བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དགེ་བའི་བཤེས་གཉེན། > སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར། > ལེའུ་གཉིས་པ། རིན་པོ་ཆེའི་སྐུ་ཚེ་དང་ཁྱད་རྣམ།

སེར་ཀོང་མཚན་ཞབས་རིན་པོ་ཆེའི་རྣམ་ཐར།

ཨེ་ལེག་ཛན་ཌར། བྷར་ཛིན། ཕྱི་ལོ་ ༡༩༩༨ །

ལེའུ་གཉིས་པ། རིན་པོ་ཆེའི་སྐུ་ཚེ་དང་ཁྱད་རྣམ།

སེར་ཀོང་མཚན་ཞབས་རིན་པོ་ཆེ་ནི་སྐུ་སྟོབས་ཆེ་བའི་དགེ་སྦྱོང་ཞིག་དང་། དབུ་སྐྲ་བཞར་ཞིང་། ངུར་སྨྲིག་འཛིན་པ། ཞལ་རས་ལ་བགྲེས་གཉེར་ཁེངས་པས་སྐུ་ཉིད་ཀྱི་ན་ཚོད་ལས་དགུང་ལོ་བགྲེས་པ་ལྟ་བུར་སྣང། ཁོང་གི་སྙེམ་ཆུང། རྣམ་དཔྱོད་ལྡན་པའི་སྤྱོད་ཚུལ། ཞི་ཞིང་དུལ་བའི་རྒོད་བྲོ་བཅས་ཀྱིས་རྟོག་སྒྲུང་ཁྲོད་ཀྱི་དྲང་སྲོང་ཞིག་དང་གཉིས་སུ་མ་མཆིས། དེ་ལྟའི་ཁྱད་རྣམ་ལ་བརྟེན་ནས་ཁོང་མཇལ་མཁན་ནུབ་ཕྱོགས་པ་རྣམས་ཀྱི་ཡིད་དབང་རབ་ཏུ་ཕྲོགས། ཁོང་དྷ་རམ་ས་ལར་མཇལ་བ་དང། དཔེར་ན། སྐར་དམག་ (Star Wars) ཅེས་པའི་གློག་བརྙན་གྲགས་ཅན་དེ་བཟོ་སྐྲུན་གནང་མཁན་གྱིས་ཁོང་ཡོ་ཌ་ (Yoda) སྟེ་སྒྲུང་གཏམ་གྱི་དགེ་བའི་བཤེས་གཉེན་གྱི་དཔེ་མཚོན་དུ་བེད་སྤྱོད་བྱེད་རྒྱུ་ཐག་གཅོད་བྱས། རིན་པོ་ཆེ་མཆོག་ནས་གློག་བརྙན་དེ་རྩ་བ་ནས་གཟིགས་མྱོང་མེད། འོན་ཀྱང་ཐུགས་དོགས་མེད་པར་སྒྲོ་བཏགས་རི་མོ་ (caricature) ལ་དགའ་མགུ་གནང། དེ་ལྟ་ནའང་རིན་པོ་ཆེའི་གཟེངས་སུ་ཐོན་པའི་ཁྱད་ཆོས་ནི་༸གོང་ས་མཆོག་དང་འབྲེལ་ལམ་དམིགས་བསལ་ཡོད་པ་དེ་ཡིན།

༸གོང་ས་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་ཞིང་། སྐུ་ཕྲེང་ན་རིམ་ཡང་སྲིད་ཀྱི་ཐོག་ནས་མུ་མཐུད་ཕེབས་ཏེ། གང་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་། སྐུ་འཁོར་རྣམས་ཀྱིས་ཡང་སྲིད་རིན་པོ་ཆེ་ངོས་འཛིན་དང་སྐུ་གང་དུ་བལྟམ་མིན་ཐད་དམིགས་བསལ་རྒྱུད་རིམ་ཐོག་ནས་འཚོལ་ཞིབ་གནང་གི་ཡོད། དེ་རྗེས་ཚད་ལྡན་གྱི་ཡོངས་འཛིན་རྣམས་ཀྱི་དྲུང་ནས་༸ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པར་སློབ་སྦྱོང་མཐར་ཕྱིན་པ་ཕུལ་ཞིང་ཡོངས་འཛིན་སྐུ་བགྲེས་གཞོན་གཉིས་དང། ཡོངས་གྲགས་སུ་ཕྱག་སྦྲེལ་ཡོངས་འཛིན་ (Assistant Tutor) ཞེས་མཚན་བཏགས་པའི་མཚན་ཞབས་བདུན་ཡོད།

རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་བོད་རྒྱུད་ནང་བསྟན་ལ་ཆོས་རྒྱུད་ཆེ་ཁག་བཞི་ཡོད་ཀྱང་དེ་དག་གི་རྩ་བའི་ལྟ་གྲུབ་ཐད་འགལ་བ་ཅི་ཡང་མེད། ༸གོང་ས་མཆོག་ལ་ཆོས་རྒྱུད་ཆེན་པོ་བཞི་ལས་ཆེ་ཤོས་དགེ་ལུགས་ཀྱི་ཁོངས་ནས་ཡོངས་འཛིན་གཙོ་བོ་དགུ་ཡོད། སྐུ་ཉིད་ཀྱི་གཞི་རིམ་སློབ་གཉེར་གྲུབ་རྗེས་རྙིང་མ་དང། བཀའ་རྒྱུད། ས་སྐྱ་བཅས་རྒྱུད་པ་གཞན་གསུམ་གྱི་སློབ་དཔོན་རྣམས་དགེ་རྒན་དུ་བསྟེན་ནས་ཆོས་ཀྱི་གདམས་པ་མང་པོ་གསན་བསམ་མཛད། མཚན་ཞབས་བདུན་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་དུ་ཆགས་པའི་དགེ་ལུགས་ཀྱི་དགོན་པ་ཆེ་ཁག་བདུན་ནས་ཡིན་ཞིང། རང་རང་གི་མཁྱེན་པ་དང་སྒྲུབ་པའི་ཡོན་ཏན་ལ་བརྟེན་པའི་གཤིས་རྒྱུད་ཀྱི་ཐོག་ནས་མཚན་གནས་སུ་བསྐོ་བཞག་བྱེད། སེར་ཀོང་རིན་པོ་ཆེ་ནི་རི་བོ་དགེ་ལྡན་པའི་ལུགས་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་ཆེན་པོ་རང་ཉིད་ཀྱིས་གསར་བཞེངས་མཛད་པའི་དགའ་ལྡན་བྱང་རྩེ་ནས་བསྐོ་བཞག་གནང་བའི་མཚན་ཞབས་ཤིག་ཡིན། ཕྱི་ལོ་ ༡༩༤༨ ལོར་མཚན་གནས་བཞེས་པའི་སྐབས་༸གོང་ས་མཆོག་དགུང་གྲངས་ ༡༣ དང་ཁོང་རང་ཉིད་དགུང་ལོ་ ༣༤ ཡིན། མཚན་ཞབས་བདུན་ལས་ཁོང་ནི་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་སྐབས་སྐུ་འཁོར་དུ་ཕེབས་ཐུབ་མཁན་གཅིག་པུ་དེ་ཡིན།

ཕྱི་ལོ་ ༡༩༨༣ ཟླ་བརྒྱད་པའི་ནང་སྐུ་མ་བཤེགས་བར་འཚོ་བཞུགས་སྐབས་ཐོག་མར་རྒྱལ་ས་ལྷ་ས་དང་ཕྱིས་སུ་བཞུགས་སྒར་དྷ་རམ་ས་ལར་ཕེབས་ནས་༸གོང་ས་མཆོགས་ལ་དད་དམ་གཡོ་བ་མེད་པའི་ཐོག་ནས་ཞབས་ཕྱི་ཧུར་ཐག་ཞུས། ཁོང་གི་ཐུགས་འགན་གཙོ་བ་ནི་༸གོང་ས་མཆོག་དཔེ་ཁྲིད་གསན་སྐབས་གང་སར་བཅར་གནང་བ་དང་དེ་རྗེས་༸གོང་ས་མཆོག་དང་ལྷན་དུ་ཆོས་ཀྱི་བགྲོ་གླེང་གནང་རྒྱུ་དེ་ཡིན། མདོར་ན། ༸གོང་ས་མཆོག་སྐུ་ཉིད་ཀྱིས་དཔེ་ཁྲིད་གང་གསན་སར་རིན་པོ་ཆེ་ཕེབས་དགོས་པར་བཀའ་གནང་བ་དང་དེ་ལ་བརྟེན་ནས་མ་མཐར་སློབ་དཔོན་གཞན་ཞིག་གིས་དྲུང་ནས་བློ་བསྐྱེད་ལེན་རྒྱུའི་ཐུགས་རེ་བཅངས་གནང་མཛད། དེས་ན་༸གོང་ས་མཆོག་དང་འདྲ་བར་རིན་པོ་ཆེའང་བོད་ཀྱི་ཆོས་རྒྱུད་བཞི་ཀར་བྱང་ཆུབ་པར་མཁས་ཤིང་། ནང་ཆོས་ཀྱི་སྡེ་ཚན་ཆེ་ཁག་གཉིས་ཏེ་མདོ་སྔགས་གཉི་གར་བྱན་ཆུད་པར་བྱས། མདོ་སྡེའི་ཁོངས་སུ་གཞི་རྩའི་ནང་ཆོས་ཀྱི་རིམ་པ་དང། གསང་སྔགས་ནང་གང་ཟག་གཅིག་གི་རྒྱུད་སྨིན་བྱེད་ཀྱི་ཐབས་ཟབ་མོ་རྣམས་རྟོགས།

མ་ཟད་རིན་པོ་ཆེ་སྲོལ་རྒྱུན་གྱི་ནང་པའི་སྒྱུ་རྩལ་དང་ཚན་རིག་ལ་མཁས། དཔེར་ན། སྔགས་ཀྱི་ཆོ་གའི་ནང་བེད་སྤྱོད་བྱེད་པའི་རས་བྲིས་སམ་རྡུལ་ཕྲན་གྱི་དཀྱིལ་འཁོར་དང་། བློས་བླངས་ཀྱི་ཆ་ཚད་འཇལ་བ་དང་བཞེང་རྒྱུ། ཁང་པའི་རིང་བསྲེལ་དུ་བེད་སྤྱོད་པའི་གདུང་རྟེན་རིགས་འདྲ་མིན་བཞེང་རྒྱུར་མཁས་པའི་ཡང་རྩེར་སོན། གཞན་ཡང་སྙན་ངག་དང་། རྩོམ་བྲིས། བོད་ཀྱི་བརྡ་སྤྲོད་སོགས་ལ་ཧ་ཅང་མཁས། དེ་ལྟར་ཁོང་གི་སློབ་ཁྲིད་གནང་སྟངས་ལ་ཉམས་འགྱུར་དང་ཚོར་ཤུགས་ལྡན་པས་དཀའ་གནད་ཁག་ལ་ལྷག་པར་དུ་ནན་གྱིས་གོ་བདེ་པོར་འགྲེལ་བའི་ཁྱད་ཆོས་ལྡན།

སེར་ཀོང་རིན་པོ་ཆེ་མཆོག་ད་དུང་བོད་ཀྱི་སྲོལ་ལུགས་ཁྲོད་སྤྱོད་པའི་ཕྱག་མོ་ཐིག་པོ་ཡོད། ཕྱག་མོ་བསྐྱོན་སྐབས་རྩེ་གཅིག་པའི་སྒོམ་གྱི་གནས་ལ་ཞུགས་ཏེ་ཤོ་གསུམ་ཐེངས་འགའ་གཡུགས་རྗེས་ཤོ་གང་བབས་པར་འགྲེལ་པ་གནང་སྟེ་མི་རྣམས་ལ་ཐག་གཅོད་བྱ་དཀའ་བ་དག་ལ་རོགས་རམ་བྱེད་ཀྱི་ཡོད། དེར་མ་ཟད་ཁོང་གིས་བོད་ཀྱི་སྐར་རྩིས་རིག་པ་སྟེ། རྒྱུ་སྐར་གྱི་གནས་སྟངས་ལ་བརྟག་པའི་རྙོག་འཛིང་ཅན་གྱི་རྩིས་རིག་ཀྱང་ལེགས་པར་མཁྱེན་ཞིང། དེ་ལྟ་བུའི་ཐུན་མིན་གྱི་སློབ་གཞི་ཁག་ལ་ཁོང་གི་འཇུག་སྒོ་ནི་རྒྱུན་དུ་ཁ་ཡོད་ལག་ཡོད་ཞིག་དང་གནད་ལ་སྨིན་པོ་ཞིག་ཡོད་ཅིང། དེ་དག་ལ་གྲོས་འདྲི་བ་ནི་ཟུར་རྒྱན་ཞིག་ལས་སྤྱིར་བཏང་གི་བསམ་བློས་ཐག་གཅོད་བྱེད་པ་ཟློག་ཕྱིར་མ་ཡིན།

རིན་པོ་ཆེའི་གཞུང་འབྲེལ་གོ་གནས་ཀྱི་གལ་གནད་དང་མཁྱེན་རྒྱུ་དེ་ལྟར་ནའང། དུས་རྟག་ཏུ་སྙེམ་ཆུང་ངང་བཞུགས་ཀྱི་ཡོད། མདོར་ན། ཁོང་༸གོང་ས་མཆོག་གི་ཡོངས་འཛིན་རྒན་གྲས་ཤིག་དང་ཁྱད་པར་དུ་སྔགས་ཀྱི་གཞུང་རྙོག་འཛིང་ཆེ་ཤོས་དཔལ་དུས་ཀྱི་འཁོར་ལོ་གསན་ས་ཞིག་དང། རང་གི་དགེ་ཕྲུག་གཙོ་བོ་རྣམས་ལ་དབང་ལུང་མན་ངག་མང་པོ་བསྩལ་ནའང། ཁོང་གི་རང་ཉིད་ལ་དབྱིན་སྐད་ནང་ཕྱག་སྦྲེལ་སློབ་དཔོན་ (Assistant Tutor) ཞེས་འབོད་པར་ཐུགས་དགའ་པོ་མ་གནང་བར། ཚིག་དོན་ལྟར་མཚན་ཞབས་ཞེས་པ་དབྱིན་སྐད་ནང་རྩོད་ཟླ་ (Debate Servant) ཞེས་མགུ་བར་གནང། འོན་ཀྱང་མཐར་ཁོང་གིས་དེའི་སྐད་དོད་ཀྱི་འགྱུར་ལ་རྩོད་ཟླའི་སློབ་དཔོན་ (Master Debate Partner) ཞེས་ཞལ་བཞེས་གནང། སེར་ཀོང་རིན་པོ་ཆེས་རྒྱུན་སྲོལ་དང་རྒྱུན་སྲོལ་མིན་པ་གཉི་གའི་ཐོག་ནས་༸གོང་ས་མཆོག་ལ་ཞབས་ཕྱི་ཞུས། དཔེར་ན། ༸གོང་ས་མཆོག་གིས་ཡང་ནས་ཡང་དུ་སྤྱིར་འཛམ་གླིང་ཡོངས་དང་ཡང་སྒོས་རང་གི་མི་རིགས་ཀྱི་བདེ་དོན་སླད་དམིགས་བསལ་སྒོམ་གྱི་ཉམས་ལེན་དང་རིམ་འགྲོ་གནང་གི་ཡོད་པ་ལས། འགའ་ཞིག་སྐུ་སྒེར་གྱིས་གནང་བ་དང་འགའ་ཞིག་དགེ་འདུན་པ་ཉུང་ཤས་འདུས་ཏེ་གནང་བ། གཞན་རྣམས་འདུས་ཚོགས་ཆེན་པོའི་དབུས་སུ་གནང་སྲོལ་ཡོད། གནང་སྒོ་དེ་དག་ཁག་རྒྱུན་དུ་༸གོང་ས་མཆོག་གིས་རིན་པོ་ཆེ་མཉམ་ཞུགས་དགོས་པའམ། ཅི་སྟེ་མགོན་པོ་གང་ཉིད་མཛད་འཕྲིན་གཞན་ལ་མཛད་བྲེལ་ཧ་ཅང་ཆེན་པོ་ཡོད་ན་རིན་པོ་ཆེས་སྐུ་ཉིད་ཀྱི་ཚབ་ཏུ་རིམ་འགྲོ་གནང་བའམ། གཙོ་སྐྱོང་དགོས་པའི་བཀའ་ཕེབས་ཀྱི་ཡོད། མ་ཟད་༸གོང་ས་མཆོག་གིས་བཀའ་ཁྲིད་གནང་སྐབས་རིན་པོ་ཆེ་ཁོང་གི་དྲུང་དུ་བཞུགས་ཏེ། ཐུགས་མཁོ་མཆིས་པའི་ཚིག་འབུལ་བའམ། དྲི་བའམ་ཐུགས་དོགས་བྱུང་བ་ཁག་ལ་ལན་འབུལ་དང་། གཞན་རྣམས་ཀྱིས་༸གོང་ས་མཆོག་ལ་ཐད་ཀར་སློབ་ཁྲིད་དམ། ཁྲིད་རྒྱུན་འབུལ་བར་མཚེར་སྣང་བྱུང་སྐབས། རིན་པོ་ཆེ་ལ་རྒྱུད་སྤྲོད་གནང་སྟེ། རིན་པོ་ཆེས་ཆོས་ཕྱོགས་ཀྱི་ཟམ་པ་ལྟ་བུར་༸གོང་ས་མཆོག་ལ་དེ་དག་འབུལ་གྱི་ཡོད།

༸གོང་ས་མཆོག་གིས་རྒྱུན་དུ་སེར་ཀོང་རིན་པོ་ཆེ་ནི་སྐུ་ཉིད་ཀྱི་སློབ་སྟོན་ཞུ་ས་དང་དགོངས་གཞི་རྣམས་དགོན་སྡེ་ཁག་དང་མི་མང་ལ་སྤེལ་མཁན་གཙོ་བོ་དེ་ཡིན་པར་དགོངས་ཀྱི་ཡོད། གང་ཡིན་ཞེ་ན། ཆོས་ཕྱོགས་དང་སྲིད་ཕྱོགས་གཉི་གའི་ཐོག་འགན་འཁུར་གནང་མཁན་གཙོ་དེ་རིན་པོ་ཆེ་ཡིན། ཁོང་གིས་རྒྱུན་དུ་ས་གནས་ཀྱི་དཀའ་རྙོག་ལ་བར་སྡུམ་གནང་བ་དང་རང་གི་མཁྱེན་རྟོགས་ཡོད་པའི་ཁྱབ་ཁོངས་སུ་༸སྐུ་སྒེར་ཡིག་ཚང་གི་ས་གནས་གྲོས་མཐུན་ཐད་ལམ་སྟོན་གནང་བ་དང་། དེ་བཞིན་རིན་པོ་ཆེའི་བཞད་གད་དྲོན་མོས་ཕྱི་ཕྱོགས་ཀྱི་འབྲེལ་ལམ་སྟངས་འཛིན་བྱེད་པའི་ནུས་པ་གོང་མཐོར་བཏང། མི་རྣམས་ཀྱིས་ཡང་ནས་ཡང་དུ་ཁོང་ལ་ཀྱལ་ཀ་རྩེ་བ་དང་དགོད་བྲོའི་སྒྲུང་ཤོད་པར་ཡོང་གི་ཡོད། རྒྱུ་མཚན་ནི་ཁོང་གིས་མི་དེ་དག་ལ་བཞད་མོ་བཞད་པ་དང་ཡི་རངས་གནང་བ་ཙམ་མིན་པར། ཁོང་ཚོར་ཕར་སྒྲུང་སྙན་པོ་དེ་འདྲའང་གསུངས་ཀྱི་ཡོད། བཞད་མོ་བཞད་པ་དང་རིན་པོ་ཆེའི་སྐུ་གཟུགས་ཡོངས་རྫོགས་འདར་སིག་སིག་གནང་བས་གཡས་གཡོན་གྱི་མི་རྣམས་ལའང་དེ་འགོ་ཡི་ཡོད། དེ་ལྟའི་ཁ་ཡོད་ལག་ཡོད་ཀྱི་བློ་གྲོས་དང་བྱམས་བརྩེའི་བཞད་གད་ལ་བརྟེན་ནས་སུས་ཁོང་མཇལ་ཀྱང་བརྩི་བཀུར་རང་ཤུགས་སུ་མངོན།

རྒྱ་དམར་གྱིས་བོད་ནང་དགོན་པ་མང་པོ་གཏོར་བཤིག་བཏང་བའི་རྗེས་རྒྱ་གར་ནང་དགོན་པ་མང་པོ་བསྐྱར་བཞེངས་གནང་སྐབས་རིན་པོ་ཆེ་མཆོག་མི་སྣ་གཙོ་བོ་ཞིག་ཏུ་གྱུར། དེའང་དབང་ལུང་མན་ངག་དང་སློབ་ཁྲིད་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་ཐོག་སྲོལ་རྒྱུན་གྱི་ཆོ་གའི་རྒྱུན་མུ་མཐུད་ཐུབ་པ་བྱུང། ཁོང་གི་སྐུ་ཚེ་ཧྲིལ་པོའི་ནང་གཞུང་བསྟེན་སྲུང་མ་གཉིས་ཡོད་པའི་དགོན་པ་གནས་ཆུང་དང་དགའ་དོང་ལྷན་དུ་འབྲེལ་བ་དམ་ཟབ་གནང་ཡོད་པ་ནི་བདེན་པར་མཆིས། རིན་པོ་ཆེ་ནི་མིའི་ཤ་ཚུགས་ཅན་གྱི་༸གོང་ས་མཆོག་གི་བཀའ་བསྡུར་ཞུ་ས་གཙོ་བ་ཞིག་ཡིན་པ་ལྟར། གཞུང་བསྟེན་སྲུང་མ་རྣམས་༸གོང་ས་མཆོག་གི་སྲོལ་རྒྱུན་གྱི་མིའི་རང་བཞིན་ལས་འདས་པའི་བཀའ་བསྡུར་གནང་ས་ཞིག་ཡིན། སྐུ་རྟེན་རྣམ་པས་ལྷ་ཕེབས་པའི་སྐབས་བཀའ་ལུང་གནང་བ་དང་། རིན་པོ་ཆེས་ཆོས་ཕྱོགས་ནས་སྐུ་རྟེན་རྣམས་ལ་ལམ་སྟོན་གནང་སྟེ་ཁོང་ཚོ་ལྷག་པའི་ཤེས་རབ་ཆེད་འབྲེལ་ལམ་གཙང་མར་འགྱུར་ཐུབ་ཀྱི་ཡོད།

རིན་པོ་ཆེས་དཀའ་སྡུག་ལ་མ་འཛེམས་པར་སངས་རྒྱས་ཀྱི་ཆོས་གསན་པའམ། འཆད་པར་བརྩོན་པ་རྒྱུན་ཆགས་སུ་བསྟེན། དཔེར་ན། ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་འཐོབ་ཕྱིར་རྡོ་རྗེ་གདན་དུ་དབྱར་དུས་གཅིག་རིང་ཚ་གདུང་དྲག་པོའི་ཁྲོད་བཟོད་སྲན་དཔག་མེད་གནང། ཁུ་ནུ་རིན་པོ་ཆེ་ནི་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་འདབས་སུ་ཆགས་པའི་ཁུ་ནུ་ཕྱོགས་ནས་ཡིན་ཞིང། དེང་གི་དུས་སུ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དུ་གྱུར་བའི་རྣལ་འབྱོར་བ་ཆེན་པོ་ཞིག་སྟེ། བོད་མི་རྣམས་ཀྱིས་བྱང་ཆུབ་སེམས་དཔར་ངོས་འཛིན་ཞུས། བྱང་ཆུབ་སེམས་དཔའ་ཞེས་པ་ནི་རང་གཅེས་འཛིན་གྱི་དྲི་མ་དང་ཡོངས་སུ་བྲལ་ཏེ་གཞན་དོན་ཆེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་ཕྱིར་རྩེ་གཅིག་ཏུ་གཞོལ་བའི་གང་ཟག་ཅིག་གོ །རྡོ་རྗེ་གདན་ནི་བྱང་ཆུབ་ཤིང་དྲུང་དུ་བདག་ཅག་གྱི་སྟོན་པ་ཤཀྱཱ་ཐུབ་པ་སངས་རྒྱས་སའི་གནས་ཁྱད་པ་ཅན་ཞིག་དང་། རྒྱ་གར་ནང་གི་ཆེས་དབུལ་ཕོངས་དང་ཚ་གདུང་ཆེ་ཤོས་ཀྱི་ས་གནས་ནང་ཆགས་ཏེ། རྒྱུན་གཏན་དབྱར་དུས་སུ་ཚ་ཚད་ཧྥ་རེན་ཧི་ཊི་ (Fahrenheit) ༡༢༠ འཕར་བ་དང་། སེ་དྲོད་ (Celsius) ཚ་ཚད་ ༥༠ ལ་ཉེ་བར་སླེབས། དེར་གནས་པ་ནི་དཀའ་ངལ་ཞིག་ལས་མ་འདས། ཁུ་ནུ་བླ་མ་མཆོག་ཡང་ནས་ཡང་དུ་དེ་གར་སྒེའུ་ཁུང་མེད་པ་ཙམ་མ་ཟད་རླུང་འཁོར་ཡང་མེད་པའི་ཁང་ཆུང་ཞིག་གི་ནང་བཞུགས།

རིན་པོ་ཆེ་རྒྱ་གར་དང་བལ་ཡུལ་ནང་གང་སར་ནང་ཆོས་བཀའ་ཁྲིད་གནང་བར་ཕེབས་པ་དང་། ནུབ་ཡུ་རོབ་དང་བྱང་ཨ་རིའི་ཁུལ་དུ་ཐེངས་གཉིས་ཙམ་ཕེབས། མ་གཞི་ཁོང་གིས་ཆོས་ཚོགས་ཆེ་ཁག་ནང་ཞབས་བཅགས་མྱོང་ཀྱང་དགེ་རྒན་དཀོན་པ་དང་འགྲོ་ལམ་གུ་དོག་པའི་རྒྱང་རིང་གི་ས་ཁུལ་ཆུང་ཆུང་ཁག་ཏུ་ཕེབས་རྒྱུར་གདམ་ག་གནང་གི་ཡོད། དཔེར་ན། སྐབས་རེ་ཁོང་གིས་རྒྱ་གར་དང་བོད་ཀྱི་མཚམས་སུ་རྒྱ་གར་གྱི་དམག་སྒར་ནང་བོད་དམག་དཔུང་ཁག་ལ་བཀའ་ཁྲིད་གནང་བར་གཡག་བཅིབས་ནས་ཕེབས་ཏེ་བཟོད་དཀའི་དཀའ་སྡུག་ལ་ཁྱད་གསོད་གནང་ནས་མཐོ་སྒང་དུ་སྦྲ་གུར་ནང་གཟིམ་གྱི་ཡོད།

རྒྱང་རིང་གི་མཐའ་མཚམས་ས་ཁུལ་དེ་དག་ལས་རིན་པོ་ཆེ་དང་སྤི་ཏི་དབར་དམིགས་བསལ་ཐུགས་འབྲེལ་དམ་ཟབ་ཚུགས། སྤི་ཏི་ནི་ཁུ་ནུའི་ཉེ་འགྲམ་སྟེ་རྒྱ་གར་ཧི་མ་ལ་ཡའི་ལུང་གཤོངས་ཀྱི་མཐོ་སར་ཆགས། དེར་སྐུ་གོང་མ་མྱ་ངན་ལས་འདས་པ་དང་ཡང་སྲིད་རིན་པོ་ཆེ་འཁྲུངས། མི་ལོ་སྟོང་ཕྲག་གཅིག་གི་སྔོན། ས་རྒོད་དང་ཐལ་བས་ཁེངས་པའི་རྫོང་འདི་བོད་ཀྱི་ས་ཁོངས་སུ་གཏོགས་པ་དང་ནང་པ་སངས་རྒྱས་པའི་ཆོས་བསྐྱར་དར་བྱེད་སའི་ཡུལ་ཞིག་ཡིན། འོན་ཀྱང་ཉེ་བའི་དུས་སུ་ལོ་ངོ་སྟོང་ཚོ་གཅིག་གི་སྔོན་དུ་བྱུང་བའི་ཚད་ལྡན་གྱི་ཁྱད་ཆོས་ཉམས་རྒུད་ཕྱིན། དགེ་འདུན་པ་རྣམས་ཀྱིས་ཚངས་སྤྱོད་ཀྱི་སྡོམ་པར་སྣང་ཆུང་བཏང་ནས་ཆང་རག་སོགས་བག་མེད་དུ་སྤྱད། ཁོང་ཚོས་སངས་རྒྱས་ཀྱི་ཆོས་ངོ་མར་སློབ་སྦྱོང་དང་ཉམས་ལེན་གཏིལ་འབྲུ་ཙམ་ལས་བྱེད་ཀྱི་མེད།

ཡུལ་ལུང་དེར་རིན་པོ་ཆེས་གཟིགས་སྐོར་ཐེངས་ལྔ་གནང་སྐབས། སྤི་ཏིའི་ཡུལ་གྱི་དགོན་པ་རྙིང་ཤོས་རྟ་པོ་དགོན་པའི་དགེ་འདུན་པ་རྣམས་ལ་སྲོལ་རྒྱུན་གྱི་ཆོ་གའི་དབང་དང་ལྗགས་ལུང་བསྩལ་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྐྱར་དར་ཐེངས་གཉིས་པ་གནང། གཞན་ཡང་དགེ་བའི་བཤེས་གཉེན་ཚད་ལྡན་འགའ་གདན་དྲངས་ཏེ་ས་གནས་བྱིས་པ་རྣམས་ཀྱི་ཆེད་སློབ་གཉེར་ཁང་གསར་འཛུགས་ཞུས། མཐར་ཕྱི་ལོ་ ༡༩༨༣ ལོའི་ཟླ་བདུན་པའི་ནང་རྟ་པོ་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སྩོལ་ཕྱིར་༸གོང་ས་མཆོག་གདན་འདྲེན་ཞུས། ཕྱི་ལོ་ ༡༠༢༧ ལོར་རྒྱ་གར་འཕགས་པའི་ཡུལ་ནས་བོད་གངས་ཅན་ལྗོངས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་དར་བ་དང་། དུས་ཡུན་རིང་པོ་ཞིག་རྨོངས་པའི་ངང་ལུས་རྗེས་ཡུལ་དེར་ནང་བསྟན་རིན་པོ་ཆེ་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་རྟགས་ཁ་ཚོན་ཆོད་པ་ཞིག་བྱུང། ཁོང་གིས་ད་ཐེངས་དབང་ལུང་སོགས་ཀྱི་གདམས་པ་བསྩལ་བ་ལས་དེ་ལྟའི་མངོན་འདོད་གྲུབ་པའི་ཐུགས་རེ་བཅངས།

སེར་ཀོང་རིན་པོ་ཆེ་ནི་བསླབ་པ་སློབ་གཉེར་གྱི་མགོན་སྐྱབས་ཤིག་ཀྱང་ཡིན། དཔེར་ན། སྤི་ཏིའི་ཡུལ་ནས་མཆོད་ཡོན་གྱི་འབུལ་བ་གང་ཕུལ་བ་རྣམས་ཕྱིར་དགོན་པ་དེར་ཞལ་འདེབས་གནང་བ་དང། དེ་ལ་བརྟེན་ནས་རྟ་པོ་དགོན་པས་ལོ་འཁོར་སྨོན་ལམ་དུས་ཆེན་འགོ་འཛུགས་ཐུབ་པ་བྱུང་སྟེ་སྐབས་དེར་ས་གནས་མི་མང་འཛོམས་ནས་ཉིན་གསུམ་རིང་མ་ཎི་ཡིག་དྲུག་ཁ་འདོན་བྱེད་ཀྱི་ཡོད། དེ་ལྟའི་རྩ་ཆེའི་ཡིག་དྲུག་ནི་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིན་ཞིང། བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་ཀུན་གྱིས་རྩེ་གཅིག་ཏུ་དད། གཟུངས་སྔགས་འདི་འདོན་པས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེའི་ངང་རྩེ་གཅིག་ཏུ་བལྟ་བར་ཕན་ཐོགས་ཆེ།

ནུབ་ཕྱོགས་སུ་ཆིབས་སྒྱུར་ཐེངས་དང་པོ་དེ་བསྐྱངས་སྐབས་ཕུལ་བའི་འབུལ་བ་རྣམས་རིན་པོ་ཆེས་དཔལ་དུས་ཀྱི་འཁོར་ལོའི་ཡི་དམ་གྱི་འདྲ་སྐུའི་གོས་གྲུབ་ཐང་ག་གཅིག་བཞེང་རྒྱུར་བེད་སྤྱོད་གནང་བ་དང་། ཁོང་གིས་ཐང་ག་དེ་༸གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གང་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་བར་ཕེབས་སྐབས་བེད་སྤྱོད་གནང་ཕྱིར་ཕུལ། ད་དུང་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་ཞལ་ཐང་ཆ་ཚང་གཅིག་བཞེངས་ཏེ་རང་དགོན་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་ཕུལ། ལོ་ཤས་སྔོན་ནས་ཁོང་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌར་དགོན་པ་དེ་བསྐྱར་བཞེངས་གནང་བར་རོགས་མགོན་གནང། ནུབ་ཕྱོགས་སུ་ཆིབས་སྒྱུར་ཐེངས་གཉིས་པའི་སྐབས་ཕུལ་བའི་འབུལ་བ་རྣམས། ཕྱི་ལོ་ ༡༩༨༣ ལོའི་ཟླ་གསུམ་པར་རྒྱ་གར་ནང་ཆོ་འཕྲུལ་སྨོན་ལམ་དུས་ཆེན་ཐེངས་དང་པོའི་སྐབས། མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་དགོན་དུ་གྲྭ་བཙུན་ ༤༠༠༠ ལྷག་ཙམ་ལ་གཏོང་སྒོ་རྒྱ་ཆེ་བཏང། སྨོན་ལམ་ནི་སྤྱི་མཐུན་གྱི་བསོད་ནམས་གསོག་ཕྱིར་དགེ་འདུན་ཚང་མ་འདུས་ནས་ལྷ་སར་ལོ་རེ་བཞིན་འཚོགས་པའི་སྲོལ་རྒྱུན་གྱི་ཆོས་ཕྱོགས་དུས་ཆེན་ཞིག་ཡིན།

མ་གཞི་རིན་པོ་ཆེ་ཆོ་ག་ཕྱག་ལེན་ལ་མཁས་པ་ཞིག་ཡིན་ཀྱང། ལྷག་བསམ་ཟོལ་མེད་དུ་བཞུགས་ཏེ་ཆོ་གའི་ལམ་སྲོལ་ཐུགས་མཉེས་པོ་གནང་གི་མེད། དཔེར་ན། ནུབ་ཕྱོགས་སུ་ཕེབས་སྐབས། ཆོ་གའི་ཡོ་བྱད་མཆོར་པོའམ། ཐང་ག་སོགས་རྩ་བ་ནས་མ་བསྣམས་པར་ག་དུས་དབང་གནང་ཀྱང་སྐུ་ཉིད་ནས་དགོས་མཁོའི་རི་མོ་བྲིས་གནང་བ་དང། གཏོར་མའི་ཚབ་ལ་ཁ་ཟས་དང་འཁུར་ར་དང། བུམ་པའི་དོད་ལ་མེ་ཏོག་ཁོག་མ་དང་འོ་མའི་ཤེལ་དམ་ཡང་བེད་སྤྱོད་གནང་གི་ཡོད། ཕན་ཚུན་ཆིབས་སྒྱུར་སྐབས་ཆང་དང་། ཤ།།གཏོར་མ། ཤིང་ཏོག མངར་ཆ་སོགས་འབུལ་བའི་ཡར་ངོ་མར་ངོའི་ཚོགས་མཆོད་འཁེལ་སྐབས་དམིགས་བསལ་གྲ་སྒྲིག་མེད་སར། ཁོང་གིས་ཁུ་སིམ་པོའི་ངང་སྐུ་ཉིད་ལ་གང་ཡོད་པའི་ཁ་ཟས་དེ་ཉིད་འབུལ་གྱི་ཡོད།

མ་ཟད་རིན་པོ་ཆེས་རྟག་ཏུ་རང་གི་གདུལ་བྱ་དང་འཚམ་པའི་སངས་རྒྱས་ཀྱི་ཆོས་གསུངས་ཤིང། ཐེངས་གཅིག་ནེའུ་ཡོག་ (New York) ནང་གི་ཝུ་ཌུ་སོ་ཊོག་ (Woodstock) ཉེ་འགྲམ་དུ་གནས་པའི་མོའུན་ཌ་ཏྲེམ་པེར་ཛེན་ཆོས་ཚོགས་ (Mount Tremper Zen Center) སུ་རིན་པོ་ཆེ་གདན་འདྲེན་ཞུས། ཚོགས་མི་རྣམས་ཀྱིས་ཁོང་ལ་ཤེས་རབ་ཀྱི་ལྷ་འཕགས་པ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གནང་རྒྱུར་གསོལ་བ་བཏབ། ཛེན་ (Zen) སྲོལ་རྒྱུན་གྱི་སྤྲོས་མེད་ངང་ཚུལ་དང་བསྟུན་ནས་རིན་པོ་ཆེས་ཞ་ལའི་སྟེང་བཞུགས་ཁྲི་མེད་པར་བཞུགས་ཏེ་ཆོ་གའི་ཡོ་བྱད་དང་རྒྱན་ཆ་སོགས་མེད་པར་རྗེས་གནང་བསྩལ།

༸གོང་ས་མཆོག་གིས་ཡང་ནས་ཡང་དུ་སེར་ཀོང་མཚན་ཞབས་རིན་པོ་ཆེ་ནི་བཀའ་གདམས་པའི་དགེ་བཤེས་ངོ་མ་ཞིག་ཡིན་ཞེས་གསུངས། བཀའ་གདམས་པའི་དགེ་བཤེས་ནི་མཁས་པ་དང་གྲུབ་པའི་ཡོན་ཏན་ཡང་རྩེར་སོན་ཏེ་ལྷག་བསམ་གྱི་བ་དན་དགུང་ན་སྙེག་པའི་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པའི་བར་གྱི་བོད་ཀྱི་ནང་པའི་སློབ་དཔོན་རྣམས་ལ་གོ །གསུང་ཆོས་ཤིག་གི་སྐབས། དཔེར་ན། ༸གོང་ས་མཆོག་གིས་རིན་པོ་ཆེར་དགོངས་ཏེ་འདིར་དམའ་ས་བཟུང་སྟེ་བཞུགས་མཁན་གཅིག་པུ་དེ་ནི་ཅི་ཡང་མི་དགོས་མཁན་དེ་ཡིན། གཞན་ཚང་མ་ཁེངས་དྲེགས་ངང་བཞུགས་ཡོད་ཅེས་བཀའ་གནང། ཐེངས་གཅིག་བཀའ་སློབ་ཞུས་པའི་བཀའ་ལན་དུ་རིན་པོ་ཆེས་རྟག་ཏུ་དམའ་ས་བཟུང་དགོས་པ་དང། ཟོག་རྫུ་བྱེད་མི་ཉན་པ། བརྩེ་སེམས་དགོས་པ། ཚང་མར་དོ་འཁུར་བྱེད་དགོས་ཅེས་བཀའ་བསྩལ།

རིན་པོ་ཆེའི་སྐུ་ཚེ་ཧྲིལ་པོར་བསླབ་བྱ་འདི་གཞིར་བཟུང་ནས་བཞུགས། སྐབས་ཤིག་ན་ཁོང་ཨི་ཊ་ལིའི་ (Italy) ནང་གི་མི་ལཱན་ (Milan) དུ་ཁྱིམ་ཚང་བཟང་པོ་ཞིག་གི་ནང་བཞུགས། གྲོང་ཁྱེར་དེར་ཕེབས་མཁན་བླ་མ་ཆེ་ཁག་མང་ཆེ་བ་ཁྱིམ་ཚང་དེའི་ནང་བཞུགས་ཀྱི་ཡོད། ཁྱིམ་བདག་རྒན་མོ་དེས་བླ་མ་དེ་དག་ལས་སེར་ཀོང་རིན་པོ་ཆེར་དགའ་ཤོས་ཡིན་ཞེས་བརྗོད། གཞན་རྣམས་ཀྱིས་ཡ་རབས་པོས་རང་རང་སོ་སོའི་གཟིམ་ཁང་ནང་བཞུགས་ཏེ་སོ་སོས་ཞལ་ལག་མཆོད། དེ་ལས་ལྡོག་ཏེ། རིན་པོ་ཆེས་སྨད་གཡོག་དང་རྔུལ་ལེན་མནབས་ནས་ཞོགས་པ་སྔ་པོ་གསོལ་ཐབས་ནང་ཕེབས་ཏེ་སྤམ་རྫུ་མེད་པར་གསོལ་ཐབ་ནང་གི་ཅོག་ཙེའི་སྟེང་བཞུགས་པ་དང་ཆབས་ཅིག་རྒན་མོས་ཞོགས་ཟས་གྲ་སྒྲིག་གནང།

གཞན་ལའང་རིན་པོ་ཆེས་ཟོག་རྫུ་སྤོང་དགོས་སྐོར་གསུངས། ཐེངས་ཤིག་ཧྥ་རན་སི་ (France) ནང་གི་ ལཱ་ཝོར་ (Lavaur) དུ་ན་ལན་ཌ་ (Nalanda) དགོན་པའི་ནུབ་ཕྱོགས་ཀྱི་དགེ་འདུན་པ་རྣམས་ཀྱིས་རིན་པོ་ཆེ་མཆོག་ཉིན་གསུམ་རིང་གསུང་ཆོས་གནང་བར་གདན་དྲངས་ཏེ། དུས་རབས་བརྒྱད་པའི་ནང་བྱོན་པའི་རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་པོའི་ལེའུ་དཀའ་ཤོས་ཏེ། ཤེས་རབ་ཀྱི་ལེའུ་ཡི་ཐོག་བཀའ་ཁྲིད་གནང་བར་གསོལ་བ་བཏབ་པ་དང། རིན་པོ་ཆེས་སྟོང་པ་ཉིད་ཀྱི་སྐོར་འགྲེལ་བཤད་དཔྱིས་ཕྱིན་པ་གནང་བའི་སྒོ་ནས་བཀའ་ཁྲིད་དབུ་བཙུགས་ཀྱང་སུ་གཅིག་ལ་གོ་རྒྱུ་ཚོར་རྒྱུ་བྱུང་མེད་སྟབས། བཀའ་ཁྲིད་མཚམས་འཇོག་གནང་སྟེ་དགེ་འདུན་པ་རྣམས་ཀྱིས་ཟོག་རྫུ་བགྱིས་པར་བཀའ་བཀྱོན་གནང། ཁོང་གིས་གལ་སྲིད་རྗེ་ཙོང་ཁ་པ་ཆེན་པོས་སྟོང་ཉིད་ཀྱི་དོན་ཚུལ་བཞིན་དུ་མཁྱེན་པ་དང་སྔོན་འགྲོའི་ཉམས་ལེན་ཐོག་སྐུ་ལས་ཆེན་པོ་དེ་འདྲ་བསྐྱོན་ཡོད་པ་ཡིན་ན། ཁོང་ཚོས་དེ་ལས་སླ་པོ་ཡིན་པ་དང་ཉིན་གསུམ་ནང་ལེའུ་ཆ་ཚང་རྟོགས་ཐུབ་སེམས་པའི་བསམ་བློ་དེ་འདྲ་ཇི་ལྟར་འཁོར་བ་ཡིན་ནམ་ཞེས་གསུངས། དེ་ནས་རིན་པོ་ཆེས་དགེ་འདུན་པ་རྣམས་ཀྱི་བློ་དང་འཚམ་པའི་བཀའ་ཁྲིད་ལས་སླ་པོའི་ཐོག་ནས་མུ་མཐུད།

ཐེངས་གཅིག་ཁོང་གིས། སངས་རྒྱས་ཀྱི་ཆོས་ལ་མི་མང་པོས་བཅོས་མིན་གྱིས་དགའ་མོས་བྱེད་པ་ཕར་ཕུད། དེ་མིན་ནུབ་ཕྱོགས་པའི་ཁྱད་ཆོས་གང་གིས་ཀྱང་ང་རང་ཡིད་འཕྲོག་མ་སོང་ཞེས་གསུངས། དེ་ན་སུས་བཀའ་ཁྲིད་གནང་རོགས་ཞེས་གསོལ་བ་བཏབ་ཀྱང་ཁོང་གིས་དེ་དག་གི་དོ་དབྱིངས་ལ་བརྩི་བཀུར་ཞུ་གི་ཡོད། མི་ཞིག་ལ་ཁོང་གིས་ཁོང་ཚོའི་བློ་དང་འཚམ་པའི་རིམ་པའི་ཐོག་བཀའ་ཁྲིད་གནང་ཡང། ཁོང་ཚོས་ཚོད་དཔག་བྱེད་པའི་རང་གི་ནུས་ཚད་ལས་ཅུང་ཟད་བརྒལ་ནས་ཤེས་སུ་བཅུག །རིན་པོ་ཆེ་སྒྱུ་རྩལ་འཁྲབ་སྟོན་ལ་མཉེས་པོ་ཡོད་པ་དང་། ཅི་སྟེ་དོམ་ལ་རྐང་འཁོར་གཞོན་རྒྱུ་སློབ་ཐུབ་ན། ཐབས་ཤེས་དང་བཟོད་སྲན་ཆེན་པོས་མི་ཞིག་ལ་གང་ཡང་སློབ་ཐུབ་ཅེས་གསུངས།

ཉིན་ཞིག་ནང་ཆོས་ལ་རྒྱུས་མངའ་མེད་པ་ ། སོ་མ་ར་ཙས་ར་བཟི་པའི་ཧི་པཱི་ (hippy) འདྲ་བའི་ནུབ་ཕྱོགས་པ་ཞིག་གིས་རིན་པོ་ཆེར་ནཱ་རོ་ཆོས་དྲུག་བཀའ་ཁྲིད་གནང་བར་གསོལ། སྤྱིར་བཏང་ལོ་མང་པོའི་རིང་སྒོམ་གྲུབ་ཉམས་ལེན་གནང་བ་འབའ་ཞིག་རྗེས་ཧ་ཅང་ཚད་མཐོ་བའི་དེ་ལྟའི་ཆོས་སློབ་སྦྱོང་གནང་སྲོལ་མཆིས། འོས་མེད་དང་ཁེངས་དྲེགས་ཆེ་བའི་གཞོན་ནུ་དེ་ཕྱིར་སློག་གནང་རྒྱུའི་ཚབ་ལ། རིན་པོ་ཆེས་ཞལ་བཞེས་གནང་སྟེ། ཁོ་པར་དབྱིངས་དེ་འདྲ་ཡོད་པ་ཡག་པོ་རེད་ཅེས་གསུངས། འོན་ཀྱང་དང་པོ་ཁོ་པ་རང་ངོས་ནས་གྲ་སྒྲིག་ངེས་ཅན་ཞིག་དགོས་པས། སྔོན་འགྲོའི་ཆོས་རྣམས་བསླབས། དོ་བདག་རང་ཉིད་ཡར་རྒྱས་འོང་རེར་དམིགས་ཏེ་མི་རྣམས་ཀྱི་དོ་དབྱིངས་ལ་གཙིགས་སུ་འཛིན་ནས། རིན་པོ་ཆེས་སོ་སོར་དོ་སྣང་རྣལ་མ་ཞིག་དགོས་སྐོར་ཐད་ནུབ་ཕྱོགས་པ་མང་པོར་བློ་སྟོབས་སྤེལ། དེ་ལ་བརྟེན་ནས་ཆོས་ཀྱི་ལམ་དུ་ཞུགས་རྒྱུར་ཁོང་ཚོར་ཕན་ཐོགས་ཆེན་པོ་བྱུང།

ཡེ་ཤུའི་བླ་ཆེན་པོབ་མཆོག་གམ། སྲང་ལམ་ཁྲོད་ཀྱི་ར་བཟི་བ། ཡང་ན་ཕྲུ་གུ་ཚོ་ཁག་སོགས་སུ་ཞིག་དང་འཕྲད་ཀྱང་ཁྱད་པར་མེད་པར། རིན་པོ་ཆེས་ཚང་མར་བརྩི་བཀུར་ཆེན་པོས་གཅིག་འགྱུར་གྱི་གཟིགས་སྟངས་གནང་ཞིང། གཞན་གྱི་གུས་བརྩི་འཐོབ་ཕྱིར་སུ་ལའང་ཉེ་དགའ་ཕྱོགས་ཞེན་གནང་གི་མེད། ཉིན་ཞིག་ནེའུ་ཡོག་ཏུ་ཨི་ཐ་ཁ་ (Ithaca) ནང་གི་ཝི་སི་ཌམ་ གྷོལ་ཌན་ རོའོ་ཌོ་ཆོས་ཚོགས་ (Wisdom’s Golden Rod Center) ཀྱི་ཚོགས་མི་རྣམས་ནས་ཁོང་ཚོའི་ཕྲུ་གུ་ཚོར་བཀའ་སློབ་གནང་བར་གསོལ་བ་བཏབ། ཕྲུ་གུ་རྣམས་ན་ཚོད་ཕྲ་བ་དང་ཁ་གསལ་གཏིང་གསལ་ཡིན་པས་ཁོང་གིས་ན་གཞོན་རྣམས་ལ་བརྩི་བཀུར་ཇི་ཙམ་གནང་སྐོར་གསུངས། ཁོང་ཚོར་རང་གི་ཕ་མ་ལས་ལེགས་པ་བྱ་ཐུབ་པའི་ནུས་པ་ཡོད། དེ་ལྟར་ཁོང་གིས་ཕྲུ་གུ་རྣམས་ལ་རང་གིས་རང་ལ་བརྩི་བཀུར་དགོས་སྐོར་བློ་སྟོབས་སྤེལ།

མ་གཞི་སེར་ཀོང་རིན་པོ་ཆེས་རྒྱུན་དུ་སྐུ་ཉིད་དང་མཇལ་འཕྲད་བྱུང་བའི་མི་རྣམས་དང་རང་གི་ལས་འབྲེལ་མཁྱེན་རྟོགས་ཐུབ་ནའང། སྐུ་ཉིད་ཀྱི་ནུས་པ་ལས་བརྒལ་ཏེ་གཞན་ལ་རོགས་རམ་ཐུབ་སྐོར་ཟོག་རྫུ་གནང་གི་མེད། ཉིན་ཞིག་སུད་སི་ནས་མི་ཞིག་དྷ་རམ་ས་ལར་ཁོང་གི་དྲུང་དུ་བཅར་ཏེ། ཁོ་རང་ལ་གདོན་འདྲེའི་གནོད་པ་ཕོག་ནས་ནད་ཡམས་བྱུང་སྐོར་སྙན་ལ་གསོལ་བར། རིན་པོ་ཆེས་དཀའ་ངལ་དེ་སེལ་རོགས་བྱེད་པར་སྐུ་ཉིད་དང་མི་དེའི་དབར་ལས་འབྲེལ་མི་འདུག་ཅེས་གསུངས་ཏེ། རང་དང་ལས་འབྲེལ་ཡོད་པའི་བླ་མ་གཞན་ཞིག་འཚོལ་དགོས་པའི་ལམ་སྟོན་གནང། གཞན་པ་སུ་ཡིན་རུང་རིན་པོ་ཆེས་དེ་མ་ཐག་མཁྱེན་ནས་ཐེངས་དང་པོ་མཇལ་འཕྲད་བྱུང་སྐབས། སྐུ་ཉིད་ཀྱི་ཞབས་ཕྱིར་ཁོང་ཚོའི་ཁ་བྱང་འབྲི་དགོས་པའི་བཀའ་གནང་བ་དང་། བཟློག་ཏུ་མེད་པའི་འབྲེལ་ལམ་གཏིང་ཟབ་ཚུགས། རིན་པོ་ཆེར་ངའི་ཁ་བྱང་དགོས་དོན་མེད་པར་གཟིགས་ནའང་དེ་ལྟའི་བསོད་ནམས་ཆེ་བའི་མི་རྣམས་ཀྱི་ཁྲོད་ང་རང་ཡང་ཚུད་དེ་རིན་པོ་ཆེ་ལན་མང་དུ་མཇལ་བར་བསྐྱོད་པ་ཡིན།། །།