལ་ནས་ཁོང་ཅི་ཞིག་གནང་མིན་ཐད་ཚིག་གཅིག་མ་གསུངས་པར་འགོ་འཛུགས་གནང། ཐོག་མར་ཁོང་གིས་ངའི་དྲན་ཤེས་ཐོག་སྐུ་ལས་བསྐྱོན། ངས་རིན་པོ་ཆེ་མཇལ་བར་བཅར་བའི་སྐབས་ག་དུས་ཡིན་ནའང་ཁོང་གིས་དུས་ངེས་མེད་ཀྱིས་ད་ལྟ་རང་གསུངས་པ་རྣམས་ང་ལ་ཚིག་རེ་རེ་བཞིན་བསྐྱར་ཟློས་བྱེད་དུ་འཇུག་གནང་བ་དང་། དེ་བཞིན་དུ་ངས་ད་ལྟ་རང་གང་བཤད་པ་རྣམས་བསྐྱར་ཟློས་བྱེད་དུ་འཇུག་གནང་གི་ཡོད། ཕྱི་ལོ་ ༡༩༧༥ ལོའི་སྟོན་ཀར་རིན་པོ་ཆེའི་གསུང་སྒྱུར་བྱེད་རྒྱུ་འགོ་བཙུགས་པ་ནས་བཟུང་ཁོང་གིས་རྟག་ཏུ་ང་ལ་གསུང་ཆོས་ལ་ནོར་འཁྲུལ་དང་ཆད་ལྷག་སོགས་བཏང་ཡོད་མིན་ཐད་ཕྱིར་བོད་སྐད་ནང་དུ་བསྒྱུར་རུ་འཇུག་གནང་གི་ཡོད། མདོར་ན་རིན་པོ་ཆེས་གསུང་ཆོས་སྐབས་ཚང་མར་བོད་སྐད་དུ་ཕྱིར་བསྒྱུར་རུ་འཇུག་གནང་བའི་ཚོར་སྣང་ཞིག་ང་ལ་འདུག །ངས་ལོ་བརྒྱད་རིང་ཁོང་གི་གསུང་སྒྱུར་བྱས་པའི་སྐབས་ཁོང་གིས་གང་གསུངས་པར་རྟག་ཏུ་གོ་འཛོལ་བྱུང་ཡོད་པ་དང་ ནོར་འཁྲུལ་བྱུང་བ་རིན་པོ་ཆེས་རྟག་ཏུ་མཁྱེན་གྱི་ཡོད་པར་སྣང།

དེ་ནས་རིན་པོ་ཆེས་ཁོང་རང་གི་གསུང་ཆོས་ཀྱི་ཚོགས་ཐུན་རྗེས་སུ་སྐར་མ་ལྔའི་རིང་དེའི་སྙིང་པོ་བསྡུ་བའི་འགོ་འཛུགས་གནང་བ་དང་། དེ་ནས་ཁོང་གིས་ད་ཁྱེད་རང་གི་རེ་མོས་ཡིན་ཞེས་ང་ལ་གསུངས་གནང་གི་ཡོད། དེ་འདྲའི་ལམ་ནས་ཁོང་གིས་ཕྲན་ལ་གསུང་བཤད་ཧ་ཅང་རིང་པོ་བསྒྱུར་རྒྱུའི་སྦྱོང་བརྡར་གནང་བ་ཙམ་མ་ཟད་ད་དུང་སློབ་ཁྲིད་ཀྱང་གནང་གི་ཡོད་པ་རེད། སྐབས་རེ་ང་སྡོམ་རྒྱག་པའི་དུས་ཁོང་གིས་ཞབས་ཕྱི་དང་ལྷན་དུ་གླེང་མོལ་ཡང་གནང་ནས་ངའི་བློ་རྩེ་འགྲིམ་པའི་ནུས་པར་བརྟག་དཔྱད་གནང་གི་ཡོད། བཤེས་གཉེན་ཡག་པོ་ཞིག་ཡིན་ཚེ་ངེས་པར་དུ་ཕྱིའི་སྐད་ཅོར་གྱིས་སེམས་གཡེང་བའམ་ཞུམ་དུ་འཇུག་གི་མེད་པ་རེད།

རིན་པོ་ཆེས་ང་ལ་ཟུར་དུ་དཔེ་ཁྲིད་གནང་བའི་སྐབས་སུ་ཟིན་བྲིས་རྩ་བ་ནས་འགོད་དུ་འཇུག་གནང་གི་མ་རེད། རྗེས་སུ་ང་རང་གིས་དཔེ་ཁྲིད་ཡོངས་རྫོགས་ཡིད་ཤར་བྱེད་དགོས་པ་དང་ཟིན་བྲིས་འགོད་དགོས་པ་ཡིན། དེ་ནས་མྱུར་དུ་རིན་པོ་ཆེས་དཔེ་ཁྲིད་ཚར་རྗེས་ང་ལ་ལས་ཀ་སྣ་ཚོགས་བྱེད་དུ་བཅུག་གནང་བར་བརྟེན་དགོང་མོ་ཧ་ཅང་ཕྱི་པོར་མ་གཏོགས་ངས་ཟིན་བྲིས་བཀོད་ཐུབ་ཀྱི་མེད། མཐའ་མར་རིན་པོ་ཆེས་ངས་སྒྱུར་བཞིན་པའི་གསུང་ཆོས་ལ་བར་མཚམས་བཞག་གནང་བ་དང་། ཟུར་ཞིག་ང་རང་སྒེར་གྱི་སློབ་ཚན་དང་འབྲེལ་མེད་དོན་གཞན་ཞིག་གི་སྐོར་གསུངས་ཀྱི་ཡོད། དེ་ནས་ང་ལ་ཁོང་ཉིད་ཀྱི་གསུང་ལ་ཡིད་ཤར་བྱེད་པའི་དུས་ཡུན་ཙམ་ཞིག་ཀྱང་མ་གནང་བའམ་གང་ཡང་འབྲི་ལོང་མེད་པར་ཁོང་གིས་གསུང་ཆོས་ངོ་མའི་མཇུག་སྐྱོང་གནང་གི་ཡོད།

གལ་ཏེ་ངས་རིན་པོ་ཆེར་ཁོང་གིས་སྔོན་དུ་གསུངས་པ་ཞིག་གི་སྐོར་ལ་བཀའ་འདྲི་ཞུས་ཚེ་ངའི་དྲན་ཤེས་ཀྱིས་མ་འདང་པ་དེར་ཁོང་གིས་བཀའ་སྐྱོན་ནན་པོ་གནང་ངེས་རེད། ཐེངས་ཤིག་ངས་རིན་པོ་ཆེར་ཐ་སྙད་ཅིག་གི་གོ་དོན་བཀའ་འདྲི་ཞུས་པར་ཁོང་གིས་ཚིག་དེ་ངས་ལོ་བདུན་གྱི་སྔོན་དུ་ཁྱེད་རང་ལ་འགྲེལ་བཤད་བརྒྱབ་པ་ཡིན། ངས་དེ་གསལ་པོ་དྲན་གྱི་འདུག །ཁྱེད་རང་ག་རེ་བྱས་ནས་དྲན་གྱི་མེད་དམ། ཞེས་ལན་འདེབས་གནང་བ་ངས་དྲན་གྱི་འདུག །དོན་ལ་ཁོང་གིས་ཚར་ཅིག་ང་ལ་ཁོང་ཇི་ཙམ་བགྲེས་པ་དེ་ཙམ་གྱིས་ཁོང་གི་ཐུགས་དྲན་གསལ་དུ་འགྲོ་ཡི་ཡོད་པའི་གོ་བརྡ་སྤྲད་གནང་བ་རེད།

ངའི་དྲན་ཤེས་ཡག་ཏུ་སོང་བཞིན་པ་ཙམ་མ་ཟད་ད་དུང་གསུང་ཏག་ཏག་སྒྱུར་རྒྱུར་ཡར་རྒྱས་འགྲོ་བཞིན་པར་སེར་ཀོང་རིན་པོ་ཆེ་མཆོག་ནས་ཐུགས་འཁུར་གནང་གི་ཡོད། ཁོང་གིས་ནུབ་ཕྱོགས་པ་རྣམས་ལ་གསུང་ཆོས་གནང་བའི་མྱོང་བ་ལས་ཁོང་ཚོའི་གོ་འཛོལ་མང་པོ་ཞིག་ཐུན་མིན་ཐ་སྙད་ཀྱི་འགྱུར་ལོག་པར་འདྲེན་པ་ལས་བྱུང་གི་ཡོད་པ་མཁྱེན་རྟོགས་བྱུང་ཡོད་པ་རེད། དེ་འབྲས་སུ་ཁོང་གིས་ང་དང་ལྷན་དུ་དབྱིན་ཇིའི་ནང་བརྡ་སྦྱོར་ཚུལ་གསར་པ་འཕེལ་རྒྱས་གཏོང་སླད་དུ་ཕྱག་ལས་གནང། ཁོང་གིས་ཐུགས་རྒྱུད་རིང་པོའི་ཐོག་ནས་ང་ལ་བོད་པའི་ཐ་སྙད་རེ་རེའི་གོ་དོན་ཁྱད་པར་བ་དག་འགྲེལ་བརྗོད་གནང་བ་དང། དེ་ནས་གོ་དོན་གཅིག་མཚུངས་སུ་གནས་ཆེད་དེ་དང་མཉམ་པའི་དབྱིན་ཇིའི་ཐ་སྙད་རན་ཞིང་འཚམ་པ་ཞིག་སྦྱོར་རྒྱུར་བསྐུལ་གནང་གི་ཡོད། ཁོང་གིས་རྟག་ཏུ་ང་ལ་འདང་ངེས་མེད་པའི་སྤྱི་སྲོལ་གྱི་བྲན་གཡོག་ཏུ་མ་སོང་བར་ཐ་སྙད་གསར་པ་ཚོད་ལྟ་བྱེད་རྒྱུར་སེམས་ཤུགས་བྱིན། ལེགས་སྦྱར་སྐད་ཡིག་ནས་ནང་པ་སངས་རྒྱས་པའི་གསུང་རབ་བསྒྱུར་དོན་དུ་སྤྱད་པའི་བོད་ཀྱི་བརྡ་ཆད་ཚད་ལྡན་རྣམས་དུས་རབས་མང་པོའི་ནང་རིམ་བཞིན་གོང་འཕེལ་སོང་བ་རེད། ནུབ་ཕྱོགས་པའི་སྐད་ཡིག་ཁག་གི་ནང་དུ་སྒྱུར་བའི་ཚེ་ཡང་བསྐྱར་བཅོས་དེ་དང་གཅིག་མཚུངས་ཀྱི་བརྒྱུད་རིམ་ཞིག་འབྱུང་རྒྱུ་ཡིན་པ་ནི་རང་བཞིན་དུ་གྲུབ།

ངས་རིན་པོ་ཆེར་ཁོང་གི་སློབ་མ་ངོ་མར་ངོས་འཛིན་གནང་རྒྱུའི་རེ་བ་ཞུས་པ་དང་སྦྲགས་སེམས་ཅན་གཞན་ལ་ཐབས་ཤེས་ཟུང་འབྲེལ་གྱིས་ཕན་ཐོགས་ཇི་ལྟར་བྱེད་ཚུལ་ཏེ། རྣམ་དཔྱོད་ཡངས་པའི་ཐབས་ལམ་སློབ་རྒྱུར་དམིགས་བཀར་གྱིས་བཀའ་འདྲི་ཞུས་པ་ཡིན། ང་རང་རྟག་ཏུ་མཆོག་ཏུ་གྱུར་བ་ཡིན་པའི་ཤེས་ཡོན་རྒྱབ་ལྗོངས་དྲག་གྲས་ཀྱི་མིའི་ཁོངས་ནས་ཡོང་བར་བརྟེན་རང་ཉིད་སྒེར་གྱི་ཡར་རྒྱས་དེ་བཞིན་ཕྱོགས་རེ་བ་ཆགས་ཡོད་པ་རེད། ངས་སྤྱི་ཚོགས་ཀྱི་ཐབས་ལམ་དང་དམན་ས་བཟུང་རྒྱུར་སྦྱངས་དགོས་ཀྱི་ཡོད། དེ་འབྲས་སུ་རིན་པོ་ཆེས་ང་ལ་མིང་གཅིག་རང་འབོད་གནང་གི་ཡོད་པ་ནི་ལྐུགས་པ་ཞེས་པ་དེ་ཡིན་པ་དང་། ཁོང་གིས་འཕྱུག་པ་མེད་པའི་ཐོག་ནས་ངས་བཤད་པ་དང་བྱས་པའི་ནོར་འཁྲུལ་ལམ་གླེན་རྟགས་ཚང་མ་ཐེར་འདོན་གནང་། དཔེར་ན་ང་གསུང་སྒྱུར་བཞིན་པའི་སྐབས་རིན་པོ་ཆེས་ངས་ཡོངས་རྫོགས་རྟོགས་དགོས་པའི་ནན་བཤད་གནང་གི་ཡོད། ངའི་ཁ་ག་དུས་དིག་ནས་ཚམ་ཚོམ་སྨྲ་ནའང་དེས་དུས་ཡུན་ཇི་ཙམ་འགོར་མིན་དང་ཁོང་གིས་ང་ལ་ལྐུགས་པ་ཞེས་འབོད་པར་བཟོད་མི་བདེ་བ་ཇི་ལྟར་ཡོང་མིན་དག་གིས་ཁྱད་པར་གང་ཡང་བཟོས་ཀྱི་མེད། ཁོང་གིས་ངའི་གོ་རྟོགས་དང་གསུང་སྒྱུར་ཚད་ལྡན་ཞིག་མ་བྱུང་བར་དུ་ཚིག་གཅིག་ཀྱང་སྣང་མེད་དུ་བསྐྱུར་གནང་གི་མ་རེད། རང་ལ་བརྩི་མཐོང་དམན་པས་མནར་བའི་སློབ་མ་རྣམས་ལ་ཐབས་ལམ་དེ་འདྲ་བ་འཚམ་པོ་མེད་སྲིད་ཀྱང་ཁོང་གི་དྲག་པོའི་ཐབས་ལམ་འདི་ང་ལ་ཤིན་ཏུ་ནས་རན་ཞིང་འཚམ་མོ།

ཐེངས་ཤིག་ཧྥ་རན་སི་ (France) ནང་གི་ ལཱ་ཝོར་ (Lavaur) ཞེས་པའི་ས་ཆའི་ནང་རིན་པོ་ཆེས་མགོ་རྙོག་ཅན་གྱི་གཞུང་ཞིག་གི་འགྲེལ་པར་བཀའ་འཁྲིད་ཅིག་གནང་བ་རེད། ངས་མར་བསྡད་ནས་གསུང་སྒྱུར་བའི་སྐབས་རིན་པོ་ཆེས་ང་ལ་འགྲེལ་པའི་དཔར་མ་འགའ་ཤས་ལ་བསྡུར་བ་བྱས་ནས་གཞུང་དེ་འགྲོ་བཞིན་པའི་ཐོག་ནས་དེར་ཕྱོགས་སྒྲིག་བྱེད་རྒྱུར་ཡང་བཀའ་གནང་བྱུང། ང་ལ་སྨྱུ་གུ་མེད། འོན་ཀྱང་ངའི་མདུན་ངོས་ཐད་ཀར་དུ་བུད་མེད་སྐྲ་ལ་བཀྲག་མདངས་ཆེ་བའི་ཚོན་དམར་པོས་མདོག་བསྒྱུར་བ་དང་། མཆུ་ཏོར་འབྱུག་རྫས་དམར་པོས་ཡོངས་སུ་བསྐུས་པ། གསུང་ཆོས་མགོ་ནས་མཇུག་མ་རྫོགས་བར་དུ་མེ་ཏོག་དམར་པོ་ཞིག་སོ་ཡིས་བཟུང་ནས་སྡོད་མཁན་ཞིག་འདུག །ངས་གལ་ཏེ་སུ་ཞིག་ལ་སྨྱུ་གུ་འཕར་མ་ཞིག་ཡོད་ཚེ་ང་ལ་གཡར་རོགས་གནང་ཞེས་རེ་སྐུལ་ཞུས་པས་བུད་མེད་དེས་མོ་རང་གི་སྨྱུ་གུ་དེ་ང་ལ་སྤྲད་བྱུང། གསུང་ཆོས་ཚོགས་ཐུན་མཐའ་མར་སླེབས་དུས་ང་རང་ཡོངས་སུ་ཐང་ཆད་འདུག །ང་ཡར་ལངས་པ་དང་བུད་མེད་དེས་ཚིག་གཅིག་ཀྱང་མ་སྨྲས་པར་ལག་པ་ངའི་ཕྱོགས་སུ་བརྐྱངས་བྱུང། ངའི་བསམ་པར་ངས་གསུང་སྒྱུར་གྱི་ལས་ཀ་ཡག་པོ་བྱས་པར་མོས་ལེགས་གསོལ་གྱི་ལག་པ་གཏོང་འདོད་ཡོད་པར་བསམས། ངས་དེའི་ལན་དུ་ང་རང་གི་ལག་པ་བརྐྱངས་པའི་སྐབས་རིན་པོ་ཆེས་གསུང་སྐད་ཆེན་པོས་ ལྐུགས་པ། མོའི་སྨྱུ་གུ་ཕྱིར་སྤྲོད་ཅིག་ ཅེས་གསུངས་བྱུང།

ངའི་རང་གཅེས་འཛིན་འཇོམས་པའི་དོན་དུ་རིན་པོ་ཆེས་ང་ལ་གཞན་ཁོ་ནའི་དོན་འགྲུབ་རྒྱུའི་སློབ་ཁྲིད་ཡང་གནང། ང་རང་གི་ཆེད་དུ་སྙན་སྐུལ་ཞུས་པའི་གསུང་ཆོས་དང་དབང་ཁོང་གིས་ཞལ་བཞེས་རྩ་བ་ནས་མ་གནང་བའི་ཐོག་ནས་དེ་འདྲ་ཞིག་གནང་བ་རེད། མི་སུ་རུང་ཞིག་གིས་གསུང་ཆོས་དང་དབང་གི་སྙན་སྐུལ་ཞུས་པ་དང་ང་གསུང་སྒྱུར་ཡིན་ན་ཁོང་གིས་ང་ལ་ཞལ་བཞེས་གནང་གི་རེད། རིན་པོ་ཆེས་ང་རང་སྒེར་གྱི་ཐོག་ལ་ངས་ཅི་ཞིག་སྦྱངས་ན་དགེ་མཚན་ཆེ་བ་ཁོང་ཉིད་ཀྱིས་ཐུགས་དཔྱད་ཁོ་ན་སློབ་ཁྲིད་གནང་བྱུང།

ད་དུང་རིན་པོ་ཆེས་ངའི་མདུན་དུ་ང་ལ་བསྔགས་བརྗོད་རྩ་བ་ཉིད་ནས་གཏོང་མི་གནང་བ་མ་ཟད་རྟག་ཏུ་བཀའ་སྐྱོན་གནང་གི་རེད། དེ་འདྲ་བ་ནི་ཁོང་གིས་དམིགས་བཀར་གྱིས་མི་གཞན་གྱི་མདུན་དུ་གནང་བར་བརྟེན་སྐྱོན་བརྗོད་དང་གནོན་ཤུགས་ཀྱིས་ངའི་སེམས་ཁམས་མ་འཁྲུགས་པ་ཆགས་ཀྱི་ཡོད། ངའི་དྲན་པ་ཞིག་ལ་རིན་པོ་ཆེ་དང་ང་གཉིས་ནུབ་ཕྱོགས་ལ་ཐེངས་དང་པོའི་འཚམ་གཟིགས་ཀྱི་མཐའ་མཇུག་ཏུ་ཁོང་གིས་ཚར་གཅིག་རང་ངའི་རོགས་སྐྱོར་ལ་ལེགས་གསོལ་གནང་བྱུང། སེམས་ཚོར་དྲག་པོའི་ལམ་ནས་རིན་པོ་ཆེས་ངའི་རྒྱུད་ལ་རང་ལ་བསྟོད་བསྔགས་སམ་ཐུགས་མཉེས་པོ་ཡོང་བའི་འདུན་པ་ཙམ་མིན་པར་གཞན་སེམས་ཅན་ལ་ཕན་པའི་སེམས་ཀྱི་སྐུལ་སློང་སྤེལ་བའི་སྦྱོང་བརྡར་གནང་བ་རེད། ཁོང་གིས་ལེགས་གསོ་གནང་རྒྱུར་རེ་སྒུག་བྱས་པ་ནི་ངས་ཁྱི་ཞིག་གིས་རང་གི་མགོ་ལ་བྱིལ་བྱིལ་བྱེད་རྒྱུར་རེ་སྒུག་བྱས་པ་དང་གཅིག་མཚུངས་སུ་མཐོང་བའི་དུས་མྱུར་བར་ངོས་ལེན་གྱི་མཚན་མ་ཅི་ཡང་རེ་སྒུག་བྱེད་རྒྱུ་མཚམས་འཇོག་བྱས་པ་ཡིན། གལ་ཏེ་ཁོང་གིས་ང་ལ་བསྔགས་བརྗོད་གནང་བའི་དབང་དུ་བཏང་ནའང་ངས་མཇུག་མ་གཡུག་ན་མ་གཏོགས་དེ་མིན་བྱེད་རྒྱུ་ཅི་ཞིག་ཡོད།

རིན་པོ་ཆེས་རྒྱུན་དུ་མི་རྣམས་ལ་གསུང་རབ་ཕྱག་དཔེ་རྣམས་སོ་སོ་རང་གིས་ཀློག་ནས་སྦྱོང་རྒྱུའི་སེམས་ཤུགས་སྦྱིན་གནང་གི་རེད། སུ་ཞིག་ལ་དྭོགས་པའམ་དྲི་བ་ནམ་བྱུང་བའི་ཚེ་རིན་པོ་ཆེས་བསྟནབཅོས་ཁག་ཏུ་ཞིབ་འཚོལ་དགོས་པ་བཀའ་གནང་གི་ཡོད། ཁོང་གིས་གསུང་ཆོས་འདི་རྣམས་ཁོ་རང་གིས་བརྩམས་པ་མ་ཡིན་པར་དེ་དག་ཚད་ལྡན་གྱི་འབྱུང་ཁུངས་དག་ལས་བྱུང་བར་འགྲེལ་བརྗོད་གནང་བ་དང་། རིན་པོ་ཆེས་ད་དུང་སུ་ཞིག་གིས་ཀྱང་བླ་མས་སོ་སོར་ཐམས་ཅད་སློབ་ཁྲིད་བྱེད་རྒྱུའི་རེ་བ་བྱ་མི་ཉན་པར་གསུངས། མ་ཟད་ནུབ་ཕྱོགས་པར་ཚོར་ཁོང་གིས་༸གོང་ས་མཆོག་གི་གསུང་བཤད་ལྟར་ལོ་བརྒྱ་ཕྲག་གཉིས་སམ་དེ་ལས་མང་བ་སོང་བའི་རྗེས་སུ་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཡོངས་རྫོགས་བོད་པའི་སྐད་ཡིག་གཅིག་པུའི་ནང་གནས་རྒྱུ་རེད་ཅེས་པ་དེ་བསྐྱར་ཟློས་གནང་གི་རེད། དེར་བརྟེན་ཁོང་གིས་ཉིད་ཀྱི་ནུབ་ཕྱོགས་པའི་སློབ་མ་རྣམས་ལ་བོད་པའི་སྐད་ཡིག་སྦྱོང་རྒྱུར་སྐུལ་མ་ནན་པོ་གནང་གི་ཡོད། ཁོང་གིས་བོད་ཀྱི་སྐད་ཡིག་གི་ཚེག་བར་ཚང་མར་ནང་དོན་གྱིས་ཁེངས་པར་གསུངས། དེས་ན་རིན་པོ་ཆེས་གསུང་ཆོས་ཀྱི་སྐབས་སུ་བོད་པའི་ཐུན་མིན་གྱི་ཐ་སྙད་དག་གི་བརྡ་ཆད་རྣམས་རྟག་ཏུ་སྤྲོས་ནས་གསུངས་གནང་གི་རེད།

ཐབས་ལམ་འདི་དང་ལྷན་དུ་བརྒྱུད་རིམ་ནང་ཕྱག་དཔེ་ཀློག་པ་དང་ང་རང་ལ་དྭོགས་པ་ཡོད་པ་རྣམས་དྲི་བ་གཏོང་དུ་འཇུག་པའི་ཐོག་ནས་རིན་པོ་ཆེས་ངའི་སློབ་སྦྱོང་མཇུག་སྐྱོང་བྱེད་དུ་བཅུག་གནང། ཁོང་གིས་ལམ་འདི་བརྒྱུད་ནས་སློབ་མ་རྣམས་ཀྱིས་རིམ་བཞིན་ནང་དོན་རིག་པའི་ཕྱག་དཔེ་དག་ལ་རྒྱ་མཚོའི་ནང་ཆུ་བརྒལ་བའམ་ནམ་མཁར་འཕུར་བ་ལྟ་བུའི་སློབ་སྦྱོང་བྱེད་ཐུབ་པར་གསུངས། བླ་མ་ནི་སློབ་མར་སོ་སོའི་རྐང་པའི་ཐོག་ཏུ་ལངས་ཏེ་འཕུར་ཐུབ་པའི་སློབ་ཁྲིད་གནང་མཁན་དུ་འགྲེལ་བའི་ཐོག་ནས་ཁོང་གིས་ཅི་ཞིག་སློབ་སྦྱོང་དང་ཀློག་དགོས་པའི་ལམ་སྟོན་གནང་གི་རེད། དེ་ནས་ཁོང་གིས་ཉིད་ཀྱི་སློབ་མ་རྣམས་ཚང་གི་ཕྱི་རུ་བཏོན་ནས་འཕུར་སྡོད་གང་བྱས་སོ་སོར་འགན་འཁྲི་གནང་གི་རེད།

རིན་པོ་ཆེས་ཐབས་ལམ་སྣ་ཚོགས་སྤྱད་ནས་ང་རང་ཕྱོགས་གང་ཐད་ནས་ཁོང་ཉིད་ལ་བརྟེན་མཁན་ཞིག་མི་ཆགས་པའི་སློབ་ཁྲིད་གནང། དཔེར་ན། རིན་པོ་ཆེ་དང་ངའི་དབར་ཤིན་ཏུ་ཉེ་བའི་འབྲེལ་བ་ཞིག་ཡོད་ནའང། ཁོང་གིས་ནམ་ཡང་ང་ལ་ཕྱོགས་ཐམས་ཅད་ནས་ཕན་པ་བཏགས་ཐུབ་པའི་ཚུལ་གནང་གི་མེད། ཐེངས་ཤིག་ང་རང་ནད་ཀྱིས་ཕྲན་བུའི་མནར་བ་དང་ངས་བཟས་བཞིན་པའི་སྨན་གྱིས་ཕན་ནུས་མ་ཐོན། ངས་རིན་པོ་ཆེར་ཕྱི་ལུགས་སམ་བོད་སྨན། རྒྱ་གར་སོགས་ལུགས་གང་གི་སྨན་བཅོས་ཞུས་ན་ལེགས་མིན་དང་སྨན་པ་སུ་ཞིག་བསྟེན་ན་ལེགས་མིན་གྱི་བརྟག་པ་གནང་རྒྱུའི་རེ་བ་ཞུས་པར་ཁོང་གིས་ད་ལྟའི་དུས་ཉིད་ཀྱི་བརྟག་པ་གསལ་པོ་མེད་ལུགས་གསུངས་གནང་བྱུང། དེའི་དོད་དུ་ཁོང་གིས་ང་ལ་བཅོས་ཐབས་ཕན་ནུས་ཆེ་བ་འཚོལ་ཐུབ་མཁན་གྱི་བླ་མ་ཚད་ལྡན་གཞན་ཞིག་གི་སྐུ་མདུན་དུ་བཏང་གནང་བས་དེ་ནས་ང་མྱུར་དུ་དྲག་སྐྱེད་བྱུང་སོང།

རིན་པོ་ཆེས་ང་རང་༸གོང་ས་མཆོག་གི་གསུང་སྒྱུར་གྱི་ཆེད་དུ་སྦྱོང་བརྡར་གནང་བཞིན་ཡོད་པ་ངས་ལོ་འགའ་ཤས་ཀྱི་རྗེས་སུ་ཤེས་རྟོགས་བྱུང་བ་རེད། སྐབས་རེ་ང་རང་རིན་པོ་ཆེས་༸གོང་ས་མཆོག་ལ་འབུལ་རྒྱུའི་ཕྱག་རྟགས་ལྟ་བུ་ཞིག་འབུལ་བའི་གྲ་སྒྲིག་གནང་བའི་ཚོར་བ་སྐྱེས། གང་ལྟར་ཡང་༸གོང་ས་མཆོག་ལ་ཞབས་ཕྱི་ལེགས་པོ་ཞིག་སྒྲུབ་ཐབས་སུ་ངས་ངེས་པར་དུ་ང་རང་ཁོང་ལ་འབྲེལ་བའམ་བརྟེན་པ་ཞིག་ནམ་ཡང་འགྱུར་མི་ཉན། ང་རང་གྷོལ་ཧྤི་རྩེད་མའི་དབྱུག་པ་ (golf clubs) མང་པོའི་དཀྱིལ་ནས་གཅིག་ལྟ་བུ་ཙམ་སྟེ་༸གོང་ས་མཆོག་གིས་ཉིད་ཀྱི་གསུང་སྒྱུར་དགོས་མཁོར་འཚམ་པ་ཞིག་དེ་ནས་བདམས་ཐུབ། ངས་ད་དུང་གནོན་ཤུགས་དྲག་པོར་གདོང་ལེན་དང་ང་རང་གི་ང་རྒྱལ་འཇོམས་དགོས་པ་རེད།

དེ་ལྟར་རིན་པོ་ཆེས་༸ཏཱ་ལའི་བླ་མ་མཆོག་ལ་ཡང་དག་པའི་ཞབས་ཕྱི་ཞུ་བའི་ཚེ་སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་འཁྱེར་དགོས་མིན་གྱི་སློབ་ཁྲིད་གནང། དཔེར་ན། ༸གོང་ས་མཆོག་ལ་གསུང་སྒྱུར་ཞུ་དུས་ཞབས་བྲོ་འཁྲབ་པ་བཞིན་ལག་པ་གཉིས་ནམ་ཡང་གཡུག་མི་ཉན་པ་མ་ཟད་གཅན་གཟིག་ཁང་དུ་མིག་ལྟ་བ་བཞིན་ཁོང་ལ་ཐད་ཀར་ལྟ་མི་ཉན་པའོ། དེའི་ཚབ་ཏུ་སོ་སོའི་མགོ་ངེས་པར་དུ་མར་སྒུར་ཙམ་དང་། བློ་རྩེ་ཡོངས་སུ་གཏད་ནས་སྡོད་པ། ནམ་ཡང་སོ་སོ་རང་ཉིད་ཀྱི་བསམ་སྤྱོད་ཅི་ཡང་རུང་བ་སྣོན་ཁ་འདེབས་མི་ཉན། ༸སྐྱབས་མགོན་རིན་པོ་ཆེས་གསུང་ཆོས་སྐབས་སྐྱེ་བོ་དང་གནད་དོན་རིམ་པ་ཇི་ལྟར་གསུངས་པ་བཞིན་གོ་རིམ་དེ་རང་ལ་ངེས་པར་འཇོག་དགོས་ཅིང་། ཁོང་གི་གསུང་གང་ལའང་འགྱུར་བ་གཏོང་བའམ། ཡང་ན་རྒྱུ་མཚན་དང་དགོས་དོན་མེད་པར་ཆ་འཇོག་བྱེད་མ་ཉན།

བླ་མ་རྣམས་ཀྱི་མཚན་གནས་དག་ངེས་པར་དུ་༸གོང་ས་མཆོག་ཅི་ཞིག་སྤྱོད་གནང་བ་ཇི་བཞིན་སྒྱུར་དགོས་པ་ལས་ ཕྱི་རྒྱལ་བ་ཚོས་བླ་མ་ཕལ་མོ་ཆེར་༸སྐྱབས་མགོན་རིན་པོ་ཆེ་ (His Holiness) འབོད་པའི་ལམ་ལུགས་དེ་དག་བྱ་མི་ཉན། བླ་མ་དེ་རྣམས་ལ་ཆེ་བསྟོད་ཀྱི་དོད་དུ་ཤེས་རྟོགས་མེད་པའི་ནུབ་ཕྱོགས་པའི་གོམས་གཤིས་འདིས་༸སྐྱབས་མགོན་རིན་པོ་ཆེར་མཚན་དམས་ཞུ་ཡི་ཡོད། དོན་ལ་གལ་ཏེ་ཕྱི་རྒྱལ་བ་ཚོས་བླ་མ་རྣམས་ལ་༸ཏཱ་ལའི་བླ་མ་དང་མཉམ་པའི་མཚན་བསྟོད་ཞུས་པ་ཁོང་རང་ཚོས་ཤེས་རྟོགས་བྱུང་ཚེ་དེས་ཁོང་རྣམ་པ་ཚོར་འཇིགས་སྣང་སྐུལ་ངེས་ཡིན། རྣམ་དག་ཡེ་ཤུའི་ཆོས་ལུགས་ (Catholic) ཀྱི་བླ་མའི་གོ་རིམ་ནང་བཞིན་དོན་གཅོད་མི་སྣའི་ནང་ལྟར་བོད་པའི་མཚན་གནས་རྗེས་འབྲེལ་དང་དེའི་ཆོས་ཕྱོགས་ཀྱི་གོ་གནས་བེད་སྤྱོད་བྱེད་ཚུལ་དེ་ཁྲིམས་དམ་པོའི་འོག་ལག་བསྟར་བྱེད་ཀྱི་ཡོད།

ང་རང་༸སྐྱབས་མགོན་རིན་པོ་ཆེའི་གསུང་སྒྱུར་ཞུ་བའི་སྐབས་སེར་ཀོང་རིན་པོ་ཆེས་རྟག་ཏུ་ངའི་ཐད་ཕྱོགས་སུ་བཞུགས་གནང་གི་རེད། ཁོང་མཇལ་བ་དེས་ཁོང་གིས་སྦྱོང་བརྡར་གནང་བའི་དྲན་ཤེས་ཅན་དུ་གནས་རྒྱུར་ཏེ་ཕན་ཐོགས་ཡོང་གི་འདུག །དཔེར་ན། ཐེངས་ཤིག་དྷ་རམ་ས་ལར་ཕྱི་རྒྱལ་གྱི་ཆོས་ཞུ་བ་བརྒྱ་ཕྲ་ཁ་ཤས་དང་བོད་པའི་ཆོས་ཞུ་བ་སྟོང་ཕྲག་ཁ་ཤས་ཀྱི་མདུན་དུ་གསུང་སྒྱུར་བྱེད་བཞིན་པའི་སྐབས་༸སྐྱབས་མགོན་རིན་པོ་ཆེས་ངའི་མཚམས་བཅད་གནང་ཏེ་གསུང་ཤུགས་ཆེན་པོས་ཞལ་མོ་བཞད་ནས་ད་ལྟ་རང་ཁོས་ནོར་སོང།ཞེས་གསུངས། ཁོང་གིས་དབྱིན་ཇི་ཡག་པོ་མཁྱེན་གྱི་ཡོད་པ་རེད། ང་རང་གྲོག་མ་ཞིག་ལྟར་རུམ་གདན་གྱི་འོག་ནས་གོག་བགྲོད་བྱེད་འདོད་ནའང། རིན་པོ་ཆེ་ངའི་སྣང་བའི་ཡུལ་དུ་བཞུགས་པ་དེས་ལྐུགས་པ་ངའི་སེམས་ལྷིང་འཇགས་སུ་གནས་རྒྱུར་ཕན་ཐོགས་བྱུང།

གང་ལྟར་ཡང་སྐབས་རེ་ང་ལ་སོ་སོའི་སློབ་ཚན་དྲན་གསོ་གཏོང་ཤུགས་ཆེན་པོ་དགོས་ཀྱི་འདུག །དཔེར་ན། ངས་༸སྐྱབས་མགོན་རིན་པོ་ཆེའི་གསུང་སྒྱུར་བྱས་པའི་ཆེས་སྔ་ཤོས་ཀྱི་དུས་ཚོད་གཅིག་ལ་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་འོག་ཏུ་༸གོང་ས་མཆོག་གིས་མི་མང་སྟོང་ཕྲག་བཅུ་མ་ཟིན་ཙམ་ལ་གསུང་ཆོས་ཤིག་གནང་བ་རེད། ངའི་སྒྲ་སྐྱེད་ཁ་པར་འཕྲོ་བརླག་ཕྱིན་འདུག་པས་༸གོང་ས་མཆོག་ནས་ང་ལ་དབུ་མཛད་ཀྱི་པང་ལ་དངོས་སུ་བགོམས་ཏེ་ཁོང་གི་སྒྲའི་ཡོ་བྱད་མཉམ་སྤྱོད་བྱེད་རྒྱུར་བསྐུལ་གནང་བྱུང། དེ་ཡང་འཕྲོ་བརླག་ཕྱིན། དེ་ནས་༸སྐྱབས་མགོན་རིན་པ་ཆེས་ཁོང་གི་བཞུགས་ཁྲི་དང་མདུན་གྲལ་དུ་བཞུགས་པའི་སེར་ཀོང་རིན་པོ་ཆེའི་བར་གྱི་ཐང་ལ་བསྡད་དུ་བཅུག་གནང་བ་དང་ཁོང་ཉིད་ཀྱི་སྒྲ་སྐྱེད་ཞལ་པར་བརྗོད་པ་རེ་རེའི་མཚམས་ན་ང་ལ་སྤྲད་གནང་བྱུང། ང་རང་ཤིན་ཏུ་འཚབ་འཚུབ་དུ་གྱུར་ནས་རང་ཉིད་ཚོད་འཛིན་བྱེད་རྒྱུར་དཀའ། ངས་༸སྐྱབས་མགོན་རིན་པོ་ཆེར་སྒྲ་སྐྱེད་ཞལ་པར་ཕར་ཕུལ་བ་དང་ཚུར་ལེན་དུས་བོད་པའི་སྲོལ་རྒྱུན་གུས་ཞབས་མཚོན་པའི་ཉམས་ལེན་བཞིན་ལག་པ་གཉིས་རིང་དུ་མ་བསྐྱངས་པར་ལག་པ་གཅིག་ཁོ་ན་སྤྱད། ངས་སྒྲ་སྐྱེད་ཁ་པར་སྤྲེའུས་ངང་ལག་སྦར་འཇུས་བརྒྱབ་པ་བཞིན་དུ་འཁྱེར་བས་རིན་པོ་ཆེས་དངོས་སུ་ང་ལ་ཕྱག་འཇུག་གནང་གྲབས་མཛད།

ནུབ་ཕྱོགས་པ་ཚོས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་དུ་ཁོ་རང་ཚོའི་སྤྱོད་ཚུལ་ལེགས་ཤོས་མངོན་པར་བྱེད་པའང་རིན་པོ་ཆེས་ཐུགས་འཁུར་གནང་གི་ཡོད། ༸སྐྱབས་མགོན་རིན་པོ་ཆེའི་མི་མང་གསུང་ཆོས་སྐབས་ཁོང་ཚོའི་སྤྱོད་ལམ་གྱིས་རིན་པོ་ཆེར་ ཐུགས་ཁྲེལ་ཚབ་ཆེ་ཡོང་གི་ཡོད་ ཁོང་གིས་༸སྐྱབས་མགོན་རིན་པོ་ཆེ་སུ་ཡིན་པ་ངོས་འཛིན་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང། ཁོང་བླ་མའི་ཡང་སྲིད་ཕལ་པ་ཞིག་མིན་པས་ཁོང་གི་སྐུ་མདུན་དུ་དམིགས་བསལ་གྱིས་གུས་ཞབས་དང་དམའ་ས་བཟུང་དགོས་པར་གསུངས། དཔེར་ན། དབང་དང་གསུང་ཆོས་ཀྱི་གསོལ་ཇའི་བར་གསེང་སྐབས་༸སྐྱབས་མགོན་རིན་པོ་ཆེའི་གཟིགས་རྒྱང་གི་ཡུལ་དུ་ཡར་ལངས་པ་དང་གླེང་མོལ་བྱས་ཏེ་ཁོང་སྐུ་བཞུགས་མེད་པ་ལྟ་བུའི་སྤྱོད་ཚུལ་ནི་ཤིན་ཏུ་ནས་མི་མཛེས་པའོ། ཚུལ་མཐུན་གྱི་ཡ་རབས་སྤྱོད་ཚུལ་ནི་གླེང་མོལ་ཅི་ཞིག་བྱ་དགོས་ན་ཕྱི་ལོགས་སུ་འགྲོ་དགོས་པ་ཡིན།

ཐེངས་ཤིག་དྷ་རམ་ས་ལར་ནུབ་ཕྱོགས་པའི་ནང་པའི་མཐུན་ཚོགས་ཀྱིས་སྦྱིན་བདག་བྱས་པའི་༸སྐྱབས་མགོན་རིན་པོ་ཆེའི་གསུང་ཆོས་ཤིག་ལ་ངས་གསུང་སྒྱུར་ཞུས་པ་ཡིན། ཆོས་ཞུ་བའི་དབུས་ནས་ཡིག་ཐོག་ཏུ་ཕབ་པའི་དྲི་བ་ཕུལ་སོང། ཚོགས་མཐུན་རེ་རེའི་རྗེས་སུ་སེར་ཀོང་རིན་པོོ་ཆེས་ཉིན་རྗེས་མའི་དྲི་བ་རྣམས་ཁོང་ཉིད་ལ་ཀློག་ཏུ་བཅུག་གནང་ནས་དྲི་བ་ཆོ་མེད་དམ་གནས་མེད་དག་ཁོང་གིས་ཐུགས་ཐག་ཆོད་པོས་ཕྱིར་བཏོན་དུ་བཅུག་གནང་བྱུང། རིན་པོ་ཆེས་དྲི་བ་རྣམས་གཏིང་ཟབ་ཏུ་གཏོང་ཆེད་ཡང་ནས་ཡང་དུ་ང་ལ་ཚིག་འགྲོས་དང་གོ་རིམ་བཅོས་སྒྲིག་བྱེད་དུ་བཅུག་གནང། ཁོང་ཚོས་༸སྐྱབས་མགོན་རིན་པོ་ཆེའི་དུས་ཚོད་དང་ཆོས་ཞུ་བ་མང་པོར་ལན་འདེབས་ཀྱི་ཕན་ཡོན་འཐོབ་པའི་གོ་སྐབས་ཆུད་ཟོས་སུ་གཏོང་མི་ཉན། དེ་རྗེས་༸སྐྱབས་མགོན་རིན་པོ་ཆེས་ཚར་ཁ་ཤས་ཤིག་དྲི་བ་གཏིང་ཟབ་པོ་དང་ལེགས་པོ་ཡོད་པའི་བཀའ་གནང་སོང། ང་རང་༸གོང་ས་མཆོག་དང་ལྷན་དུ་ཕྱོགས་བསྐྱོད་ག་དུས་བྱས་ནའང་གོང་གསལ་བཅོས་སྒྲིག་གི་བརྒྱུད་རིམ་དེ་ལག་བསྟར་བྱེད་དགོས་པ་ཤེས་བྱུང།། །།