བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > ནང་ཆོས་ཀྱི་དེང་དུས་གནས་འབབ། > དེང་དུས་ནང་པའི་ལུགས་རྣམས་ཀྱི་ཡུན་གནས་ཐུབ་པའི་ཡར་རྒྱས།

དེང་དུས་ནང་པའི་ལུགས་རྣམས་ཀྱི་ཡུན་གནས་ཐུབ་པའི་ཡར་རྒྱས།

ཨེ་ལེག་ཛན་ཌར། བྷར་ཛིན།
་ནུབ་ཕྱོགས་པའི་ནང་པའི་དགེ་རྒན་གྱི་ཚོགས་འདུར་གཏམ་བཤད།
སུད་སི། ཛུ་རིག། ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༡༣ ཉིན།

དེ་རིང་འདིར་ངས་སྟོང་ལ་ཉེ་བའི་བོད་ཀྱི་གཅེས་ནོར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་བརྗོད་གཞིའི་ཐོག་ལ་དཔྱད་གཏམ་བརྗོད་འདོད་བྱུང་། གཅེས་ནོར་འདིའི་གནད་དོན་གཙོ་བོ་ནི་དམ་པའི་ཆོས་དེ་ཡིན། ཕ་མེས་ནས་བརྒྱུད་པའི་གཅེས་ནོར་དམ་པའི་ཆོས་ནུབ་ཕྱོགས་ནང་དུ་སྲུང་སྐྱོབ་བྱེད་སླད་དུ་ང་ཚོས་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་དམ་ཆོས་འདི་ཉིད་བོད་ནང་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱས་པའི་ལོ་རྒྱུས་ཀྱི་མིག་ལྟོས་ལ་ལྟ་དགོས།

འཕགས་བོད་གཉི་གའི་སྐྱེས་ཆེན་དམ་པ་དང་ལོ་ཙཱ་བ་མང་པོས་དམ་ཆོས་བོད་དུ་འདྲེན་རྒྱུར་སྐུ་ལས་བསྐྱོན་ཡོད། ཁོང་རྣམ་པ་ཚོས་མདོ་སྔགས་གཉི་གའི་གཞུང་རྣམས་བོད་ཀྱི་སྐད་དུ་བསྒྱུར་བ་དང་རྒྱུད་པ་སྤེལ་གནང་ཡོད་ཅིང་། མ་ཟད་སྔགས་ཀྱི་ཡི་དམ་མང་པོའི་རྗེས་གནང་གི་རྒྱུད་པ་ཡང་སྤེལ་གནང་ཡོད། སློབ་དཔོན་དམ་པ་དེ་རྣམས་ཀྱིས་བོད་ནང་དུ་དགོན་སྡེ་ཁག་ཀྱང་ཕྱག་བཏབ། རྒྱུད་པ་ཐ་དད་པ་དང་སྒེར་གྱི་དགོན་སྡེ་ཧ་ཅང་མང་པོ་ཡོད་ནའང། མཐའ་མར་བོད་ཀྱི་སྐྱེས་ཆེན་ཉམས་ལེན་པ་མི་ཉུང་བ་ཞིག་གིས་རྒྱུད་པ་མང་པོ་མཉམ་དུ་བསྡུས་ཏེ་སྟངས་འཛིན་གནང་བ་རེད། ཁོང་རྣམ་པ་ཚོའི་ཆོས་བཤད་དང་བྱིན་རླབས་བརྒྱུད་ནས་དགོན་སྡེ་ཁག་མང་པོའི་རྗེས་འཇུག་རྣམས་ཀྱིས་མཉམ་ཞུགས་བྱས་པ་དང། དེ་ནས་བཟུང་བོད་ཀྱི་ཆོས་ལུགས་ཁག་བྱུང་བ་ནི། རྙིང་མ་དང། བཀའ་གདམས། ས་སྐྱ། བཀའ་རྒྱུད་དང་། རིམ་བཞིན་དགེ་ལུགས་པ་བྱུང་བ་རེད། བོད་པའི་ཆོས་ལུགས་དེ་དག་འགའ་ཤས་ལ་ནང་གསེས་སྡེ་པ་ཡོད་པ་ནི་བཀའ་རྒྱུད་ལྟ་བུ་ཡིན་ཅིང་། དེ་ལྟ་ནའང། ཆོས་ལུགས་ཀྱི་སྡེ་རྣམས་ཉུང་ཉུང་ཆགས་པ་རེད།

གཞུང་གི་རྒྱུད་པ་དང་རྗེས་གནང་མང་པོ་ཞིག་བོད་པའི་ཆོས་ལུགས་ཁག་འགའ་ཤས་ཀྱིས་ཐུན་མོང་དུ་སྤྱདཡོད་པ་ནི། མར་པ་ལོ་ཙ་བ་ལས་བྱུང་བའི་གསང་བ་འདུས་པའི་རྒྱུད་པ་ལྟ་བུའོ། རྒྱུད་པ་གཞན་རྣམས་ནི་ལུགས་གཅིག་གི་ནང་ལོགས་སུ་སྤེལ་ཡོད་པ་ནི། བིར་ཝ་པའི་ལམ་འབྲས་རྒྱུད་པ་ལྟ་བུའོ། བོད་པའི་གནའ་རབས་ཀྱི་རིག་གཞུང་གི་རྣམ་པ་རྒྱ་གར་གྱི་ལུགས་དང་མཉམ་བསྲེ་བྱས་ཡོད་པ་ནི། རླུང་དར་དང་གཏོར་མ་སོགས་ལྟ་བུའོ། བོད་ཀྱི་མཁས་གྲུབ་མང་པོས་གཞུང་གི་འགྲེལ་པ་རྒྱ་ཆེར་བརྩམས་ཏེ་གཞུང་གིི་དགོངས་དོན་གསལ་བར་བྱས། སྤྱིར་རྒྱ་གར་ནང་སྙིང་མ་དང། ས་སྐྱ། བཀའ་རྒྱུད། དགེ་ལུགས་སོགས་མེད་ནའང། ལམ་འདི་བརྒྱུད་ནས་བོད་ཀྱི་ཆོས་ལུགས་དེ་རྣམས་ཀྱིས་རྒྱ་གར་གྱི་ནང་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱས་ཡོད། དམ་པའི་ཆོས་གསོན་གནས་ཐུབ་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་བོད་ནང་དུ་རྒྱ་གར་གྱི་རྒྱུད་པ་སྣ་ཚོགས་དང་དགོན་སྡེ་འདྲ་མིན་བཞེངས་ཡོད་པ་རྣམས་ཆོས་ལུགས་ཀྱི་སྡེ་ཁག་གྲངས་ཉུང་ཉུང་ཞིག་གི་ནང་དུ་མཉམ་འདུས་ཆགས་པའི་དབང་གིས་སོ། །

དེང་སང་ང་ཚོར་བོད་ནས་ཤར་ཨེ་ཤི་ཡ་དང་། ལྷོ་ཤར་ཨེ་ཤ་ཡ། ནུབ་ཕྱོགས་སུ་དམ་པའི་ཆོས་ཁྱབ་སྤེལ་བྱེད་དུས་གནས་སྟངས་གཅིག་མཚུངས་ཤིག་འཕྲད་ཀྱི་ཡོད། བོད་པ་དང་ནུབ་ཕྱོགས་པ་གཉི་གའི་སློབ་དཔོན་དང་ལོ་ཙ་བ་མང་པོས་སངས་རྒྱས་ཀྱི་བཀའ་བསྟན་སྒྱུར་བཞིན་ཡོད་པ་དང་རྒྱུད་པ་སྤེལ་བཞིན་ཡོད་པ་རེད། མང་པོ་ཞིག་གིས་གྲོང་ཁྱེར་དང་ལུང་པ་ཁ་ཤས་ནང་དམ་པའི་ཆོས་ཀྱི་སྒྲིག་འཛུགས་གསར་འཛུགས་བྱེད་བཞིན་ནང་པའི་ཆོས་ཚོགས་དང། བསྙེན་མཚམས་ཁང། དགོན་སྡེ་སོགས་ཁོངས་སུ་གཏོགས། འགའ་རེས་བོད་པའི་སྲོལ་རྒྱུན་གྱི་བྱེད་ལུགས་རྣམས་ནུབ་ཕྱོགས་པའི་རིག་གཞུང་གི་ཆ་ལག་དང་ཟླ་སྒྲིལ་གཏོང་གྱིན་ཡོད་པ་རེད། གང་ལྟར་ཡང། ད་ལྟའི་འཆར་བླ་མ་དང་། དགེ་བཤེས། ནུབ་ཕྱོགས་པའི་བཤེས་གཉེན་ཧ་ཅང་མང་པོ་ཞིག་ལས་ཆོས་ཀྱི་སྒྲིག་འཛུགས་ཐ་དད་པ་ཧ་ཅང་མང་པོ་ཡོད་པས་སློབ་མ་རྣམས་ཀྱིས་དེ་མགོ་རྙོག་པོ་མཐོང་གི་ཡོད། ཁོང་ཚོ་ཆོས་ཚོགས་གང་དུ་འགྲོ་དགོས་སམ། ཁོང་ཚོ་བླ་མ་སུའི་རྗེས་སུ་འབྲང་དགོས་སམ། བོད་རྒྱུད་ནང་བསྟན་དེ་བཞིན་ཚད་ལས་འདས་པའི་ཡ་གྱལ་དུ་མ་གྱེས་པ་ཆགས་ཡོད། གལ་ཏེ་དེ་དག་ཚོད་རྩིས་བྱས་ཏེ་བརྗོད་ན། ཕྱི་རྒྱལ་ལུང་པ་ཁག་གི་ནང་བོད་རྒྱུད་ནང་བསྟན་གྱི་དབྱེ་བའི་རིགས་སུམ་བརྒྱའམ་དེ་ལས་ལྷག་པ་ཡོད་པས་འབྱུང་འགྱུར་གྱི་དུས་རབས་རྣམས་ཀྱི་ནང་དེ་དག་ཡོངས་རྫོགས་རྒྱུན་གནས་ཐུབ་པ་བྱེད་རྒྱུར་དཀའ་ཚེགས་ཆེན་པོ་འཕྲད་ངེས་སོ། །

གལ་ཏེ་ང་ཚོས་ལོ་རྒྱུས་ཀྱི་ལྟ་ཚུལ་ལ་བལྟས་པ་ཡིན་ན། ཡུན་གནས་ཀྱི་དོན་དུ་ཆོས་ཀྱི་སྒྲིག་འཛུགས་དང་རྒྱུད་པ་དེ་རྣམས་ཀྱིས་དེང་དུས་ཀྱི་ནང་པའི་ཆོས་ལུགས་ཀྱི་སྡེ་ཁག་གི་གྲངས་རྒྱུ་མཚན་ལྡན་པའི་ཉུང་ངུ་ཞིག་ཏུ་གཅིག་ཏུ་སྒྲིལ་དགོས་པ་ཡིན། དེ་མིན་བོད་པ་དང་། ནུབ་ཕྱོགས་པའི་བཤེས་གཉེན་གསར་པ་རེ་རེས་ཆོས་ཀྱི་སྒྲིག་འཛུགས་གསར་པ་རེ་རེ་འགོ་འཛུགས་པ་ལས་ལྡོག་སྟེ་ང་ཚོས་ཡ་གྱལ་དུ་མར་གྱེས་པའི་དཀའ་ངལ་ཉུང་དུ་གཏོང་བ་དང་དཀའ་ངལ་དེར་གཟུར་རྒྱུའི་དུས་ལ་བབ་ཡོད།

ཆོས་ཀྱི་སྒྲིག་འཛུགས་ཀྱི་གྲངས་རྟག་ཏུ་ཇེ་མང་དུ་འགྲོ་བའི་རྒྱུ་མཚན་གཙོ་བོ་གཉིས་ཡོད་པར་སྣང། གཅིག་ནི་བོད་པའི་བཤེས་གཉེན་རྣམས་ཀྱི་ཕྱོགས་ནས་ཁོང་ཚོར་སོ་སོའི་དགོན་པ་བསྐྱར་སྐྲུན་དང་དགེ་འདུན་གྱི་སྡེར་འཚོ་བ་སྦྱར་རྒྱུའི་དཔལ་འབྱོར་གྲབས་གསོག་ཀྱི་ངལ་བ་དཀའ་ཚེགས་ཡོད་པ་རེད། རྒྱུ་མཚན་གཞན་ནི་ནུབ་ཕྱོགས་པའི་སློབ་མ་རྣམས་ཀྱི་ཕྱོགས་ནས་ཁོང་ཚོའི་བཤེས་གཉེན་བསྟེན་ཚུལ་ཐད་ཀྱི་གོ་འཛོལ་དེ་ཡིན། གང་ལ་ཞེ་ན། ཁོང་ཚོས་སོ་སོའི་བཤེས་གཉེན་དེ་ངེས་པར་དུ་དངོས་དོན་གྱི་ཐོག་ནས་སངས་རྒྱས་ཤིག་ཏུ་བལྟ་དགོས་པའི་བསམ་བློ་འཁོར་གྱི་ཡོད་པས་ཁོང་ཚོའི་དགེ་བའི་བཤེས་གཉེན་དེ་ཉིད་དགེ་བཤེས་ཙམ་ཞིག་ཡིན་པའི་དབང་དུ་བཏང་ནའང། ཁོང་འདས་པའི་རྗེས་སུ་དེའི་ཡང་སྲིད་སྤྲུལ་སྐུ་ཞིག་འཚོལ་དགོས་པར་སེམས་ཀྱི་ཡོད། ཁོང་ཚོས་དེ་ལྟར་མ་བྱས་ཚེ། ཁོང་ཚོའི་སེམས་ལ་སོ་སོའི་བཤེས་གཉེན་དེ་ཉིད་སངས་རྒྱས་སུ་ཡིད་ཆེས་བྱེད་ཀྱི་མེད་པའི་དོན་དུ་འགྲོ་ཡི་ཡོད་པ་འཆར་གྱི་ཡོད། སྤྲུལ་སྐུ་གསར་པ་ཞིག་བྱུང་ན། སྤྲུལ་སྐུ་གསར་པས་རིང་མིན་ཆོས་ཀྱི་སྒྲིག་འཛུགས་དེའི་འགོ་འཁྲིད་རྒྱུའི་ཆེད་སྤྲུལ་སྐུའི་སྐུ་ཐོག་གོང་མའི་སྒྲིག་འཛུགས་དེ་ངེས་པར་མཇུག་སྐྱོང་བྱེད་དགོས་པ་སེམས་གྱི་ཡོད་པ་རེད།

དཀའ་ངལ་དེ་དག་སེལ་རྒྱུར་ང་ཚོས་ངེས་པར་དུ་རྒྱ་གར་དང་། བལ་ཡུལ། བོད་བཅས་ཀྱི་ནང་དུ་ཡོད་པའི་དགོན་སྡེ་ཁག་གི་དཔལ་འབྱོར་གྲབས་གསོག་གི་ཐབས་ལམ་འདྲ་མིན་འཚོལ་དགོས་པ་དང། ང་ཚོས་ངེས་པར་དུ་བླ་མའི་རྣལ་འབྱོར་ཐོག་གསལ་བཤད་ཡག་པོ་བྱེད་དགོས། དེ་ནས་ང་ཚོས་ཤར་ཨེ་ཤི་ཡ་དང། ལྷོ་ཤར་ཨེ་ཤ་ཡ། ནུབ་ཕྱོགས་བཅས་ལ་ཕེབས་པའི་སློབ་དཔོན་སྣ་ཚོགས་པ་རྣམས་ཀྱི་རྒྱུད་པ་དང་ཚུལ་ལུགས་བྱེ་བྲག་པ་དག་གཅིག་འགྱུར་ཇི་ལྟར་ཡོང་བ་བྱེད་རྒྱུའི་ཐད་མནོ་བསམ་ངེས་པར་གཏོང་དགོས། དེང་དུས་ནང་པའི་ཆོས་ལུགས་ཀྱི་གྲངས་ཉུང་ཉུང་ཙམ་ཞིག་འཐོན་དགོས་པ་ཡིན། བོད་ནང་དུ་བྱུང་བ་བཞིན་དུ་རྒྱུད་པ་དང་གསུང་མང་པོར་མཁས་པའི་ནུབ་ཕྱོགས་པའི་བཤེས་གཉེན་ཚད་ལྡན་དགོས་པ་ནི་སྨོས་ཅི་དགོས། དེ་འདྲ་བའི་སློབ་དཔོན་ནི་ནུབ་ཕྱོགས་པའི་བཤེས་གཉེན་རྣམས་ཀྱི་དབུས་སུ་ཕལ་ཆེར་ད་ལྟ་བར་བྱུང་མེད། འོན་ཀྱང་དེ་འདྲ་བ་འགའ་ཞིག་མ་འོངས་པར་ཏན་ཏན་འོང་ངེས་པ་ཡིན།

མདོར་ན། ང་ཚོས་མ་འོངས་པའི་ནང་ཆོས་ཆེད་དུ་འགན་འཁུར་ལེན་དགོས་པ་དང་བསམ་བློ་ཞིབ་པར་གཏོང་དགོས། བོད་ཀྱི་གཅེས་ནོར་ནང་པའི་རིག་གཞུང་དེ་ཉིད་ཡ་གྱལ་མང་པོར་གྱེས་པ་ལ་བརྟེན་ནས་མི་འཇིག་པ་མ་ཟད་ད་དུང་དུས་རབས་མང་པོར་གསོན་གནས་ཀྱིས་མུ་མཐུད་ནས་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་ཐོགས་ཡོང་བར་ངེས་བརྟན་བཟོ་དགོས།། །།