བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > ནང་ཆོས་ཀྱི་དེང་དུས་གནས་འབབ། > ཕྱི་གླིང་ཡུལ་གྱི་ཆོས་ཚོགས་དང་འབྲེལ་བའི་བསམ་འཆར།

ཕྱི་གླིང་ཡུལ་གྱི་ཆོས་ཚོགས་དང་འབྲེལ་བའི་བསམ་འཆར།

ཨེ་ལེག་ཛན་ཌར། བྷར་ཛིན།
རྒྱ་གར། དྷ་རམ་ས་ལ། ཕྱི་ལོ་ ༡༩༨༧ ཟླ་ ༨ ཚེས་ ༡༨ ཉིན།

ཕྱི་ལོ་ ༡༩༨༧ ཟླ་ ༨ ཚེས་ ༡༨ ཉིན་བཞུགས་སྒར་དྷ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྒེར་མཇལ་ཞུ་བའི་སྐལ་བཟང་གི་ཉིན་མོ་ཞིག་ལ་ཕྲན་ནས་༸གོང་ས་མཆོག་ལ་རང་ཉིད་ཀྱིས་ཡུལ་གྲུ་ལྔ་བཅུ་ང་བཞིའི་ནང་ཟླ་བ་བཅོ་ལྔའི་རིང་གཏམ་བཤད་ཡུལ་སྐོར་བྱས་པ་ཉེ་ཆར་མཇུག་བསྒྲིལ་བའི་སྙན་ཐོ་ཕུལ་བ་ཡིན། ཕྲན་གྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་ནང་པའི་ཆོས་ཚོགས་ཀྱི་འཛིན་སྐྱོང་སྲིད་ཇུས་དང་འབྲེལ་བའི་བསམ་འཆར་འགའ་ཞིག་ཕུལ། ༸གོང་ས་མཆོག་གིས་བསམ་འཆར་འདི་དག་ཐད་ཀར་ཡུལ་གྲུ་དེ་དག་ནང་འབྲེལ་ཡོད་ཚོགས་ཁག་ལ་བཏང་ཚེ་ཕན་ཐོགས་ཡོང་སྲིད་པའི་ལམ་སྟོན་གནང་བྱུང། དེར་བརྟེན། ཕྲན་ནས་གཤམ་གསལ་རྟོགས་ཞིབ་དང་བསམ་འཆར་རྣམས་གསལ་སྟོན་ཞུ་འདོད་བྱུང།

༡༽ འབྱུང་འགྱུར་གྱི་བོད་རྒྱུད་ནང་བསྟན་དེ་བཞིན་ཕྱི་རྒྱལ་བ་རྣམས་ཀྱི་ལག་ཏུ་མེད། འོན་ཀྱང་བོད་པའི་གཞོན་སྐྱེས་མི་རབས་རྣམས་ཀྱི་ལག་ཏུ་ཡོད་པ་རེད། གཞུང་ལུགས་ཀྱི་ཆ་ཤས་ཏིལ་འབྲུ་ཙམ་ལས་བསྒྱུར་མེད་པ་དང་ཕྱི་རྒྱལ་བ་ཧ་ཅང་ཉུང་ཉུང་ཞིག་ལ་མ་གཏོགས་བོད་ཀྱི་སྐད་ཡིག་གི་ཐོག་ནས་སྲོལ་རྒྱུན་དམ་ཆོས་ཀྱི་སློབ་སྦྱོང་ལ་རང་ངོས་ནས་བརྒྱ་ཆ་བརྒྱ་ཐམ་པ་འབད་འབུངས་བྱེད་པའི་དུས་ཚོད་སྟོང་པ་མེད་པར་བརྟེན་མ་འོངས་པའི་ནང་མྱུར་དུ་དབང་ལུང་མན་ངག་རྒྱུན་འཛིན་གྱི་རྒྱུན་སྐྱོང་ཐུབ་མཁན་ནམ། ཡང་ན་གསུང་ཆོས་དང་སློབ་སྦྱོང་ཡང་དག་པ་ཞིག་སྤྲོད་མཁན་དེ་ཕྱི་རྒྱལ་བ་རྣམས་མིན། དེ་བོད་པའི་གཞོན་སྐྱེས་རྣམས་ཆགས་རྒྱུ་རེད། དེར་བརྟེན། གལ་ཏེ་ཕྱི་རྒྱལ་ཆོས་ཚོགས་ཚང་མར་གནས་སྡོད་དགེ་བཤེས་སམ་བླ་མ་དང་གསུང་སྒྱུར་ཡོད་པའམ། ཡང་ན་དེ་ལྟར་འོང་རྒྱུའི་དམིགས་ཡུལ་ཡོད་པ་དང། ཁོང་རྣམ་པ་ཚོ་མཁྱེན་རྒྱ་ཆེ་ཤོས་ཡིན་ཚེ། མཁྱེན་རྒྱ་ཆེ་བ་རྣམས་ཕྱི་རྒྱལ་དུ་ཕེབས་པའི་མཇུག་འབྲས་ཚབས་ཆེན་ཞིག་འོང་ངེས་རེད། ཕྱི་རྒྱལ་བ་མང་ཆེ་བ་རྣམས་ལས་འབྲེལ་ཆེ་བའི་དབང་གིས་ཆོས་ཚོགས་སུ་བདུན་ཕྲག་གཅིག་གི་ནང་ཚོགས་ཐུན་གཉིས་ལས་མང་བའི་དུས་ཚོད་སྟོང་པ་འདོན་ཐུབ་ཀྱི་མེད་པར་བརྟེན་དགེ་བཤེས་དང་བླ་མའི་དུས་ཚོད་ཕལ་ཆེ་བ་འཕྲོག་བརླག་འགྲོ་བ་དང། རྒྱ་གར་དུ་ཡོད་པའི་དགོན་སྡེ་ཁག་མང་པོའི་ནང་གི་རབ་བྱུང་བ་རྣམས་དཔེ་འཁྲིད་ཀྱི་མཐུན་རྐྱེན་མ་ཚང་བར་ལུས་ཡོད། དེ་འབྲས་སུ་མི་རབས་རྗེས་མ་རྣམས་ཀྱིས་ཁྱད་ཆོས་བཟང་བའི་བོད་རྒྱུད་ནང་བསྟན་རྒྱུན་འཛིན་བྱ་མི་ཐུབ་བོ། །

དེར་བརྟེན་ང་རང་གི་ངོས་ནས་ཆོས་ཚོགས་རྣམས་ས་ཁུལ་གཅིག་ཏུ་མཉམ་གནས་ཀྱིས་ཆོས་ཚོགས་བཞི་ནས་དྲུག་གི་བར་ལ་བླ་མའམ་དགེ་བཤེས་དང་གསུང་སྒྱུར་རེ་མཉམ་སྤྱོད་གནང་རྒྱུའི་བསམ་ཚུལ་འདོན་གྱི་ཡོད། དགེ་བཤེས་ལ་སོགས་པ་རྣམས་ཆོས་ཚོགས་ས་གཏན་ཡོངས་སུ་མ་ཟིན་བར་དུ་གཏོང་དགོས་ཀྱི་མེད། དེ་མིན་ཁོང་རྣམས་ཀྱི་དུས་ཚོད་ཆུད་ཟོས་སུ་འགྲོ་ངེས། དགེ་རྒན་དེ་རྣམས་ཆོས་ཚོགས་ནང་ཕན་ཚུན་དུ་གནས་སྤོ་བྱེད་ཐུབ། དཔེར་ན། ཆོས་ཚོགས་རེ་རེར་ཟླ་བ་གཅིག་རེ་ཕེབས་ན་ཆོག་ཅིང། དེར་བརྟེན་ཁོང་རྣམས་ཀྱིས་ལོ་གཅིག་གི་ནང་ཆོས་ཚོགས་རེར་ཐེངས་གཉིས་སམ་གསུམ་ཕེབས་ཐུབ་པ་ཡིན། རྒྱུན་དུ་དགེ་རྒན་འདང་ངེས་བཞིན་པ་ཡིན་པའི་སྐབས་སུ་སློབ་མ་རྣམས་ལས་དོན་གཞན་གྱི་ཐོག་ལས་འབྲེལ་ཆེ་བར་བརྟེན་དགེ་རྒན་ཡོད་ཤག་ཏུ་བརྩིས་ནས་ཆོས་ཞུ་བ་ཉུང་དུ་འགྲོ་ངེས། གལ་ཏེ་དགེ་རྒན་རྣམས་ཟླ་བ་གཅིག་གི་ནང་ཚར་གཅིག་ལས་ཕེབས་ཀྱི་མེད་ན། དེ་དུས་ཡུན་དམིགས་བསལ་ཅན་དུ་འགྱུར་ངེས་པར་བརྟེན་སློབ་མ་རྣམས་ཀྱིས་ཕལ་ཆེར་ཆོས་ཞུར་དེ་བས་རྟག་ཏུ་དང་ཆག་མེད་ཀྱི་ཐོག་ནས་བཅར་རྒྱུར་དུས་ཚོད་འཕར་མ་འདོན་ཐུབ་པར་ངེས། ཆིབས་སྒྱུར་གྱི་བར་མཚམས་ཀྱི་དུས་ཡུན་རིང་སློབ་མ་རྣམས་ལ་གསུང་ཆོས་ཀྱི་ཐོག་བསམ་བློ་གཏོང་རྒྱུ་དང་སློབ་མ་རྒན་པའི་ལམ་སྟོན་འོག་ཉམས་ལེན་གྱི་ཐོག་ཏུ་འགེལ་རྒྱུའི་དུས་ཚོད་འཐོབ་ཀྱི་ཡོད།

ད་དུང་བླ་མ་དགེ་བཤེས་དང་གསུང་སྒྱུར་འདེམས་པའི་སྐབས་ཡིད་གཟབ་ཆེ་ཤོས་བྱེད་དགོས། དེ་ལ་བརྟེན་ནས་མཁྱེན་རྒྱ་ཆེ་ཤོས་རྣམས་རྒྱ་གར་དང་། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ་ནང་དུ་དཔེ་ཁྲིད་གནང་རྒྱུའི་གནས་བབ་ལས་ཕྱིར་འཐེན་མ་གནང་ན་ལེགས་གལ་ཏེ་ངས་དཔེ་མཚོན་ཞིག་ཞུས་པ་ཡིན་ན། ཨང་རྩིས་སྦྱོང་དོན་དུ་འཛམ་གླིང་ནང་གི་རྡུལ་ཕྲན་དངོས་ཁམས་ཀྱི་སྙན་གྲགས་ཆེ་བའི་མཁས་དབང་ཞིག་ངེས་པར་དུ་དགོས་ཀྱི་མེད་པ་རེད། དེ་ལྟ་ནའང་གལ་ཏེ་དགའ་མོས་ཡོད་ཚེ། ས་ཁུལ་ཆེན་པོ་ཞིག་ལ་དེ་བས་ཞིབ་ཚགས་པའི་ལས་འགུལ་སྤེལ་མཁན་གྱི་ཆོས་ཚོགས་གཅིག་ཡོད་ན་ཆོག  འོན་ཀྱང་དེ་ལ་གྲངས་ཚད་ངེས་ཅན་ཞིག་དགོས་སོ། །

༢༽ བོད་རྒྱུད་ནང་བསྟན་ཆོས་ཚོགས་མང་པོའི་ནང་ཆོས་ལུགས་འཐེན་འཁྱེར་གྱི་དཀའ་ངལ་ཞིག་ད་དུང་ཡང་ཡོད་ཅིང་། དེ་ནི་འབྱུང་འགྱུར་གྱི་ནང་བསྟན་ལ་དབྱེ་འབྱེད་དང་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད། ༸གོང་ས་མཆོག་ནས་རྟག་ཏུ་ནན་གསུང་གནང་བ་བཞིན་ཆོས་ལུགས་འཐེན་འཁྱེར་གྱི་རྨོངས་ཞེན་ལ་གཉེན་པོ་སྟོབས་ཆེ་ཤོས་ནི་ཤེས་ཡོན་ཡིན། སྤྱིར་ཆོས་ཚོགས་ཚང་མར་སོ་སོའི་བརྒྱུད་པ་གཙང་མ་སྐྱོང་རྒྱུ་དང་ལུགས་རྣམས་མགོ་རྙོག་ཅན་དུ་མཉམ་བསྲེས་མི་བྱེད་པ་ནི་གལ་ཆེན་པོ་ཡིན་ནའང། སློབ་མ་རྣམས་ཀྱིས་བརྒྱུད་པ་གཞན་དང་བོད་རྒྱུད་ནང་བསྟན་འདྲ་མིན་ཁག་གི་སྲོལ་ལུགས་ཀྱི་སྐོར་ལ་སློབ་སྦྱོང་དགོས་གལ་ཆེ་ཞིང་། དེ་ལ་བརྟེན་ནས་ཁོང་ཚོ་སོ་སོས་སངས་རྒྱས་ཀྱི་བསྟན་པའི་ནང་འགལ་འདུ་གང་ཡང་མེད་པ་མཐོང་ཐུབ།

དེར་བརྟེན་ཕྲན་ནས་ཆོས་ཚོགས་རྣམས་ཀྱིས་སོ་སོ་གཅིག་པུའི་བརྒྱུད་པ་ཙམ་མིན་པར་དེ་མིན་གྱི་བོད་པའི་བརྒྱུད་པ་དང་བོད་རྒྱུད་མ་ཡིན་པ་གཉི་ག་ནས་སྐུ་མགྲོན་དགེ་རྒན་དང་ལེགས་སྦྱར་ཤོད་མཁན་ཁག་གདན་འདྲེན་ཞུ་རྒྱུའི་སྒོ་འབྱེད་དགོས་པའི་བསམ་ཚུལ་འདོན་གྱི་ཡོད། དེ་འདྲའི་ལམ་ནས་སློབ་མ་རྣམས་ལ་ནང་ཆོས་ཀྱི་ཤེས་ཡོན་རྒྱ་ཆེ་བ་ཞིག་སྤྲོད་ངེས་ཤིང། གོ་རྟོགས་དང་། འཆམ་མཐུན། ཡར་རྒྱས་གོང་མཐོར་གཏོང་ཆེད་དུ་ཕན་ཐོགས་ཡོད་པ་ནི་དེ་ཁོ་ནའོ། །

༣༽ ཆོས་ཚོགས་ཁ་ཤས་ནང་དུ་མི་ཚོགས་ཀྱི་དབུས་སུ་སྔགས་ཀྱི་ཡི་དམ་དང་སྲུང་མའི་འཕྲིན་བཅོལ་རྣམས་དབྱིན་སྐད་ནང་འདོན་པའམ། ཡང་ན་ཡུ་རོབ་ཀྱི་སྐད་གཞན་གྱི་ནང་འདོན་གྱི་ཡོད། དེའི་ནང་ “ཁྲག་འཐུང་” ཞེས་པ་ལྟ་བུའི་བརྗོད་ཚིག་མང་པོ་ཡོད་ཅིང་། དེས་གསར་དུ་ཡོང་མཁན་དང་སློབ་མ་ཐུགས་འཕྲད་དུ་ཕེབས་མཁན་གྱི་ཕ་མ་ཚོར་བསམ་ཚུལ་ཁྱད་མཚར་དང་མཐོང་སྣང་མི་མཛེས་པ་ཞིག་རྐྱེན་སློང་བྱེད་པར་ངེས། དེར་བརྟེན། ཕྲན་ནས་སྐྱབས་འགྲོ་དང་། སེམས་བསྐྱེད། ཡན་ལག་བདུན་པ། བསྔོ་སྨོན་གསོལ་འདེབས་རྣམས་སོ་སོའི་རང་སྐད་དུ་ཁ་འདོན་བྱེད་ནའང། སྔགས་ཀྱི་དཔེ་ཆ་རྣམས་བོད་སྐད་ནང་འདོན་རྒྱུའི་བསམ་འཆར་ཞུ་གི་ཡོད། དཔེར་ན། བླ་མ་མཆོད་པ་བོད་སྐད་ནང་འདོན་པ་དང་དེའི་བློ་སྦྱོང་ལམ་རིམ་གྱི་ཚན་པ་རྣམས་དབྱིན་སྐད་ནང་འདོན་ན་ཆོག  དེ་ནི་དམིགས་བསལ་དུ་མི་མང་འདུ་འཛོམས་སར་བྱེད་དགོས་པའི་བསམ་ཚུལ་ཞུ་གི་ཡོད། དེས་ན་བོད་སྐད་ནང་དོན་དག་སྦྱོང་འདོད་དང་ཤེས་འདོད་ཡོད་པ་རྣམས་ལ་བོད་ཡིག་སློབ་སྦྱོང་བྱེད་རྒྱུར་ཀུན་སློང་སྐྱེ་བ་དང་། གློ་བུར་བ་རྣམས་ལ་བསམ་ཚུལ་ཁྱད་མཚར་བ་མི་འབྱུང་བ་ཡིན། དེས་ན་གསང་སྔགས་ཀྱི་ཆོ་གའི་གཞུང་གི་འགྱུར་ཆ་ཚང་སྒེར་ཁོ་ནས་སྤྱོད་པ་མ་གཏོགས་དེ་མིན་ལ་དགག་བྱ་གནང་ན་ལེགས་པའི་བསམ་ཚུལ་བཅས།