བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དགེ་བའི་བཤེས་གཉེན། > དགེ་རྒན་དང་དགེ་ཕྲུག་དབར་འབྲེལ་ལམ་ཐད་ཀྱི་མགོ་རྙོག་སེལ་བ།

དགེ་རྒན་དང་དགེ་ཕྲུག་དབར་འབྲེལ་ལམ་ཐད་ཀྱི་མགོ་རྙོག་སེལ་བ།

ཨེ་ལེག་ཛན་ཌར། བྷར་ཛིན།
ཕྱི་ལོ་ ༢༠༠༡ ཟླ་ ༥།
ཕྱི་ལོ་ ༢༠༠༢ ཟླ་ ༥ པར་བསྐྱར་བཅོས་བྱས།

[ ཁ་སྐོང་དུ་བཤེས་གཉེན་སྟེན་ཚུལ་གྱི་འབྲེལ་བའི་ནུས་པ་ལ་དཔྱོད་པའི་འཆར་གཞི་ཞེས་པར་གཟིགས།]

དགེ་རྒན་དང་དགེ་ཕྲུག་དབར་གྱི་འབྲེལ་ལམ་ཐད་དངོས་ཐོག་མྱོང་འདྲིས་ཀྱི་དོན་དངོས།

དགེ་རྒན་དང་དགེ་ཕྲུག་དབར་འབྲེལ་ལམ་ཐད་ཀྱི་མགོ་རྙོག་སེལ་བར། ང་ཚོས་དངོས་ཐོག་མྱོང་འདྲིས་ཀྱི་དོན་དངོས་འགའ་ཤེས་དགོས།

༡) ཧ་ལམ་ཆོས་དོན་དུ་གཉེར་མཁན་ཕལ་ཆེ་བ་ལམ་གྱི་རིམ་པ་དང་མཉམ་དུ་ཡར་རྒྱས་འགྲོ་གི་ཡོད།

༢) ཉམས་ལེན་པ་མང་ཆེ་བས་སོ་སོའི་མི་ཚེའི་ནང་དགེ་རྒན་མང་པོའི་དྲུང་ནས་སློབ་སྦྱོང་བྱེད་པ་དང་འབྲེལ་ལམ་སྣ་ཚོགས་གཏོད་ཀྱི་ཡོད།

༣) ཆོས་ཕྱོགས་ཀྱི་དགེ་རྒན་ཚང་མར་གྲུབ་འབྲས་གཅིག་པ་ཐོབ་མེད།

༤) ཆོས་དོན་གཉེར་ཅན་དང་དགེ་རྒན་བར་གྱི་འབྲེལ་བ་ནི་གཉིས་ཀའི་ཆོས་ཀྱི་ཤེས་ཚད་ལ་རག་ལས་ཡོད།

༥) མི་རྣམས་ཀྱིས་སྤྱིར་བཏང་ནས་ལམ་སྒོམ་པ་དང་མཉམ་དུ་སོ་སོའི་ཆུ་ཚད་མཐོ་རུ་ཕྱིན་པ་ན་དགེ་རྒན་ལ་གཏིང་ཟབ་པོའི་འབྲེལ་ལམ་ཡོང་གི་ཡོད།

༦) ཆོས་དོན་གཉེར་ཅན་གྱི་ཆོས་ཀྱི་མི་ཚེའི་ནང་དགེ་བའི་བཤེས་གཉེན་གཅིག་ལྟ་བུས་མཛད་པ་མི་འདྲ་བ་སྐྱོང་ཞིང་། དོན་གཉེར་ཅན་སོ་སོར་དགེ་རྒན་དང་མཉམ་དུ་འབྲེལ་ལམ་རན་འཚམ་ཡོད་པ་ནི་མི་འདྲ་བ་ཡིན།

བཤེས་གཉེན་དང་ཆོས་དོན་གཉེར་ཅན་གྱི་ཆོས་ཕྱོགས་ཀྱི་གནས་ཚད།

དེས་ན་བཤེས་གཉེན་དང་ཆོས་དོན་གཉེར་ཅན་གྱི་ཆོས་ཕྱོགས་ཀྱི་གནས་ཚད་རིམ་པ་མང་པོ་ཡོད། དེ་དག་ནི།

  • ནང་པའི་སློབ་དཔོན་རྣམས་གཙུག་ལག་སློབ་གྲྭ་ཞིག་གི་ནང་ལྟར་གནས་ཚུལ་སྤྲོད་མཁན་ཡིན།
  • ནང་ཆོས་སློབ་ཁྲིད་པ་རྣམས་མི་ཚེའི་ནང་ནང་ཆོས་ལག་བསྟར་བྱ་ཚུལ་སྟོན་མཁན་ཡིན།
  • སྒོམ་སྦྱོང་བརྡར་སྤྲོད་མཁན་ཚོ་ཐེ་ཅིའམ་ཡོ་གའི་(yoga)སློབ་ཁྲིད་དང་འདྲ་བར་སློབ་ཁྲིད་བྱེད་མཁན་ཡིན།
  • ཆོས་ཕྱོགས་ཀྱི་མགོན་སྐྱབས་ནི་སློབ་མ་ཚོར་སྡོམ་པ་སྟེ། ཁྱིམ་པ་དང་། རབ་བྱུང་། བྱང་ཆུབ་སེམས་དཔའ། སྔགས་བཅས་ཀྱི་སྡོམ་པ་གནང་བའི་ཐོག་ནས་ཁྱད་པར་འབྱེད་ཀྱི་ཡོད།

ཕྱོགས་མཚུངས། གཞན་ཡང་།

  • ནང་ཆོས་སློབ་གཉེར་བ་ཚོས་གནས་ཚུལ་འཐོབ་འདོད་བྱེད།
  • སློབ་མ་ཚོས་མི་ཚེའི་ནང་ནང་ཆོས་ལག་བསྟར་བྱ་ཚུལ་ཤེས་འདོད་པ་ཡིན།
  • སྒོམ་སྦྱོང་བརྡར་གཏོང་ཡུལ་སློབ་མ་ཚོས་སེམས་ལྷོད་པོ་བཟོ་བ་དང་སེམས་ལ་སྦྱོང་བརྡར་གཏོང་འདོད་ཡོད།
  • སྐྱེ་བ་ཕྱི་མ་ཡར་རྒྱས་དང་། ཐར་པའམ་ཐམས་ཅད་མཁྱེན་པ་འཐོབ་འདོད་པའི་དགེ་ཕྲུག་རྣམས་ཀྱིས་དམིགས་ཡུལ་དེ་དག་ལ་སླེབ་ཕྱིར་སྡོམ་རིམ་མི་འདྲ་བ་ལེན་རྒྱུར་གྲ་སྒྲིག་ཡོད། ཐ་ན་ཚེ་འདི་གཅིག་པུར་ཡར་རྒྱས་གཏོང་འདོད་པའི་སློབ་མ་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པར་ཚེ་འདི་ཟམ་པ་ལྟ་བུ་མཐོང་གི་ཡོད།

རིམ་པ་རེ་རེར་སོ་སོའི་ཁྱད་ཆོས་རེ་ཡོད་ཅིང་། ཆོས་དོན་གཉེར་ཅན་ཞིག་ཡིན་པའི་ཆ་ནས། ང་ཚོས་སོ་སོ་རང་དང་དགེ་རྒན་གྱི་རྒྱབ་ལྗོངས་གནས་ཚུལ་ལ་རྒྱུས་མངའ་བྱེད་དགོས། དེ་ཡང་ཨེ་ཤི་ཡའམ་ནུབ་ཕྱོགས་པ། གྲྭ་པ། བཙུན་མ། མི་སྐྱ། ཤེས་ཡོན་གྱི་གནས་ཚད། མྱོང་ཚོར་དང་བཟང་སྤྱོད་ཀྱི་ཚད། ཆོད་སེམས་ཀྱི་རིམ་པ་སོགས་ལ་བརྟག་དཔྱད་བྱེད་དགོས། དེར་བརྟེན་ག་ལེར་བྱས་བརྟན་པོའི་ངང་མདུན་སྐྱོད་བྱེད་རྒྱུ་གལ་ཆེ།

ནུས་པ་དང་ལྡན་པའི་དགེ་ཕྲུག་དང་དགེ་རྒན་ཞིག་གི་ཁྱད་ཆོས།

ནུས་ལྡན་གྱི་དགེ་ཕྲུག་ཅིག་ཡིན་པའི་ཆ་ནས། ང་ཚོས་སོ་སོའི་ཡར་རྒྱས་ཀྱི་རིམ་པར་བརྟག་དཔྱད་བྱེད་དགོས། དེར་བརྟེན་གྲ་སྒྲིག་ཅི་ཡང་མེད་པར་འབྲེལ་ལམ་ཞིག་གཏོད་པར་ཆོད་སེམས་མི་སྐྱེ། དགེ་ཕྲུག་གི་ཁྱད་ཆོས་གཙོ་བོ་ནི།

༡) སོ་སོའི་ཚོད་དཔག་དང་བསམ་ཚུལ་ལ་མ་ཞེན་པར་བློ་རྒྱ་གསང་པོ་བྱེད་པ།

༢) ལེགས་ཉེས་འབྱེད་པའི་ཚུལ་ཤེས་།པ།

༣) ནང་ཆོས་དང་བཤེས་གཉེན་མ་ནོར་བ་ཞིག་འཚོལ་བར་དོ་དབྱིངས་ཤུགས་ཆེ་ཡོད་པ།

༤) ནང་ཆོས་དང་ཚད་ལྡན་གྱི་བཤེས་གཉེན་ལ་ཡི་རང་དང་གུས་བརྩི།

༥) སེམས་གྲུང་པོ་དགོས་པ།

༦) མྱོང་ཚོར་ཚད་ལོངས་བ་དང་བརྟན་ཆའི་རྩ་བའི་རིམ་པ།

༧) གཞི་རྩའི་བཟང་སྤྱོད་ཀྱི་འགན་འཁྲིའི་ཚོར་བ་བཅས་ཡིན།

དགེ་རྒན་གྱི་རིམ་པ་ལ་བརྟེན་ནས། སོ་སོར་ཁྱད་ཆོས་མང་པོ་དགོས། སྤྱིར་བཏང་ནས་གཙོ་བོ་རྣམས་ནི།

༡) སོ་སོའི་དགེ་རྒན་དང་མཉམ་དུ་འབྲེལ་ལམ་གཙང་མ།

༢) སློབ་ཕྲུག་ལས་ནང་ཆོས་ཀྱི་ཤེས་རྒྱ་ཡངས་བ།

༣) སྒོམ་དང་ཉིན་རེའི་མི་ཚེའི་ནང་ཐབས་ལམ་ཁག་ལག་བསྟར་བྱེད་པར་ཉམས་མྱོང་དང་གྲུབ་འབྲས་དགོས་པ།

༤) མི་ཚེའི་ནང་ནང་ཆོས་ཉམས་ལེན་བྱས་པ་ལ་བརྟེན་ནས་ཕན་ཡོན་ཆེ་བའི་གྲུབ་འབྲས་ཀྱི་དཔེ་མཚོན་སྟོན་པའི་འཇོན་ཐང་ཡོད་པ། དེའི་དོན་ཡང་།

༥) བཟང་སྤྱོད་ལྡན་པའི་རང་སྒྲིག་རང་སྲུང་།

༦) མྱོང་ཚོར་གྱི་དཀའ་ངལ་རགས་པ་ལས་ཐར་བའི་རང་དབང་ཐོག་གཞི་བཞག་སྟེ། མྱོང་ཚོར་གྱི་ཚད་ལོངས་པ་དང་བརྟན་ཆ་དགོས་པ།

༧) སློབ་ཁྲིད་ཀྱི་རྩ་བའི་ཀུན་སློང་དུ་སློབ་མའི་ཁེ་ཕན་ཆེད་བཅོས་མིན་གྱི་སེམས་ཁུར་དགོས་པ།

༨) སློབ་ཁྲིད་ཐད་བཟོད་པ་དགོས་པ།

༩) ཟོག་རྫུ་(རང་ལ་མེད་པའི་ཁྱད་ཆོས་ཡོད་མདོག་མི་བྱེད་པ།)མེད་པ་དང་ཚུལ་འཆོས་(སོ་སོའི་སྐྱོན་མ་སྦས་པ། དཔེར་ན། སློབ་སྦྱོང་དང་ཉམས་མྱོང་མེད་པ་ལྟ་བུ།)མེད་པ།

ང་ཚོས་དངོས་པོའི་གནས་ཚུལ་དང་བསྟུན་དགོས། དེ་ཡང་ང་ཚོའི་ཁོར་ཡུག་ནང་དགེ་རྒན་ཚོར་ཁྱད་ཆོས་ཀྱི་རིམ་པ་གང་འདྲ་ཞིག་ལྡན་པ། ང་ཚོར་དུས་ཚོད་དང་ཆོད་སེམས་ག་ཚོད་ཡོད་མེད། ང་ཚོའི་ཆོས་ཕྱོགས་ཀྱི་དམིགས་ཡུལ་(དངོས་པོའི་གནས་ཚུལ་དང་མཐུན་པའི་སྒོ་ནས་ཁ་ཙམ་གྱིས་གཞན་དོན་མ་ཟེར་བ།)གང་ཡིན་པ་སོགས། ང་ཚོས་གང་ཟག་ཅིག་སོ་སོའི་དགེ་བའི་བཤེས་གཉེན་དུ་མ་བསྟེན་གོང་དེའི་ཁྱད་ཆོས་ལ་ཚུལ་བཞིན་དུ་བརྟག་དཔྱད་བྱེད་དགོས། དགེ་རྒན་ཚད་ལྡན་ཡིན་མིན་དཔྱོད་སྐབས་མཐའ་གཉིས་སུ་མ་ལྷུང་བ་བྱེད་དགོས། ང་ཚོས་དགེ་རྒན་བྱེ་བྲག་པ་ཞིག་ལྷ་རུ་བལྟ་སྐབས། སོ་སོའི་མི་ཤེས་པའི་ཆ་དེས་ལོག་སྤྱོད་ཀྱི་སྒོ་འབྱེད་ཀྱི་ཡོད། གལ་ཏེ་ང་ཚོས་དེ་མི་ངན་ཞིག་ཏུ་བལྟས་ན། རྒྱུ་མཚན་མེད་པའི་ལྟ་ཚུལ་དེས་སོ་སོར་ཁེ་ཕན་ལོངས་སྤྱོད་བྱེད་འཇུག་གི་མེད།

ཆོས་ཕྱོགས་ཀྱི་མགོན་སྐྱབས་ཤིག་གི་སློབ་མ་ཆགས་པ་དང་གསོ་དཔྱད་པ་ཞིག་གི་ལམ་སྟོན་ཞུ་མི་ཞིག་ཆགས་པ་གཉིས་དབར་གྱི་ཁྱད་པར།

དགེ་རྒན་དང་དགེ་ཕྲུག་དབར་དུ་མགོ་རྙོག་གི་འབྱུང་གཞི་ཆེ་བ་གཅིག་ནི་ཆོས་ཕྱོགས་ཀྱི་མགོན་སྐྱབས་དེ་གསོ་དཔྱད་པ་ཞིག་ཏུ་རེ་བ་བྱེད་པ་དེ་ཡིན། དཔེར་ན། སོ་སོའི་མི་ཚེ་ལྷག་མའི་རིང་སེམས་ནང་བདེ་བ་དང་གཞན་དང་མཉམ་དུ་འབྲེལ་ལམ་ཡག་པོ་འབྱུང་ན་འདོད་མཁན་ཞིག་ལ་བསམ་བློ་ཐོངས། དམིགས་ཡུལ་དེ་སྒྲུབ་པར་ཆོས་ཕྱོགས་ཀྱི་མགོན་སྐྱབས་ཤིག་གི་སློབ་མ་ཆགས་པ་ནི་གསོ་དཔྱད་པ་ཞིག་གི་ལམ་སྟོན་ཞུ་མི་ཆགས་པ་དང་ཕྱོགས་མང་པོ་ཞིག་ནས་འདྲ་བ་ཡིན།

ནང་ཆོས་དང་གསོ་དཔྱད་གཉིས་ཀ་ནི།

༡) ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་ངོས་འཛིན་པ་དང་ཁས་ལེན་བྱེད་པ་ལས་བྱུང་ཞིང་དེ་དག་སེལ་བར་འདོད།

༢) ང་ཚོའི་དཀའ་ངལ་དང་དེ་དག་གི་རྒྱུ་རྐྱེན་ངོས་འཛིན་པ་དང་ཤེས་པའི་ཐོག་བྱེད་དགོས།

༣) ང་ཚོའི་དཀའ་ངལ་གྱི་རྒྱུ་ཤེས་རྟོགས་བྱ་རྒྱུར་དོ་ནན་ཞིབ་ཚགས་བྱེད་མཁན་གྱི་གྲུབ་མཐའ་དང་དེ་དག་ལས་རྣམ་པར་རྒྱལ་ཆེད་དངོས་ཡོད་དང་། མཐུན་པའི་ཐབས་ལམ་ཐོག་ཤུགས་རྒྱག་མཁན་གྱི་སྲོལ་རྒྱུན་ཁག ཐབས་ལམ་དེ་གཉིས་ཟུང་འབྲེལ་དུ་སྙོམས་པོར་དགོས་སྐོར་ལམ་སྟོན་བྱེད་མཁན་བཅས་དང་ལེན་བྱེད་དགོས།

༤) རང་རྒྱུད་ཡར་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་གལ་ཆེའི་ཆ་ཤས་ཤིག་ཏུ་མགོན་སྐྱབས་དང་གསོ་དཔྱད་པ་གཉིས་དང་མཉམ་དུ་འབྲེལ་ལམ་བཟང་པོ་ཞིག་གཏོད་ཐབས་བྱེད་དགོས།

༥) ལམ་སྟོན་ཞུ་མི་རྣམས་ཀྱི་ཀུན་སྤྱོད་དང་བསམ་བློའི་འཁྱེར་སོ་བཅོས་སྒྱུར་གཏོང་ཆེད་གནའ་བོའི་གསོ་དཔྱད་མང་ཆེ་བས་བཟང་སྤྱོད་ཀྱི་རྩ་འཛིན་བེད་སྤྱོད་བྱེད་ཀྱི་མེད་ནའང་། ཆེས་གནའ་བོའི་སྲོལ་རྒྱུན་ཉུང་ཤས་ཀྱིས་ནང་ཆོས་ནང་གསུང་པར་ལྟར་བཟང་སྤྱོད་ཀྱི་རྩ་འཛིན་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལྟའི་རྩ་འཛིན་ནང་ལས་དོན་ཏག་ཏག་མི་བྱེད་མཁན་གྱི་ཁོངས་མི་ཚང་མ་གཅིག་གྱུར་དྲང་པོ་བྱེད་དགོས་པ་དང་། ཁོང་ཁྲོ་ལྟ་བུའི་གནོད་ཚབས་ཆེ་བའི་བསམ་བློ་སྤོང་དགོས་པ་གསུང་གི་ཡོད།

འདྲ་ཆོས་དེ་ལྟར་ནའང་། ཉུང་མཐར་དེ་གཉིས་བར་མངོན་གསལ་དོད་པའི་ཁྱད་པར་ལྔ་ཡོད་དེ།

༡) འབྲེལ་ལམ་གསར་གཏོད་བྱེད་པའི་མྱོང་ཚོར་གྱི་གནས་སྟངས། ལམ་སྟོན་ཞུ་མི་རྣམས་སྤྱིར་བཏང་ནས་སེམས་འཁྲུགས་ཏེ་གསོ་དཔྱད་པའི་དྲུང་དུ་བཅར་གྱི་ཡོད་ཅིང་། ཁོང་ཚོའི་སེམས་ཁམས་འཁྲུགས་པ་དང་གསོ་ཐབས་ཀྱི་ཆ་ཤས་སུ་སྨན་བཅོས་བྱེད་དགོས་པའང་ཡོད། དེ་ལས་ལྡོག་སྟེ་དགེ་ཕྲུག་རྣམས་ཀྱིས་ཐར་པའི་ལམ་དུ་ཞུགས་པའི་ཚེ་ཐོག་མར་གསོ་དཔྱད་པ་དང་མཉམ་དུ་འབྲེལ་ལམ་བཟོ་གི་མེད། དེའི་སྔོན་དུ་ཁོང་ཚོས་སངས་རྒྱས་ཀྱི་གསུང་ལ་སློབ་སྦྱོང་བྱེད་པ་དང་རང་ངོས་ནས་འབད་བརྩོན་སྟེན་གྱི་ཡོད། དེའི་མཇུག་འབྲས་སུ་ཁོང་ཚོའི་མྱོང་ཚོར་གནས་བབས་དང་བརྟན་ཆ་ཚད་མཐོན་པོར་བསླེབས་ཤིང་། ནང་ཆོས་ཐོག་ནས་བཤད་ན་དགེ་རྒན་དགེ་ཕྲུག་བར་གྱི་འབྲེལ་ལམ་བཟང་པོ་ཞིག་ཡོང་ཐུབ་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ནང་པའི་སློབ་མ་ཚོར་དང་ཐོག་ནས་དེ་ལྟའི་དབང་རྩ་འཁྲུགས་པའི་ནད་ཀྱིས་ཟིན་པའི་སྤྱོད་པ་དང་བསམ་བློའི་འཁྱེར་སོ་མེད་པ་དགོས།

༢) འབྲེལ་ལམ་ཁྲོད་རེ་སྒུག་བྱེད་པའི་རྣམ་འགྱུར། ལམ་སྟོན་ཞུ་མི་མང་ཆེ་བ་སོ་སོར་ཡ་ལན་བྱེད་མཁན་ཞིག་འབྱུང་རོགས་བྱས་བསམ་གྱི་ཡོད། དེར་བརྟེན་ཁོང་ཚོས་གསོ་དཔྱད་པས་སོ་སོའི་སྟེང་དོ་སྣང་ཆ་ཚང་སྤྲོད་རྒྱུ་དང་སོ་སོའི་སྒེར་གྱི་དཀའ་ངལ་ཐོག་རིག་པ་སྒྲིམ་རྒྱུར་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ནང་པའི་དགེ་ཕྲུག་ཚོས་སྤྱིར་བཏང་ནས་སོ་སོའི་དཀའ་ངལ་མགོན་སྐྱབས་ལ་ཞུ་གི་མེད་པ་དང་། སྒེར་གྱི་དོ་སྣང་དེ་འདྲ་རེ་བ་བྱེད་ཀྱི་མེད། ཁོང་ཚོས་བསླབ་བྱ་ལ་ཉན་འཇོག་བྱས་ཏེ་འབྲེལ་ལམ་ཐད་རིག་པ་སྒྲིམ་གྱི་ཡོད། ནང་པའི་སློབ་མ་ཚོས་སྤྱིར་མི་ཚང་མར་འཕྲད་པའི་དཀའ་ངལ་ལས་རྣམ་པར་རྒྱལ་ཕྱིར་དགེ་རྒན་གྱི་དྲུང་ནས་ཐབས་ལམ་སྦྱོང་གི་ཡོད། དེ་ནས་གནས་སྟངས་བྱེ་བྲག་པ་ཞིག་གི་ནང་ཐབས་ལམ་དེ་དག་ལག་བསྟར་བྱེད་རྒྱུ་སོ་སོའི་ལས་འགན་ཡིན་པར་བསམ་གྱི་ཡོད།

༣) འབྲེལ་ལམ་གཏོད་པ་ལས་རེ་སྒུག་བྱས་པའི་འབྲས་བུ། གསོ་དཔྱད་ཀྱི་དམིགས་ཡུལ་ནི་ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་རྣམས་དང་ལེན་བྱས་ཏེ་དེ་དག་ལ་བཟོད་ཐུབ་པ་བྱ་རྒྱུ་དང་། ཡང་ན་མགོ་གནོན་ཙམ་བྱས་ནས་བཟོད་ཐུབ་པ་བཟོ་རྒྱུ་དེ་ཡིན། གལ་སྲིད་ང་ཚོས་ཚེ་འདིའི་སེམས་ཀྱི་བདེ་ཐབས་ཆེད་ནང་ཆོས་ཀྱི་སེམས་དོན་རིག་པའི་དགེ་རྒན་གྱི་ཐབས་ལམ་ལ་ཞུགས་ན། ང་ཚོའི་དཀའ་ངལ་རྣམས་ཀྱང་ཆུང་དུ་འགྲོ་བའི་རེ་བ་བྱེད། མི་ཚེ་འདིའི་ནང་དཀའ་ངལ་ག་ཚོད་ཆེན་པོ་ཡོད་ཀྱང་། དོན་དངོས་དང་པོ་དེ་ནི་སངས་རྒྱས་ཀྱི་བསྟན་པའི་བདེན་བཞིན་ཙམ་ལས་མ་འདས། འོན་ཀྱང་ང་ཚོས་ཕྲན་བུ་བཟོད་ཡང་དུ་གཏོང་ཐུབ།

སེམས་ཀྱི་ཐོག་ནས་ང་ཚོའི་མི་ཚེ་ཅུང་ལས་སླ་བ་བཟོ་བ་ནི་ནང་པའི་གཞུང་ནང་གསུང་པའི་ལམ་དུ་འཇུག་པའི་སྔོན་འགྲོའི་ཐབས་ཤིག་ཡིན། དགེ་བའི་བཤེས་གཉེན་གྱི་དགེ་ཕྲུག་ཚོས་མ་མཐར་མངོན་མཐོ་དང་། ཐར་པ། ཐམས་ཅད་མཁྱེན་པ་སྒྲུབ་པའི་དམིགས་ཡུལ་གྱི་ཕྱོགས་སུ་འགྲོ་གི་ཡོད། དེར་མ་ཟད་ནང་པའི་སློབ་མ་ཚོས་ནང་པའི་གཞུང་ནང་འགྲེལ་བཤད་སྐྱོན་པ་བཞིན་སྐྱེ་བ་ཕྱི་མའི་ཐོག་གོ་རྟོགས་ལེགས་པོ་ཞིག་ཡོད་པ་དང་དེ་གཞི་གྲུབ་པ་ཁས་ལེན་བྱེད་ཀྱི་ཡོད། གསོ་དཔྱད་ཀྱི་ལམ་སྟོན་ཞུ་མི་ཚོས་སྐྱེ་བ་ཕྱི་མིའི་སྐོར་བསམ་བློ་གཏོང་མི་དགོས་པའམ་དེ་ལས་བརྒལ་ནས་གནས་སྟངས་ཇེ་ལེགས་སུ་གཏོང་བའི་དམིགས་ཡུལ་ཐད་དོ་སྣང་བྱེད་མི་དགོས།

༤) རང་གིས་རང་འགྱུར་ལྡོག་གཏོང་བའི་ཆོད་སེམས་ཀྱི་རིམ་པ། གསོ་དཔྱད་པའི་ལམ་སྟོན་ཞུ་མི་ཚོས་ཆུ་ཚོད་རེ་རེར་དངུལ་དོད་སྤྲོད་ནའང་། བསམ་བློའི་འཁྱེར་སོ་དང་ཀུན་སྤྱོད་ཐད་མི་ཚེ་གང་པོ་གནས་པའི་འགྱུར་བ་གཏོང་བར་བརྩོན་གྱི་མེད། ཕྱོགས་གཞན་ཞིག་ནས་ནང་པའི་སློབ་མ་ཚོས་ཆོས་ལ་དངུལ་དོད་སྤྲོད་མེད་གང་ལྟར་ཡང་ཁོང་ཚོས་སོ་སོའི་མི་ཚེའི་ཁ་ཕྱོགས་བརྟན་པོ་ཞིག་ཏུ་འགྱུར་བ་གཏོང་གི་ཡོད། སྐྱབས་སུ་འགྲོ་བའི་ཚེ། སངས་རྒྱས་ཤཱཀྱ་ཐུབ་པས་མཛད་པ་བཞིན་སློབ་མ་རྣམས་ཀྱིས་ཆོད་སེམས་བརྟན་པོས་རང་རྒྱུད་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་པ་དང་འཕགས་པའི་དགེ་འདུན་གྱི་རྗེས་སུ་འཇུག་པར་འབད་ཀྱི་ཡོད།

དེར་མ་ཟད་ནང་པའི་སློབ་མ་ཚོས་མི་ཚེའི་ནང་བཟང་སྤྱོད་དང་། ལས་བཟང་པོ་བྱེད་པ། སྐད་ཆ་མ་ནོར་བ་ཤོད་པ། བསམ་བློ་ཡང་དག་པ་གཏོང་བ་བཅས་ལ་བློ་རྩེ་གཅིག་གཏད་བྱེད། ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་མི་དགེ་བའི་ལས་སྤོང་ཐབས་དང་དགེ་བའི་ལས་སྒྲུབ་ཐབས་ལ་འབད། སློབ་མ་ཚོས་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐར་པ་དོན་གཉེར་གྱི་བསམ་པ་བཅོས་མིན་ཞིག་སྐྱེས་ན། ལུགས་མཐུན་ངང་སྐྱ་བོའམ་སེར་མོ་བའི་སྡོམ་པ་ཞུས་ཏེ་སྔར་བས་ཆོད་སེམས་ཤུགས་ཆེ་རུ་གཏོང་གི་ཡོད། གནས་སྟངས་དེའི་སྐབས་སློབ་མ་རྣམས་ཀྱིས་རང་རྒྱུད་ཡར་རྒྱས་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་རང་བཞིན་གྱི་ཁ་ན་མ་ཐོའམ་གནོད་པའི་ལས་སོགས་སྤོང་བའམ་འགག་བྱ་དང་དགོས་པའི་དབང་གིས་སངས་རྒྱས་ཀྱིས་བཀག་པའི་ལས་ངེས་ཅན་འགར་འཇུག་གི་མེད། ཕྱི་མ་དེའི་དཔེ་ཞིག་ནི་འདོད་ཆགས་ཉུང་དུ་གཏོང་ཆེ། དགེ་འདུན་པས་སྐྱ་བོའི་གོས་སྤངས་ནས་རབ་བྱུང་གི་ཆས་གྱོན་པ་ལྟ་བུ། ཐ་ན་ཐར་པ་དོན་གཉེར་གྱི་བསམ་པ་མ་སྐྱེས་པའི་སྔོན། སློབ་མ་ཚོས་སྐྱ་བོའམ་རབ་བྱུང་གི་སྡོམ་པ་ལེན་གྱི་ཡོད།

ཕྱོགས་གཞན་ཞིག་ནས་གསོ་དཔྱད་པའི་ལམ་སྟོན་ཞུ་མི་རྣམས་ཀྱིས་གསོ་དཔྱད་ཀྱི་གན་རྒྱའི་ཆ་ཤས་སུ་གྱུར་བའི་སྒྲིག་ཁྲིམས་ངེས་ཅན་འགའ་སྲུང་བརྩི་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱེད། དཔེར་ན། སྐར་མ་ལྔ་བཅུའི་མཇལ་འཕྲད་ཀྱི་གོ་རིམ་ལྟར་བྱེད་པ། འོན་ཀྱང་སྒྲིག་ཁྲིམས་དེ་དག་ནི་བཅོས་ཐབས་ཙམ་གྱི་སྐབས་སུ་འབྲེལ་བ་ཡོད་ཅིང་། གསོ་དཔྱད་ཀྱི་བཀོད་པའི་ཕྱི་རོལ་ཏུ་ལག་བསྟར་བྱེད་ཀྱི་མེད་པ་དང་། རང་བཞིན་གྱི་གནོད་ཚབས་ཆེ་བའི་སྤྱོད་པ་སྤོང་རྒྱུ་གཏོགས་མེད།

༥) དགེ་རྒན་ནམ་གསོ་དཔྱད་པར་འཛིན་པའི་སྤྱོད་ཚུལ། དགེ་ཕྲུག་ཚོས་ཆོས་ཕྱོགས་ཀྱི་སློབ་དཔོན་ནི་རང་གིས་གང་དོན་དུ་གཉེར་བཞིན་པ་མཚོན་མཁན་གྱི་དཔེ་མཚོན་ཞིག་ཏུ་བརྩི། དགེ་རྒན་གྱི་ཁྱད་ཆོས་བཟང་པོ་ངོས་འཛིན་ཡང་དག་པ་བྱས་པའི་ཐོག་གཞི་བཞག་སྟེ། གཅེས་སྲུང་བྱེད་པ་དང་ཐམས་ཅད་མཁྱེན་པ་འཐོབ་ཆེད་ཀྱི་ལམ་གྱི་རིམ་པའི་ཁྲོད་ལྟ་ཚུལ་དེ་ཤུགས་ཆེ་རུ་གཏོང་གི་ཡོད། དེ་ལས་ལྡོག་སྟེ་ལམ་སྟོན་ཞུ་མི་ཚོས་གསོ་དཔྱད་པ་ནི་མྱོང་ཚོར་འཕྲོད་བསྟེན་གྱི་དཔེ་ལྟ་བུར་བལྟ་ཞིང་། གསོ་དཔྱད་པའི་ཁྱད་ཆོས་ཇི་མ་ཇི་བཞིན་ངོས་འཛིན་དགོས་ཀྱི་མེད། གསོ་དཔྱད་པ་ཞིག་ཆགས་པ་ནི་འབྲེལ་ལམ་གྱི་དམིགས་ཡུལ་མ་ཡིན། བཅོས་ཐབས་ཀྱི་བརྒྱུད་རིམ་ཁྲོད་གསོ་དཔྱད་པས་རང་གི་ལམ་སྟོན་ཞུ་མི་རྣམས་རྣམ་རྟོག་གི་ཡུལ་ལས་བརྒལ་ཏེ་འཁྲིད་ཀྱི་ཡོད།

དགེ་ཕྲུག་ཅེས་པའི་ཐ་སྙད་བེད་སྤྱོད་བྱེད་ལུགས་མི་འཚམ་པ།

དགེ་རྒན་དང་དགེ་ཕྲུག་ཅེས་པའི་ཐ་སྙད་ཀྱི་དོན་ཚུལ་བཞིན་དུ་སྤྱོད་མི་ཐུབ་པའི་དོན་དངོས་དེ་ལྟར་ནའང་། སྐབས་རེ་མི་རྣམས་ཀྱིས་སོ་སོས་སོ་སོར་དགེ་ཕྲུག་ཅེས་བརྗོད་ཀྱི་ཡོད། ཁོང་ཚོའི་མི་ཤེས་པའི་ཆ་དེས་རྒྱུན་དུ་དོན་དངོས་དང་མི་མཐུན་པའི་རེ་བ་དང་། གོ་ལོག སེམས་ལ་གནོད་པ། ལོག་སྤྱོད་སོགས་ཀྱི་རྐྱེན་བྱེད་ཀྱི་ཡོད། སྐབས་འདིར་ལོག་སྤྱོད་ཀྱི་ཡུལ་དུ་གྱུར་བ་ཞེས་པའི་དོན་ནི་འཁྲིག་སྤྱོད་དང་། མྱོང་ཚོར། དཔལ་འབྱོར་བཅས་ཀྱི་ཐོག་ནས་བཤུ་གཞོག་གཏོང་བའམ་དབང་ཤུགས་ཀྱི་འོག་མི་ཞིག་ལ་གཡོ་སྒྱུས་ཚོད་འཛིན་བྱེད་པར་ཟེར། སྤྱིར་ནུབ་ཕྱོགས་སུ་འབྱུང་བཞིན་པའི་དགེ་ཕྲུག་རྫུན་མ་རིགས་གསུམ་གྱི་ཐོག་ལ་ང་ཚོས་བརྟག་དཔྱད་བྱས་ན།

༡)མི་ཁ་ཤས་ནང་པའི་ཆོས་ཚོགས་སུ་སོ་སོའི་འཆར་སྣང་སྒྲུབ་ཕྱིར་ཡོང་གི་ཡོད། ཁོང་ཚོས་”ཤ ར་ཕྱོགས་ཀྱི་ངོ་མཚར་ཅན་”ནམ་སྙན་གྲགས་ཆེ་བའི་བླ་མའི་སྐོར་དཔེ་དེབ་བཀླགས་པའམ་ཐོས་པ་བྱུང་ནས། ཡ་མཚན་ཅན་ནམ་ངོ་མཚར་ཅན་གྱི་ཉམས་མྱོང་ཐོབ་ནས་སྤྲོ་སྣང་དེ་ཙམ་མེད་པའི་ཁོང་ཚོའི་མི་ཚེ་འདི་ལས་འདའ་བར་འདོད། ཁོང་ཚོས་དམིགས་བསལ་ཨེ་ཤི་ཡ་ནས་ཡིན་ཞིང་གྲྭ་ཆས་གྱོན་པའི་ཆོས་ཕྱོགས་ཀྱི་བཤེས་གཉེན་མཇལ་བ་དང་གློ་བུར་དུ་རང་ཉིད་བླ་མ་དེའི་དགེ་ཕྲུག་ཡིན་ཞེས་ཟེར་གྱི་ཡོད། དེ་བཞིན་ཨེ་ཤེ་ཡའི་མཚན་གནས་སམ་མིང་ཡོད་པའི་ནུབ་ཕྱོགས་ཀྱི་དགེ་རྒན་གྱི་ཀུན་སྤྱོད་ནང་བཞིན་གྲྭ་ཆས་གྱོན་མིན་ལ་མ་ལྟོས་པར་ཁོང་ཚོས་བྱེད་ཀྱི་ཡོད།

རང་བཞིན་ལས་འདས་པའི་ནས་པ་དོན་གཉེར་བྱེད་པས་རྒྱུན་དུ་འབྲེལ་ལམ་གཏོར་བཤིག་གཏོང་གི་ཡོད། དཔེར་ན། དགེ་རྒན་དགེ་ཕྲུག་བར་གྱི་འབྲེལ་བ་ལྟ་བུ། ཐ་ན་ཁོང་ཚོས་རང་ཉིད་དགེ་རྒན་ཚད་ལྡན་ཞིག་གི་དགེ་ཕྲུག་ཡིན་ཞེས་ཟེར་ནའང་། ནམ་ཞིག་རང་བཞིན་ལས་འདས་པའི་ནུས་སྟོབས་གང་ཡང་མེད་པ་མཐོང་ཚེ་དགེ་རྒན་སྐྱུར་ཏེ་འགྲོ་གི་ཡོད། དེར་མ་ཟད་དོན་དངོས་དང་མི་མཐུན་པའི་བློའི་འཁྱེར་སོ་དང་རེ་བས་གློང་བུར་གྱི་དགེ་ཕྲུག་རྣམས་ཀྱི་རྣམ་དཔྱོད་སྒྲིབ་པར་བྱེད་ཀྱི་ཡོད། དེ་ལྟའི་མི་ནི་མ་ཡིན་ཡིན་མདོག་བྱེད་མཁན་གྱི་དགེ་རྒན་གྱི་གཡོ་འོག་ཏུ་འཚུད་ཀྱི་ཡོད།

༢)གཞན་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ལུས་སེམས་ཀྱི་སྡུག་བསྔལ་ལས་རྣམ་པར་རྒྱལ་ཕྱིར་ཆོས་ཚོགས་ནང་རོགས་འཚོལ་བར་ཡོང་གི་ཡོད། ཁོང་ཚོས་ཕལ་ཆེར་གསོ་དཔྱད་ཀྱི་རིགས་སྣ་ཚོགས་ཤིག་བརྒྱུད་དེ་ཐབས་ཤེས་བྱས་ཡོད་ཀྱང་ཕན་འབྲས་མ་ཐོན། དེར་བརྟེན་ཁོང་ཚོས་ད་ཆ་བཅོས་ཐབས་སུ་རྫུ་འཕྲུལ་གྱི་སྒོ་ནས་བཅོས་མཁན་ཞིག་རེ་བ་བྱེད་ཀྱི་ཡོད། ཁོང་ཚོར་སོ་སོའི་དཀའ་ངལ་རྣམས་རང་འགུལ་གྱིས་ཞི་རུ་འཇུག་མཁན། བྱིན་རླབས་དང་། དམིགས་བསལ་སྨོན་ལམ་མམ་གཟུངས་སྔགས་ཤིག་ལན་ཟློས་བྱེད་འཇུག་པ། ཕྱག་འཚལ་སྐོར་སྦྱོང་སོགས་བྱེད་རུ་འཇུག་མཁན་གྱི་བླ་མ་སུ་ཡིན་རུང་དེའི་སློབ་མ་ཞེས་བརྗོད་ཀྱི་ཡོད། རང་བཞིན་ལས་འདས་པའི་ནུས་པ་དོན་གཉེར་ཅན་གྱི་མི་རྣམས་ཡིད་དབང་འཕྲོག་འཇུག་མཁན་གྱི་དགེ་རྒན་གཅིག་པར་ཁ་ཕྱོགས་ཀྱི་ཡོད། དོན་གཉེར་ཅན་ཚོའི་བསམ་བློ་གཏོང་སྟངས་སྒྲིག་པས་རྒྱུན་དུ་བློ་ཕམ་དང་དཀའ་ངལ་བཟོ་ཞིང་། ཚད་ལྡན་གྱི་དགེ་རྒན་ཞིག་གི་རྗེས་སུ་འབྲངས་ཀྱང་རང་བཞིན་ལས་འདས་པའི་ནུས་པ་མི་ཐོབ། བསམ་བློ་གཏོང་སྟངས་བསྒྲིགས་པས་ད་དུང་ཆོས་པ་རྫུན་མའི་ལོག་སྤྱོད་ཀྱི་རྐྱེན་བྱེད།

༣)ད་དུང་གཞན་དང་ལྷག་པར་དུ་སེམས་འཁྲུགས་པ་དང་ལས་ཀ་མེད་པའི་གཞོན་སྐྱེས་མང་པོ་ཞིག་ཆོས་བརྒྱུད་ཀྱི་ཆོས་ཚོགས་ནང་ནས་ནུས་སྟོབས་འཕེལ་བའི་རེ་བ་དང་བཅས་ཡོང་གི་ཡོད། ཡིད་དབང་འཕྲོག་པའི་འཁྲུལ་སྣང་གིས་ཆོས་ཕྱོགས་ཀྱི་དབང་ཆ་སྒེར་འཛིན་ལྟ་བུར་བེད་སྤྱོད་བྱེད་ཀྱི་ཡོད། ཁོང་ཚོས་སོ་སོའི་དགེ་ཕྲུག་ཡིན་ཟེར་བ་རྣམས་ལ་ཆོས་བརྒྱུད་དེར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་དམ་བཅའ་འཇོག ཁོང་ཚོས་ད་དུང་རང་གི་དགེ་ཕྲུག་ལ་སྲུང་མས་དགྲ་སྟེ་གཙོ་བོ་ནང་པའི་སྲོལ་རྒྱུན་ཞན་པ་དང་ལྷད་ཞུགས་པ་རྣམས་ཚར་གཅོད་ལུགས་སྐོར་འགྲེལ་བརྗོད་བྱས་ཏེ་དགེ་ཕྲུག་གི་བློ་འགུག་གི་ཡོད། ཁོང་ཚོའི་ལས་འགུལ་གྱི་སྲོལ་གཏོད་བྱེད་པོའི་ནུས་སྟོབས་སྐོར་གྱི་སྒྲུང་སྣ་ཚོགས་ཀྱི་ཐོག་ནས། ཁོང་ཚོས་དགེ་ཕྲུག་གི་འདོད་བློ་སྐོང་ཐབས་བྱེད། དེ་ལྟར་མི་ཤེས་པའི་དབང་གིས་དགེ་རྒན་ཞིག་གི་རྗེས་སུ་ཕྱིན་པ་ན་མཐར་ཡོང་རྒྱུ་ནི་བྱུས་ཉེས་ཤ་སྟག་ཡིན།

མཇུག་སྡོམ།

མདོར་ན། ནང་པའི་ཆོས་ཚོགས་ནང་སློབ་ཁྲིད་གནང་མཁན་དགེ་རྒན་ཚང་མ་ཚད་ལྡན་ཞི་མིན་སྲིད་པ་ལྟར་། དེ་ག་ནང་བཞིན་ཆོས་ཚོགས་ནང་སློབ་གཉེར་བྱེད་མཁན་གྱི་སློབ་མ་ཚང་མ་དེ་ལྟར་ཚད་ལྡན་མིན་སྲིད་པས་དགེ་རྒན་དང་དགེ་ཕྲུག་ཅེས་པའི་ཐ་སྙད་བེད་སྤྱོད་མ་ནོར་བ་བྱེད་དགོས། དེ་ལའང་དྲང་པོ་དྲང་བཞག་དང་ཟོག་རྫུ་མེད་པ་དགོས།