བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > ནང་ཆོས་ངོ་སྤྲོད། > སོ་སོའི་མི་ཚེའི་ནང་ཆོས་ཟུང་དུ་འབྲེལ་བ།

སོ་སོའི་མི་ཚེའི་ནང་ཆོས་ཟུང་དུ་འབྲེལ་བ།

ཨེ་ལེག་ཛན་ཌར། བྷར་ཛིན།
པོའོ་ལན་ཌི། བྷོག། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༣ ཉིན།

དམ་ཆོས་ནི་མི་ཚེའི་ནང་གི་དཀའ་ངལ་ལ་གདོང་ལེན་བྱེད་ཆེད་དུ་ཡིན།

དེ་རིང་དགོང་དྲོ་ངས་ཉིན་རེའི་འཚོ་བའི་ནང་དམ་ཆོས་ཉམས་ལེན་གྱི་སྐོར་ལ་སྐད་ཆ་ཤོད་འདོད་བྱུང། ༼དྷར་མ་༽ དམ་ཆོས་ཀྱི་དོན་ནི་སྔོན་འགོག་ཐབས་ལམ་ཞིག་ལ་གོ། དེ་ནི་ང་ཚོས་དཀའ་ངལ་ལ་གཟུར་ཆེད་དུ་བྱེད་པའི་གནས་ཤིག་ཡིན། ང་ཚོས་སོ་སོ་དམ་ཆོས་ཉམས་ལེན་ནང་ཞུགས་རྒྱུར་ཐོག་མར་བྱེད་དགོས་པ་ནི་ང་ཚོར་མི་ཚེའི་ནང་འཕྲད་བཞིན་པའི་དཀའ་ངལ་གྱི་རིགས་སྣ་ཚོགས་པ་དག་ངོས་འཛིན་བྱེད་དགོས་པ་དེ་ཡིན། དེའི་རྗེས་སུ་དམ་ཆོས་ཉམས་ལེན་ནི་ང་ཚོར་དཀའ་ངལ་དེ་དག་སེལ་རོགས་བྱེད་ཆེད་དུ་དམིགས་པ་ཞིག་ཡིན་པ་ཤེས་དགོས་པ་དེ་ཡིན།

དམ་ཆོས་ཉམས་ལེན་ནི་སྐྱིད་པོ་ཚོར་ཡས་ཙམ་ཞིག་གམ་དབྱིངས་ལས་ (hobby) ཡག་པོ་ཞིག་འོང་བའམ། ཡང་ན་དཔེ་གསར་བྱེད་རྒྱུའམ་དེ་ལ་སོགས་པའི་དོན་དུ་མིན། དམ་ཆོས་ཉམས་ལེན་ནི་ང་ཚོ་སོ་སོའི་དཀའ་ངལ་སེལ་ཆེད་དུ་དམིགས་པ་ཞིག་ཡིན། དེའི་དོན་ནི། དོན་དངོས་དང་མཐུན་པའི་དམ་ཆོས་ཉམས་ལེན་བྱེད་རྒྱུར་ང་ཚོས་དེ་སྐྱིད་ཉམས་ཅན་གྱི་བརྒྱུད་རིམ་ཞིག་འོང་རྒྱུ་མེད་པ་ཤེས་དགོས། ང་ཚོས་སོ་སོའི་མི་ཚེའི་ནང་གི་མི་ལེགས་པའི་ཆོས་རྣམས་ཏེ། ང་ཚོས་མྱོང་བཞིན་པའི་དཀའ་ངལ་ལ་བརྟག་དཔྱད་དང་དངོས་སུ་གདོང་ལེན་བྱེད་དགོས་ཤིང་། དེ་དག་ལ་ཟུར་དུ་མ་བྲོས་པར་དེ་ལས་ལྡོག་ཏེ་ད་ལྟ་ང་ཚོ་དེ་དག་ལ་གདོང་ལེན་བྱེད་ཐབས་བྱེད་བཞིན་ཡོད་སེམས་པའི་བསམ་ཕྱོགས་ཞིག་དང་ལྷན་དུ་གདོང་ལེན་བྱེད་དགོས།

ང་ཚོའི་དཀའ་ངལ་ནི་རྣམ་པ་མང་པོར་མངོན་ཐུབ། དེ་དག་ཕལ་མོ་ཆེར་ང་ཚོ་ཚང་མས་གོམས་འདྲིས་ཡོད། ང་ཚོར་ཉེན་སྲུང་མེད་པ་སྟེ། གཞན་དང་ང་ཚོའི་འབྲེལ་ལམ་ནང་ང་ཚོར་དཀའ་ངལ་ཡོད། ང་ཚོར་གཞན་ལས་དབེན་པའི་སེམས་ཚོར་སླེབས། ང་ཚོར་སོ་སོའི་འདུ་ཤེས་དང་ཚོར་སྣང་ལ་དཀའ་ངལ་ཡོད། དེ་དག་ནི་ང་ཚོར་རྒྱུན་གཏན་དུ་ཡོད་པ་ཞིག་ཡིན། ང་ཚོར་སོ་སོའི་ནང་མི་དང་ཕ་མ་གཉིས་ན་བ་དང་རྒས་པའི་སྐབས་སུ་འབྲེལ་བ་བྱེད་རྒྱུར་དཀའ་ངལ་ཡོད་པ་རེད། ང་ཚོར་སོ་སོ་རང་ཉིད་ཀྱི་ནད་ན་ཚ་དང་རྒས་པའི་སྐབས་སུ་གདོང་ལེན་བྱེད་རྒྱུར་དཀའ་ངལ་ཡོད་པ་དང། གལ་ཏེ་ང་ཚོ་ལོ་ན་གཞོན་པའི་མི་ཞིག་ཡིན་ཚེ། ང་ཚོར་སོ་སོའི་མི་ཚེའི་ནང་ཅི་ཞིག་བྱེད་རྒྱུ་དང་། འཚོ་ཐབས་ཇི་ལྟར་བསྟེན་དགོས་པ། ཕྱོགས་གང་ནས་འགྲོ་དགོས་པ་སོགས་མང་པོ་ཞིག་གི་ཐོག་ལ་ཐབས་ལམ་འཚོལ་རྒྱུར་དཀའ་ངལ་ཡོད། ང་ཚོས་དེ་འདྲ་བའི་གནས་ཚུལ་ཡོངས་ལ་ལྟ་དགོས་པ་ཡིན།

རྨོངས་པ།

ནང་ཆོས་ནང་གནད་དོན་གལ་ཆེ་ཤོས་གཅིག་ནི། ང་ཚོ་ཚང་མས་མྱོང་བཞིན་པའི་དཀའ་ངལ་དེ་དག་རྒྱུ་རྐྱེན་ལས་བྱུང་བ་ཤེས་དགོས་པ་དེ་ཡིན། དེ་དག་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་རྩ་བ་ནས་མིན། དཀའ་ངལ་དེ་དག་གི་འབྱུང་རྩ་ང་ཚོ་སོ་སོ་རང་ཉིད་ཀྱི་ནང་དུ་ཡོད། དེ་ནི་སེམས་ནང་གི་གནད་དོན་ཆེན་པོ་ཞིག་ཡིན་པས་གང་ཟག་ཕལ་མོ་ཆེས་ལས་སླ་པོའི་ཐོག་ནས་ཁས་ལེན་བྱེད་དཀའ་བ་ཡིན། དེའི་རྒྱུ་མཚན་ནི་ང་ཚོ་མང་ཆེ་བས་སོ་སོའི་དཀའ་ངལ་དེ་གང་ཟག་གཞན་ནམ་ཕྱིའི་གནས་སྟངས་ལ་ཁག་དཀྲི་འདོགས་པའི་ཕྱོགས་སུ་འགྲོ་ཡི་ཡོད། ང་སྐྱིད་པོ་མེད་པ་དེ་ཁྱེད་རང་གིས་བྱས་པ་རེད། ཁྱེད་རང་གིས་ང་ལ་ཁ་པར་བཏང་མ་སོང། ཁྱེད་རང་གིས་ང་ལ་ཁ་ཡ་བྱས་མ་བྱུང། ཁྱེད་རང་ང་ལ་བརྩེ་བ་མི་འདུག དེ་དག་ཚང་མ་ཁྱེད་རང་གི་ནོར་འཁྲུལ་རེད། ཅེས་ང་ཚོའི་སེམས་ལ་འཆར་གྱི་ཡོད། ཡང་ན། ང་ཚོས་སོ་སོའི་ཕ་མར་ཁག་དཀྲི་འདོགས་པ་ནི། ང་ཚོ་ཆུང་བྱིས་པའི་དུས་སུ་སོ་སོའི་ཕ་མས་གང་ཞིག་བྱས་པ་དང་མ་བྱས་པའི་ཐོག་ལའོ། ཡང་ན། ང་ཚོས་དཔལ་འབྱོར་གནས་སྟངས་སམ་ཆབ་སྲིད་ཀྱི་གནས་སྟངས། ཡང་ན་སྤྱི་ཚོགས་ཀྱི་གནས་སྟངས་ལ་སོགས་པའི་ཐོག་ལ་ཁག་དཀྲི་འདོགས་པ་ཡིན། ད་ལྟའི་དུས་སུ་ང་ཚོའི་མི་ཚེའི་མྱོང་བའི་ནང་གནས་དོན་དེ་དག་གིས་ལས་འགུལ་སྤེལ་གྱི་ཡོད་པ་སྨོས་མེད་དུ་སོང། ནང་པའི་ཆོས་ཀྱིས་དེ་ཁས་མི་ལེན་པ་མིན། འོན་ཀྱང་རྒྱུ་རྐྱེན་གཙོ་བོ་སྟེ། དེ་ལས་གཏིང་རིང་བའི་ང་ཚོའི་དཀའ་ངལ་གྱི་རྒྱུ་རྐྱེན་ནི་ང་ཚོའི་ནང་དུ་ཡོད། དེ་ནི་ང་ཚོའི་བསམ་ཕྱོགས་ཡིན་ཞིང། ཁྱད་པར་དུ་ང་ཚོའི་རྨོངས་པ་ཡིན་ནོ། །

གལ་ཏེ་ང་ཚོར་ཉིན་རེའི་འཚོ་བའི་ནང་དུ་ནང་ཆོས་ཉམས་ལེན་བྱེད་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་ནང་པའི་ལྟ་བ་གསལ་པོར་འགྲེལ་བྱེད་ཀྱི་རྒྱུ་རྐྱེན་གཅིག་འཚོལ་འདོད་ཡོད་ན། བདག་གིས་དེ་ནི་འདི་ལྟར་རེད་ཅེས་བརྗོད་རྒྱུ་ཡིན། ང་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐབས། ང་ཚོས་སོ་སོ་རང་ཉིད་ཀྱི་ནང་དུ་བལྟས་ཏེ་འབྱུང་རྩ་འཚོལ་བ་དང། དེ་ངོས་འཛིན་ཐུབ་པའི་རྗེས་ནང་སེམས་ནས་གནས་སྟངས་ལ་འགྱུར་ལྡོག་གཏོང་ཐབས་བྱེད་དགོས། ནང་སེམས་ལ་བརྟག་པ་དང་དཀའ་ངལ་གྱི་འབྱུང་རྩ་འཚོལ་བའི་སྐོར་ལ་སྐད་ཆ་ཤོད་དུས་ང་རང་མི་ངན་པ་ཞིག་ཡིན་པས་ངས་འགྱུར་ལྡོག་བཏང་ནས་མི་བཟང་པོ་བྱེད་རྒྱུ་ཡིན་ཞེས་པའི་ཀུན་སྤྱོད་ལེགས་ཉེས་འབྱེད་པའི་ཐོག་གཞི་རྩ་བྱས་མེད། ནང་ཆོས་ཀྱིས་ཀུན་སྤྱོད་ལེགས་ཉེས་དབྱེ་འབྱེད་བྱེད་ཀྱི་མེད། ང་ཚོས་སོ་སོའི་དཀའ་ངལ་གྱི་འབྱུང་རྩ་སེམས་ནང་ཙམ་ནས་གར་ཡོད་འཚོལ་ཞིབ་བྱེད་དགོས། གང་ལ་ཞེ་ན། ང་ཚོས་དཀའ་ངལ་དང་སྡུག་བསྔལ་མྱོང་བཞིན་ཡོད་པས་དེ་དག་སེལ་འདོད་ཡོད་པ་དང། དེ་དག་གི་འབྱུང་རྩ་གཙོ་བོ་ནི་ང་ཚོའི་སོ་སོའི་བསམ་ཕྱོགས་ཡིན་པ་རེད། ཁྱད་པར་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ཚོའི་དཀའ་ངལ་དང་སྡུག་བསྔལ་གྱི་རྐྱེན་རྩ་ནི་སོ་སོའི་རྨོངས་པ་ཡིན་པར་གསུངས། དེར་བརྟེན་ང་ཚོས་བྱེད་དགོས་པ་ནི་གང་ཞིག་འབྱུང་བཞིན་པར་ང་ཚོར་རྨོངས་པ་ཇི་ལྟར་བྱུང་བ་དང་གོ་རྟོགས་མི་ནོར་བ་ཞིག་འབྱུང་ནས་དེ་ཇི་ལྟར་བཅོས་ཐུབ་ཚུལ་གསར་དུ་རྙེད་པ་བྱེད་དགོས་དེ་ཡིན།

ང་ཚོའི་རྒྱུད་ཀྱི་རྨོངས་པ་དེ་ཅི་ཞིག་ལ་སྐྱེ་གི་ཡོད་དམ། དེ་ནི་གནས་སྟངས་ཁ་ཤས་ཤིག་ལ་སྐྱེ་གི་ཡོད་པ་རེད། གཅིག་ནི་བྱ་སྤྱོད་གྱི་རྒྱུ་དང་འབྲས་བུ་ཡིན་པ་རེད། ང་ཚོའི་བསམ་བློར་གལ་ཏེ་ང་ཚོས་ལམ་ངེས་ཅན་ཞིག་གི་ཐོག་ནས་བྱ་སྤྱོད་སྤེལ་ཚེ་མཇུག་འབྲས་གང་ཡང་མི་འོང་བར་སེམས། དཔེར་ན། ང་ཚོའི་སེམས་ལ། ང་རྗེས་ལུས་ཐེབས་པ་དང་། ངས་ཁྱེད་ལ་ཁ་ཡ་མི་བྱེད་པ་ལ་སོགས་པ་བྱས་ཚེ། དེ་ལ་དགེ་སྐྱོན་གང་ཡང་མེད། ཅེས་བསམ་བློ་འཁོར་གྱི་ཡོད། དེ་ནི་ནོར་བ་རེད། དེ་ནི་རྨོངས་པ་རེད། ཡང་ན་ང་ཚོའི་སེམས་ལ་ང་ཚོས་ཅི་ཞིག་བྱེད་པའམ་སྤྱོད་ཚུལ་ཇི་ལྟར་འཁྱེར་བ་དེ་ལ་རྒྱུ་མཚན་མེད་པ་དང་འབྱུང་སྲིད་པར་དཀའ་བའི་མཇུག་འབྲས་ངེས་ཅན་ཞིག་འོང་གི་ཡོད་པའི་བསམ་བློ་འཁོར་གྱི་ཡོད། དཔེར་ན། ངས་ཁྱེད་རང་ལ་ཡག་པོ་བྱེད་ཀྱི་ཡོད་པས་དེའི་དོད་དུ་ཁྱེད་རང་གིས་ང་ལ་བརྩེ་བ་སྤྲོད་ངེས། ངས་ཁྱེད་རང་ལ་ལག་རྟགས་ཡག་པོ་ཞིག་ཉོས་པ་ཡིན། དེར་བརྟེན་ད་ལྟ་ཁྱེད་རང་གིས་ང་ལ་བརྩེ་བ་མི་སྤྲོད་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་པ་ལྟ་བུའི་བསམ་བློ་དང་ལྷན་དུ་ང་ཚོར་སོ་སོའི་ལས་དང་སྤྱོད་ཚུལ་ལ་མི་སྲིད་པའི་མཇུག་འབྲས་ཤིག་འོང་བའི་སྣང་བ་འཆར་གྱི་ཡོད་པའམ། དེ་དག་གི་མཇུག་འབྲས་འོང་སྲིད་པ་ལས་ལྷག་པའི་མཇུག་འབྲས་ཞིག་འོང་རྒྱུར་སེམས་བཞིན་དུ་ང་ཚོས་དེ་དག་རྒྱ་ཆེ་རུ་གཏོང་གི་ཡོད། ད་དུང་ང་ཚོའི་སེམས་ལ་བྱ་དངོས་ཁ་ཤས་ཀྱིས་འབྲས་བུ་རིགས་གཅིག་ཁོ་ན་འོང་སྲིད་པའི་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་དོན་དངོས་སུ་དེ་དག་དེའི་ཕྱོགས་འགལ་ཏག་ཏག་འོང་གི་ཡོད་པ་རེད། དཔེར་ན། ང་ཚོར་སྐྱིད་པོ་བྱེད་འདོད་ཡོད་པས་ང་ཚོའི་སེམས་ལ་སྐྱིད་པོ་འོང་བའི་ཐབས་ལམ་ནི་དུས་རྟག་ཏུ་ར་བཟི་ནས་སྡོད་རྒྱུ་ཡིན་པའི་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་དེས་བདེ་བ་འོང་རྒྱུ་ལས་ལྡོག་པའི་དཀའ་ངལ་དེ་བས་མང་བ་སྐྲུན་གྱི་ཡོད་པ་ཡིན་ནོ། །

ང་ཚོ་རྨོངས་ཚུལ་གཞན་ཞིག་ནི་ང་ཚོ་ཇི་ལྟར་གནས་པ་དང་། གཞན་ཇི་ལྟར་གནས་པ། འཛམ་གླིང་ཇི་ལྟར་གནས་པ་དེ་ཡིན། དཔེར་ན། ང་ཚོ་ལོ་ན་རྒ་བ་དང་ན་བའི་སྐབས་སྡུག་བསྔལ་མྱོང་བ་དང་སྐྱིད་པོ་འོང་གི་མེད། འོན་ཀྱང་མིའི་རིགས་ཤིག་ཡིན་པའི་ཆ་ནས་ང་ཚོས་རེ་བ་གཞན་ཅི་ཞིག་བྱེད་ཀྱི་ཡོད་དམ། ང་ཚོ་ལོ་ན་གཞོན་པའི་དུས་མ་ཤི་ཚེ་མིའི་རིགས་ནི་ན་བ་དང་ལོ་ན་རྒ་ཡི་ཡོད། དེ་ནི་ཧང་སངས་ཧོན་ཐོར་དགོས་པའི་གནས་ཚུལ་མིན། མེ་ལོང་ནང་ནས་སོ་སོའི་མགོ་ལ་སྐྲ་དཀར་མཐོང་འགོ་ཚུགས་པའི་སྐབས་ང་ཚོ་སྐྱིད་པོ་མེད་པ་དང་དེ་ལ་ཧང་སངས་སངས་བྱེད་ཀྱི་ཡོད་ཅིང་། འདི་ནི་དོན་དངོས་དང་མཐུན་པ་ཞིག་མིན་པ་དང་འཛམ་གླིང་ཇི་ལྟར་གནས་ཡོད་པ་དང་ང་ཚོ་ཇི་ལྟར་གནས་ཡོད་པའི་ཚུལ་ལ་རྨོངས་པའོ། །

ང་ཚོར་ལོ་ན་རྒ་བཞིན་པར་དཀའ་ངལ་ཡོད་པའི་དབང་དུ་བཏང་ན། དེ་ལ་རྨོངས་པའི་རྒྱུ་མཚན་གྱིས་ང་ཚོས་དོན་དངོས་ཁས་ལེན་མི་ཐུབ་པར་ཉོན་མོངས་པའི་གཞན་དབང་དུ་འགྱུར་ནས་ངན་ཕྱོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད། དཔེར་ན། གཞོན་སོ་དོད་པོ་དང་ཡིད་འཕྲོག་པོ་འོང་བའི་ཐབས་ཤེས་སྣ་ཚོགས་བྱེད་བཞིན་དུ་སོ་སོར་བདེ་འཇགས་འོང་བར་ང་ཚོས་རེ་བ་བྱེད་པའི་བྱ་དངོས་རྣམས་སྒྲུབ་ཐབས་ཀྱི་འདུན་པ་ཤུགས་དྲག་དང་བཅས་བྱ་བ་བྱེད་ཀྱི་ཡོད། གཞན་གྱི་དོ་སྣང་དང་བརྩེ་བ། དམིགས་བསལ་དུ་ང་ཚོས་ཡིད་འཕྲོག་པོ་མཐོང་བའི་ལོ་གཞོན་རྣམས་ཀྱི་དོ་སྣང་དང་བརྩེ་བ་འཐོབ་ཐབས་བྱེད་པ་ལྟ་བུའོ། ནད་རྟགས་ (syndrome) དེ་དག་གི་རྒྱབ་ཏུ་རང་ཉིད་འཛམ་གླིང་འདིའི་ནང་གལ་ཆེ་ཤོས་ཀྱི་མི་སྣ་ཞིག་སྟེ། རང་ཉིད་སའི་གོ་ལའི་ལྟེ་བ་ཡིན་པའི་རྨོངས་པ་ཞིག་རྒྱུན་དུ་གནས་ཡོད། དེ་ལ་བརྟེན་ནས་མི་ཚང་མས་རང་ཉིད་ལ་དོ་སྣང་སྤྲོད་དགོས་པ་དང། རང་ཉིད་ཕྱི་ཚུལ་གྱི་རྣམ་པ་གང་འདྲ་ཡོད་མེད་ལ་མ་ལྟོས་པར་ཚང་མས་རང་ཉིད་ཡིད་དབང་འཕྲོག་པོ་མཐོང་བ་དང་དགའ་པོ་བྱེད་དགོས་པར་སེམས་ཀྱི་ཡོད། གལ་ཏེ་གཞན་ཞིག་གིས་རང་ཉིད་ཡིད་དབང་འཕྲོག་པོ་མི་མཐོང་བ་དང་དགའ་པོ་མ་བྱས་ཚེ། དེས་ང་ཚོ་སེམས་མི་སྐྱིད་པ་བཟོ་གི་ཡོད། གལ་ཏེ་གཞན་གྱིས་རང་ཉིད་ལ་སྣང་མེད་བཏང་བ་སྟེ། ང་ཚོར་གཞན་གྱིས་སོ་སོ་ཡིད་དབང་འཕྲོག་པོ་མཐོང་འདོད་ཡོད་པའི་སྐབས་ཕྱིའི་རྣམ་འགྱུར་ཐོག་ནས་མིན་ནའང་བྱེད་སྟངས་གཞན་ཞིག་གི་ཐོག་ནས་ཁོང་ཚོས་སོ་སོར་དོ་སྣང་མ་སྤྲད་ཚེ། དེས་ང་ཚོར་དེ་བས་སེམས་མི་སྐྱིད་པ་བཟོ་གི་ཡོད། འོན་ཀྱང་སྟོན་པ་ཤཱཀྱ་མུ་ནི་ལྟ་བུར་མི་ཚང་མས་དགའ་པོ་བྱེད་ཀྱི་མེད་ན་རང་ཉིད་ལ་མི་ཚང་མས་དགའ་པོ་བྱེད་རྒྱུའི་རེ་བ་ཅི་ཞིག་ཡོད། བྱེད་མི་ཉན་པའོ། །

མི་ཚང་མས་སོ་སོར་དགའ་པོ་བྱེད་རྒྱུའི་ང་ཚོའི་རེ་འདོད་དེ་ནི་དོན་དངོས་དང་མི་མཐུན་པའི་རེ་བ་ཞིག་རེད། དེ་ནི་དོན་དངོས་མིན། དེ་ནི་གཞན་གྱིས་ངེས་པར་དུ་རང་ཉིད་ཡིད་དབང་འཕྲོག་པོ་དང་སོ་སོར་དོ་སྣང་སྤྲོད་དགོས་པའི་རྨོངས་པ་དང་། འཐོབ་རེ། འདོད་ཆགས་བཅས་གཞི་རྩར་བྱས་པ་ཞིག་ཡིན། དེའི་འོག་དུ་ཉོན་མོངས་པའི་རང་བཞིན་གནས་ཡོད། ང་ཚོའི་སེམས་ལ་སོ་སོ་གལ་ཆེ་ཤོས་དང་བརྩེ་ཤོས་ཏེ། ཚང་མས་དགའ་པོ་བྱེད་དགོས་པའི་བསམ་བློ་འཁོར་གྱི་ཡོད་པས་གལ་ཏེ་ཁོའམ་མོས་རང་ཉིད་ལ་དགའ་པོ་མ་བྱས་ཚེ་མི་དེ་ལ་སྐྱོན་ཞིག་ཡོད་པར་སེམས། ཡང་ན་དེ་ལས་ཐབས་སྡུག་པ་ཞིག་ནི། མི་གཞན་དེས་རང་ཉིད་ལ་མི་དགའ་བ་བྱེད་པའི་སྐྱོན་ཞིག་སོ་སོར་ཡོད་པའི་དོགས་པ་བྱེད་འགོ་ཚུགས་པར་བརྟེན་ང་ཚོར་མི་སྐྱིད་པ་དང་ནག་ཉེས་ཚོར་གྱི་ཡོད། དེ་ནི་བྱིས་བློའི་རང་བཞིན་ནོ། །

གནད་དོན་གཙོ་བོ་ནི་ང་ཚོ་རང་ཉིད་ཀྱི་ཐོག་ཏུ་བརྟག་ཞིབ་བྱེད་དགོས་པ་དེ་ཡིན། དེ་ནི་དམ་པའི་ཆོས་ཀྱི་དགོས་དོན་ཡིན། གནས་སྟངས་ཅི་ཞིག་འཕྲད་ཡོད་མེད་ལ་མ་ལྟོས་པར་ང་ཚོར་དཀའ་ངལ་ཡོད་ནའང་འདྲ། བདེ་འཇགས་མེད་པ་ཚོར་ནའང་འདྲ། གང་ལྟར་ཡང་ང་ཚོས་ཅི་ཞིག་བྱེད་ཀྱི་ཡོད་མེད་ཁ་ནང་དུ་ཕྱོགས་ནས་བརྟག་དཔྱད་བྱེད་དགོས། རང་ཉིད་ལ་སྐྱེ་བཞིན་པའི་ཉོན་མོངས་པའི་སེམས་དེ་དག་གི་རྒྱབ་ཏུ་རྨོངས་པ་གང་དུ་ཡོད་མེད་འཚོལ་དགོས། དེ་ལྟ་ནའང། གལ་ཏེ་ང་ཚོས་དཀའ་ངལ་འཕྲད་པའི་སོ་སོའི་འབྲེལ་ལམ་ལ་བརྟག་བཞིན་པའི་སྐབས་རྨོངས་པ་ཡོད་པ་དེ་ང་ཚོ་གཅིག་པུ་མིན་པ་ཡང་ཤེས་དགོས་པ་ཡིན། མི་གཞན་ལའང་རྨོངས་པ་དེ་ཡོད་པ་གསལ་པོ་རེད། གྲུབ་དོན་ནི། གང་ཟག་གཞན་དེས་འགྱུར་བ་གཏོང་དགོས་ཤིང། རང་ཉིད་ཀྱིས་གང་བྱེད་བཞིན་པ་ཐམས་ཅད་འགྲིག་པ་དང་ཡང་དག་པ་ཡིན་པས་གཞན་དེས་འགྱུར་བ་གཏོང་དགོས་ཞེས་ང་ཚོས་བརྗོད་མི་ཉན། ཕྱོགས་གཞན་ཞིག་ནས་ང་ཚོས་འགྱུར་བ་གཏོང་དགོས་པ་དེ་རང་ཉིད་གཅིག་པུ་ཡིན་ཞེས་ཀྱང་མི་བརྗོད། གང་ལ་ཞེ་ན། དེ་འདྲ་བཤད་ན་རང་ཉིད་བློས་གཏོང་གིས་གཞན་ལས་བསྟུན་མཁས་བྱས་ལྟ་བུར་འགྱུར་གྱི་ཡོད། སྤྱིར་གང་ཟག་གཞན་དེ་ཉན་འཇོག་བྱེད་མཁན་ཞིག་དགོས་པ་སྨོས་མེད་དུ་སོང་ནའང། ང་ཚོས་གུ་ཡངས་པོའི་ཐོག་ནས་གང་ཟག་གཞན་དང་ལྷན་དུ་གྲོས་མོལ་བྱེད་དགོས། ང་ཚོས་ཕྱོགས་གཉི་ག་རྨོངས་ཡོད་པ་དེ་ངོས་ལེན་བྱེད་དགོས་པ་ཡིན། ང་ཚོ་ཕྱོགས་གཉི་གར་འབྲེལ་ལམ་ནང་ཅི་ཞིག་འབྱུང་བཞིན་པར་གཉི་གས་གོ་བ་ཇི་ལྟར་ལེན་པའི་ཐད་ལ་དཀའ་ངལ་ཞིག་ཡོད་པ་རེད། དེར་བརྟེན་ང་ཚོ་ཕྱོགས་གཉི་གའི་རྨོངས་པ་སེལ་དགོས། དེ་ནི་དོན་དངོས་དང་མཐུན་ཤོས་དང་དམ་པའི་ཆོས་ཀྱི་ལམ་གྱི་འགྲོ་ལུགས་ལྟར་བྱེད་པ་ཞིག་ཡིན།

དམ་ཆོས་ཉམས་ལེན་གྱི་སྔོན་དུ་དེའི་དོན་རྟོགས་པ།

ནང་ཆོས་ཉམས་ལེན་ལ་རིགས་འདྲ་མིན་མང་པོ་ཡོད། སྒྱུ་མ་སྟོན་སྟངས་སྦྱོང་བ་བཞིན་ཆོས་བྱེད་ཚུལ་ལ་ལམ་སྟོན་འཐོབ་པ་ཙམ་གྱིས་ཆ་ལག་ཡོངས་སུ་རྫོགས་པ་མིན། ཉམས་ལེན་ཅི་ཞིག་ཡིན་ནའང་དེས་ང་ཚོའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཇི་ལྟར་འོང་ཚུལ་ལ་ཤེས་རྟོགས་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ། ང་ཚོས་ཉམས་ལེན་བྱེད་པའི་དུས་དང་ཇི་ལྟར་བྱེད་ཚུལ་ཙམ་མ་ཟད། ད་དུང་དེའི་རྒྱབ་ཀྱི་ཚོད་དཔག་རྣམས་ཀྱང་ཤེས་དགོས་པ་ཡིན། འདིའི་དོན་ནི་ཉམས་ལེན་ཚད་མཐོ་པོ་ནས་འགོ་འཛུགས་མི་བྱེད་པ་དེ་ཡིན། ང་ཚོས་གནས་རིམ་དང་པོ་ནས་འགོ་འཛུགས་ཀྱིས་རྨང་གཞི་འདིང་བས་དམ་ཆོས་ཀྱི་བསྟན་པའི་གོ་རིམ་ཇི་ལྟར་བསྒྲིགས་ཡོད་པ་ལས་ཉམས་ལེན་ཅི་ཡང་རུང་བར་གང་ཞིག་འབྱུང་བཞིན་ཡོད་པ་ང་ཚོས་ཤེས་སོ། །

གལ་ཏེ་ཁྱེད་རང་ལ་སྨན་སྤྲད་ན་དེ་གཏོང་དགོས་པ་ཙམ་ལས་དེས་ཇི་ལྟར་ཕན་ཚུལ་མ་དྲིས་ཞེས་བརྗོད་པའི་གསུང་ཆོས་ང་ཚོས་ཀློག་གི་ཡོད་པ་ནི་བདེན་པ་ཡིན། དེ་ནི་བསླབ་བྱའི་ཆ་ཤས་ཡག་པོ་ཞིག་ཡིན་ནའང། ང་ཚོས་དེའི་མཐར་ལྷུང་བའི་ཉེས་དམིགས་རྣམས་ཤེས་རྟོགས་བྱེད་དགོས། མཐའ་ནི་སློབ་སྦྱོང་བྱེད་པ་ཙམ་དང་ཆོས་ཀྱི་དོན་རྟོགས་ཐབས་བྱེད་པ་ཙམ་ལས་ང་ཚོས་ཅི་ཞིག་སྦྱངས་པ་རྣམས་ནམ་ཡང་ཉམས་ལེན་གྱི་ཐོག་ཏུ་མི་འགེལ་བ་དེ་ཡིན། ང་ཚོར་མཐའ་སྤོང་འདོད་ཡོད། དེ་ལྟ་ནའང། མཐའ་གཞན་ཞིག་ཀྱང་ཡོད་པས་ང་ཚོས་དེ་གཅིག་ཤོས་དང་མཚུངས་པར་སྤོང་དགོས། ང་ཚོས་ཉམས་ལེན་ཞིག་དང་འབྲེལ་བའི་དམ་ཆོས་ཀྱི་ལམ་སྟོན་ཁ་ཤས་ཐོས་པའི་དུས་རྨོངས་དད་དང་འབྲེལ་ནས་སོ་སོས་ཅི་ཞིག་བྱེད་བཞིན་ཡོད་པའམ་དེའི་རྒྱུ་མཚན་ཤེས་རྟོགས་གང་ཡང་མེད་པར་དེ་བྱེད་ཀྱིན་ཡོད་པ་རེད། མཐར་ལྷུང་བ་ལས་བྱུང་བའི་དཀའ་ངལ་གཙོ་བོ་ནི་ཉིན་རིའི་འཚོ་བའི་ནང་ཉམས་ལེན་ཇི་ལྟར་འགེལ་དགོས་པ་ང་ཚོས་ནམ་ཡང་དངོས་སུ་ཤེས་ཀྱི་མེད་པ་དེ་ཡིན། གལ་ཏེ་ང་ཚོས་ཉམས་ལེན་གང་ཡང་རུང་བའི་རྒྱབ་ཀྱི་གནད་དོན་ཤེས་རྟོགས་བྱུང་བ་སྟེ། དེའི་བྱེད་ལས་ཀྱི་ཚུལ་དང་དེའི་དགོས་དོན་གང་ཡིན་ཤེས་ཚེ། དེས་ན་ང་ཚོར་ཉིན་རེའི་འཚོ་བའི་ནང་ཉམས་ལེན་ཇི་ལྟར་འགེལ་དགོས་མིན་སློབ་མཁན་གྱི་གང་ཟག་གཞན་ཞིག་མི་དགོས། ང་ཚོར་ཤེས་རྟོགས་ཡོད་པས་ང་ཚོ་སོ་སོས་ཉམས་ལེན་ཇི་ལྟར་བྱེད་དགོས་པ་ཤེས་པ་ཡིན་ནོ། །

ང་ཚོས་སོ་སོའི་དཀའ་ངལ་སེལ་བའི་སྐོར་ལ་སྐད་ཆ་ཤོད་དུས་སོ་སོ་སྒེར་གྱི་དཀའ་ངལ་སེལ་བའི་སྐོར་ལ་སྐད་ཆ་ཤོད་པ་ཙམ་མིན་པར་ད་དུང་ང་ཚོར་གཞན་ལ་ཕན་འདོགས་བྱེད་རྒྱུར་དཀའ་ངལ་ཡོད་པ་དེ་སེལ་རྒྱུའི་སྐོར་ལ་སྐད་ཆ་ཤོད་བཞིན་ཡོད། ལེ་ལོ་དང་རང་གཅེས་འཛིན་ལ་བརྟེན་ནས་སམ། ལས་འབྲེལ་ཆེ་བའི་དབང་གིས་རང་ཉིད་ལ་གཞན་ལ་ཕན་འདོགས་བྱེད་རྒྱུར་དཀའ་ངལ་ཡོད་ཅེས་ཟེར་བའམ། ཡང་ན། ངས་ཁྱེད་རང་གི་དཀའ་ངལ་གང་ཡིན་ཤེས་ཀྱི་མེད་པས་རོགས་རམ་ཅི་ཞིག་བྱེད་དགོས་པ་ཤེས་ཀྱི་མིན་འདུག་ཅེས་ཟེར། གཞན་ལ་ཕན་འདོགས་བྱེད་རྒྱུར་འཕྲད་པའི་དཀའ་ངལ་དེ་དག་ཚང་མ་རྨོངས་པ་ལས་བྱུང་བ་ཡིན། དཔེར་ན། རང་ཉིད་དཀོན་མཆོག་ལྟ་བུ་ཞིག་ཏུ་བརྩིས་ཏེ་རང་ཉིད་ཀྱིས་བྱེད་དགོས་པ་གཅིག་པུ་ནི་གཞན་དེའི་དཀའ་ངལ་ཡོངས་རྫོགས་སེལ་རྒྱུ་དེ་ཡིན་ཞིང་། གལ་ཏེ་དེས་གཞན་དེའི་དཀའ་ངལ་ཚང་མ་མི་སེལ་ཚེ། གཞན་དེར་ནོར་འཁྲུལ་ཞིག་ཡོད། གཞན་དེས་དེ་ཡག་པོ་བྱས་མེད་པས་གཞན་དེའི་ནག་ཉེས་ཡིན་ཞེས་སེམས་པའི་རྨོངས་པ་ཞིག་གམ། ཡང་ན། རང་ཉིད་ཀྱི་ནག་ཉེས་ཡིན། གང་ལ་ཞེ་ན། རང་ཉིད་ཀྱིས་གཞན་དེའི་དཀའ་ངལ་སེལ་ཐུབ་ངེས་ཀྱང་དེ་ལྟར་བྱས་མེད། དེར་བརྟེན་རང་ཉིད་ཀྱིས་འགྲིག་མེད་སེམས་པའི་རྨོངས་པ་ཞིག་ཡོད་པ་རེད། འདིར་ཡང་དེ་ནི་རྒྱུ་དང་འབྲས་བུར་རྨོངས་པ་ཡིན།

དམ་པའི་ཆོས་ལ་ཡིད་ཆེས་བརྟན་པོ།

གནད་དོན་གཞན་ཞིག་ནི་དབང་རྩ་འཁྲུག་པ་ (neurotic) ལྟ་བུ་མིན་པར་ཉིན་རེའི་འཚོ་བའི་ནང་ཕན་ནུས་ལྡན་པའི་ཐོག་ནས་དམ་ཆོས་ཉམས་ལེན་ཐུབ་པ་དགོས་ཤིང་། ང་ཚོར་ད་དུང་དམ་ཆོས་ཀྱིས་སོ་སོའི་དཀའ་ངལ་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་དགོས་པ་ཡིན། ང་ཚོས་རྨང་གཞིའི་ནང་པའི་ཐབས་ལམ་དེས་སོ་སོའི་རྨོངས་པ་སེལ་ཐུབ་པའི་ཡིད་ཆེས་ངེས་པར་དུ་བསླེབ་པ་དགོས། ཆོས་གང་ཞིག་ལ་གཉེན་པོ་བརྟེན་པར་བྱེད་པ་ལ་ང་ཚོས་དེ་གང་ལས་བྱུང་བའི་རྒྱུ་སྤོང་དགོས། འོན་ཀྱང་ང་ཚོའི་རྨོངས་པ་ཡོངས་རྫོགས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་སྤོང་ཐུབ་པའི་ཡིད་ཆེས་གཏིང་ཚུགས་པ་དང་བརྟན་པོ་ཞིག་བསླེབ་དཀའ་བ་སྨོས་མེད་དང་། མ་ཟད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་ཐུབ་པའི་ཡིད་ཆེས་བརྟན་པོ་ཞིག་བསླེབ་པར་དཀའ། ཐར་པ་དང་ཐམས་ཅད་མཁྱེན་པ་གང་ཡིན་པ་ཡང་ང་ཚོས་དངོས་སུ་མ་ཤེས་པའི་སྐབས་སུ་དེ་ལ་ཡིད་ཆེས་བསླེབ་རྒྱུ་དམིགས་བསལ་གྱི་དཀའ་བའོ། དེར་བརྟེན་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་སྲིད་པའམ་མི་སྲིད་པའི་ཆ་འཇོག་ཇི་ལྟར་བྱེད་དགོས་སམ། གལ་ཏེ་ང་ཚོར་ཐར་པ་དང་ཐམས་ཅད་མཁྱེན་པ་སྲིད་པའི་བློ་མི་ཤར་ཚེ། ཆོས་དེ་ཡོད་པའི་བློ་ཙམ་ཡང་ང་ཚོར་མེད་པར་དེ་འཐོབ་རྒྱུར་དམིགས་པ་ནི་ཚུལ་འཆོས་ཙམ་ཞིག་མ་ཡིན་ནམ། དེས་ན་དེ་ང་ཚོས་རྩེ་བཞིན་པའི་སྨྱོན་པའི་རྩེད་མོ་ལྟ་བུར་འགྱུར་བ་ཡིན་ཞིང། ང་ཚོའི་དམ་ཆོས་ཉམས་ལེན་དེ་བཞིན་ངོ་མ་ཆགས་ཀྱི་མེད།

ང་ཚོར་དངོས་སུ་ཡིད་ཆེས་བསླེབ་པ་དགོས་པ་དང། དེ་ལ་སློབ་སྦྱོང་དང་ཤེས་རྟོགས། དེ་བཞིན་བསམ་བློ་གཏིང་རིང་པོ་དང་སྒོམ་གྲུབ་ཧ་ཅང་མང་པོ་ཞིག་དགོས་པ་ཡིན། ང་ཚོར་ཐར་པ་དང་ཐམས་ཅད་མཁྱེན་པ་སྲིད་པ་ཙམ་མ་ཟད། ད་དུང་སོ་སོ་རང་ཉིད་ཀྱིས་དེ་དག་འཐོབ་སྲིད་པའི་ཡིད་ཆེས་ངེས་པར་དུ་བསླེབ་དགོས། དེ་ཤཱཀྱ་མུ་ནི་ཁོང་གཅིག་པུར་སྲིད་པ་ཙམ་མ་གཏོགས་རང་ཉིད་ཀྱི་བྱེད་མི་ཐུབ་པ་ཞིག་མ་ཡིན། འོན་ཀྱང་དེ་ལས་ལྡོག་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རང་ཉིད་ཀྱིས་བརྙེས་ཐུབ་སྲིད་པ་དང། གང་ཟག་ཚང་མས་ཀྱང་བརྙེས་ཐུབ་སྲིད་པ་ཡིན། ང་ཚོས་སོ་སོའི་རྨོངས་པ་སེལ་རྒྱུར་ཅི་ཞིག་བྱེད་དགོས་པ་རྟོགས་དགོས། ང་ཚོ་དེ་ལས་དངོས་སུ་ཅི་ཞིག་གིས་སེལ་བར་བྱེད་དམ། ང་ཚོའི་རྨོངས་པ་དངོས་སུ་འཇོམས་བྱེད་ནི་ཡང་དག་པའི་རྟོགས་པ་ཡིན་པ་དང། དེར་བརྟེན་ང་ཚོས་ཡང་དག་པའི་རྟོགས་པས་རྨོངས་པའི་གཉེན་པོ་བསྟེན་པ་དང་འཇོམས་པར་བྱས་ཏེ་དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ཐུབ་པའི་ཚུལ་རྣམས་རྟོགས་དགོས། དེ་དག་ཚང་མའི་མཇུག་འབྲས་སུ། ང་ཚོས་ཉིན་རེའི་འཚོ་བའི་ནང་གི་དམ་ཆོས་ཉམས་ལེན་གྱི་བྱེད་ལས་ངོ་མ་སྟེ། དེས་ང་ཚོའི་མི་ཚེའི་ནང་སོ་སོའི་དཀའ་ངལ་དང་། རྨོངས་པ། དཀའ་སྡུག་རྣམས་ལ་དུས་ནས་དུས་སུ་གདོང་ལེན་བྱེད་ཀྱིན་ཡོད་པ་དག་མཐོང་བ་ཡིན་ནོ། །

དམ་ཆོས་ཉམས་ལེན་ལ་ཁ་ནང་ལྟས་ཀྱི་དཔྱད་པ་ངེས་པར་དགོས།

མི་ཚེའི་དུས་ཚོད་ཡོལ་ཏེ། དབེན་པའི་སྒོམ་ཁང་ཡག་པོ་ཞིག་ཏུ་འགྲོ་བའམ། མ་ཟད་སོ་སོའི་ཉལ་ཁང་གི་ནང་དུ་སྡོད་པ་དང་། སྒོམ་གདན་ཞིག་གི་སྟེང་དུ་བསྡད་ནས་སོ་སོའི་མི་ཚེར་གདོང་ལེན་བྱེད་རྒྱུར་གཡོལ་བ་ཙམ་ནི་དམ་ཆོས་ཉམས་ལེན་ག་ལ་ཡིན། གཞན་ ༼དཀའ་ངལ་༽ ལས་གཡོལ་རྒྱུ་ནི་དམ་ཆོས་ཉམས་ལེན་གྱི་དམིགས་ཡུལ་མིན། ང་ཚོས་གནས་དབེན་པ་ཞིག་ལ་སྒོམ་གྲུབ་བྱེད་པར་འགྲོ་དུས་མི་ཚེའི་ནང་གི་སོ་སོའི་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་དགོས་པའི་རིག་རྩལ་གསོག་པའི་དོན་དུ་འགྲོ་གི་ཡོད་པ་རེད། དམིགས་ཡུལ་གཙོ་བོ་ནི་མི་ཚེ་ཡིན་པ་རེད། རྒྱལ་སྤྱིའི་རྩེད་འགྲན་ནང་རྟགས་མ་འཐོབ་ཆེད་དུ་སྒོམ་གདན་སྟེང་དུ་སྒོམ་བརྒྱབ་ནས་སྡོད་པའི་དམིགས་གཏད་མིན། ཆོས་ཀྱི་ཉམས་ལེན་ནི་མི་ཚེའི་ནང་ཆོས་ཉམས་སུ་ལེན་པ་དེ་ཡིན།

མ་ཟད་ཆོས་ཉམས་ལེན་ནི་ཁ་ནང་ལྟས་ཀྱི་དཔྱད་པ་ཡིན (introspective) ། དེ་དང་ལྷན་དུ་ང་ཚོས་སོ་སོའི་སེམས་ཀྱི་གནས་སྐབས་དང། ཀུན་སློང། བསམ་ཕྱོགས། རྒྱ་ཡན་དུ་ཤོར་བའི་སྤྱོད་པ་རྣམས་ལ་བྱ་ར་བྱ་ཐབས་བྱེད་ཀྱི་ཡོད། ང་ཚོས་དམིགས་བསལ་དུ་ཉོན་མོངས་པའི་རིགས་རྣམས་ལ་བྱ་ར་བྱེད་དགོས། ཉོན་མོངས་པའི་སེམས་ཀྱི་ཁྱད་ཆོས་ཀྱི་དོན་ནི་དེ་མངོན་དུ་འགྱུར་བའི་སྐབས་དེས་རང་ངམ་གཞན་མི་སྐྱིད་པ་ཚོར་དུ་འཇུག་གི་ཡོད། ང་ཚོའི་སེམས་ཀྱི་ཞི་བདེ་བརླག་ནས་སྟངས་འཛིན་མི་ཐུབ་པར་འགྱུར། འདི་ནི་ཕན་ཐོགས་ཤིན་ཏུ་ཆེ་བའི་འགྲེལ་པ་ཞིག་ཡིན། རྒྱུ་མཚན་ནི་དེ་ཤེས་པས་ང་ཚོར་སོ་སོ་ཉོན་མོངས་ཀྱི་ཤུགས་རྐྱེན་འོག་བྱ་སྤྱོད་སྤེལ་བཞིན་ཡོད་པའི་སྐབས་ཤེས་རྟོགས་འོང་རྒྱུར་ཕན་ཐོགས་ཡོད། གལ་ཏེ་ང་ཚོ་མི་སྐྱིད་པ་ཚོར་ན་ང་ཚོས་སོ་སོའི་སེམས་ཀྱི་ནང་གནོད་པ་ཅན་ཞིག་འགྲོ་བཞིན་ཡོད་པ་ཤེས་ཐུབ། དེ་འདྲའི་སྐབས་སུ་ང་ཚོས་སེམས་ནང་ཅི་ཞིག་འགྲོ་བཞིན་ཡོད་པར་བརྟག་དཔྱད་ཀྱིས་གཉེན་པོ་བསྟེན་ནས་བཅོས་དགོས་པ་ཡིན།

དེ་ལ་ངེས་པར་དུ་དགོས་པ་ནི་ང་ཚོའི་ནང་དུ་ཅི་ཞིག་འགྲོ་བཞིན་ཡོད་པར་ཚོར་བ་ཤིན་ཏུ་རྣོན་པོར་འགྱུར་བ་དེ་ཡིན་པ་དང། གལ་ཏེ་ང་ཚོས་དེ་གནོད་པ་ཅན་དུ་མཐོང་ཚེ། སོ་སོའི་སེམས་ཀྱི་གནས་སྐབས་ལ་འགྱུར་བ་གཏོང་བའི་དོན་དུ་གང་ཡང་རུང་བ་ཞིག་བྱེད་པར་ང་ཚོས་གནོད་པ་བྱེད་པ་དང་གནོད་པ་བྱེད་པའི་ལམ་ནས་བྱ་སྤྱོད་སྤེལ་ཚེ་དེས་རང་གཞན་གཉི་གར་སྡུག་བསྔལ་མང་པོ་ཞིག་བསྐྲུན་ངེས་པའི་ཤེས་རྟོགས་ངེས་པར་དུ་དགོས་པ་ཡིན། ང་ཚོར་སྡུག་བསྔལ་དེ་དག་དགོས་ཀྱི་མེད་དེ། འདང་ངེས་བཞིན་པ་ཡོད་པའི་ཕྱིར་དང། གལ་ཏེ་ང་ཚོར་མི་སྐྱིད་པ་ཡོད་ན། ང་ཚོས་གཞན་ལ་ཕན་ཐོགས་ཇི་ལྟར་བྱེད་ཐུབ་བམ།

འཁྱུག་བདེ།

ཆོས་ཉམས་ལེན་ལ་ད་དུང་མི་མཐུན་པའི་ཕྱོགས་གཅིག་གམ་གཉིས་ཙམ་མིན་པར་འདྲ་མིན་མང་པོར་གོམས་འདྲིས་ངེས་པར་དུ་དགོས། ང་ཚོའི་མི་ཚེ་ནི་རྙོག་འཛིང་ཆེན་པོ་ཡིན་པས་གཉེན་པོ་གཅིག་གིས་རྟག་ཏུ་དོན་འགྲུབ་མི་ཐུབ། ཉམས་ལེན་ཁྱད་པར་བ་གཅིག་གིས་གནས་སྟངས་རེ་རེ་བར་ཕན་ནུས་ཆེ་ཤོས་འོང་མི་ཐུབ། ཉིན་རེའི་འཚོ་བའི་ནང་དངོས་སུ་ཉམས་ལེན་བྱེད་ཐུབ་པར་འཁྱུག་བདེ་ཁྱད་པར་དུ་འཕགས་པ་ཞིག་དང་ཐབས་ལམ་འདྲ་མིན་ངེས་པར་དུ་དགོས་པ་ཡིན། གལ་ཏེ་འདི་ལམ་ལྷོང་མ་བྱུང་ཚེ། དེ་ནས་ང་ཚོས་དེ་བྱེད་རྒྱུ་ཡིན། གལ་ཏེ་དེ་ཡང་ལམ་ལྷོང་མ་བྱུང་ཚེ། ང་ཚོས་འདི་ཐབས་ཤེས་བྱེད་རྒྱུ་ཡིན་ཞེས་པ་ལྟ་བུའི་འཁྱུག་བདེ་དང་ཐབས་ལམ་དགོས་སོ། །

བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་གསེར་ཀོང་མཚན་ཞབས་རིན་པོ་ཆེས་རྒྱུན་དུ་གསུང་གསལ་ལ། ཁྱེད་རང་མི་ཚེའི་ནང་གང་ཞིག་བྱེད་རྒྱུའི་འབད་རྩོལ་བསྟེན་བཞིན་པའི་སྐབས་རྟག་ཏུ་འདམ་ཀ་ཅན་གྱི་འཆར་གཞི་གཉིས་གསུམ་དགོས། དེས་ན་འཆར་གཞི་དང་པོ་ལམ་ལྷོང་མ་བྱུང་ཚེ། ཁྱེད་རང་གིས་དེ་བློས་གཏོང་མི་བྱེད། དེའི་རྒྱུ་མཚན་ནི་ཁྱེད་རང་ལ་རྒྱབ་རྟེན་གྱི་འཆར་གཞི་གཉིས་པ་དང་གསུམ་པ་ཡོད་པས་ཡིན་ཞེས་གསུངས། མཐའ་མར་དེའི་ནང་ནས་གཅིག་ལམ་ལྷོང་འོང་བ་ཡིན། དེ་ནི་ངས་ཕན་ཐོགས་ཤིན་ཏུ་ཆེ་བའི་བསླབ་བྱ་ཞིག་ཏུ་མཐོང་སོང། ཆོས་ཀྱི་བྱ་བའི་སྐབས་སུའང་གནས་སྟངས་གཅིག་པ་ཡིན། གལ་ཏེ་གནས་སྟངས་ཁྱད་པར་བ་ཁ་ཤས་ཀྱི་འོག་ཐབས་ལམ་དང་པོ་ལམ་ལྷོང་མ་བྱུང་ཚེ། ང་ཚོར་རྟག་ཏུ་རྒྱབ་རྟེན་འཆར་གཞི་ཞིག་ཡོད་པ་རེད། ང་ཚོས་ཆོས་གཞན་གྱི་སྟེང་དུ་རིགས་འགྲེ་ཐུབ། དེ་དག་ནི་སློབ་སྦྱོང་སྟེ། ཐབས་ལམ་སྣ་ཚོགས་དང་སྒོམ་གྲུབ་སྦྱོང་བ་གཞི་རྩར་བྱས་པ་གསལ་པོ་ཡིན། དེ་ནི་ང་ཚོས་ལུས་སྦྱོང་བྱེད་པ་ལྟར་གྲ་སྒྲིག་གི་ཚུལ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་ཐབས་ལམ་དེ་དག་ལ་གོམས་པ་ཡོང་བའི་སྦྱོང་བརྡར་བྱེད་ཀྱི་ཡོད་པར་བརྟེན་དེ་དག་དགོས་མཁོའི་སྐབས་ཉིན་རེའི་འཚོ་བའི་ནང་དངོས་སུ་ལག་ལེན་བསྟར་ཐུབ། ཆོས་ཉམས་ལེན་དེ་བཞིན་དབྱིངས་ལས་ (hobby) ཤིག་ཏུ་མི་བལྟ་བར་དུས་རྟག་ཏུ་བྱེད་རྒྱུའི་དམ་བཅའ་ཡོད་པའི་གནས་ཤིག་ཏུ་བལྟ་བ་ངེས་པར་དུ་དགོས།

མཐའ་རྣམས་སྤོང་བ།

ང་ཚོས་སོ་སོའི་ཁྱིམ་ཚང་ནང་ཆོས་ཉམས་ལེན་ལག་བསྟར་བྱེད། ང་ཚོས་དེ་སོ་སོའི་ཕ་མ་དང། སོ་སོའི་བུ་ཕྲུག་དེ་བཞིན་ལས་ཀའི་སྐབས་ཀྱི་མི་རྣམས་དང་འབྲེལ་བ་བྱེད་དུས་ཉམས་སུ་ལེན་པ་ཡིན། དེ་འདྲ་བྱེད་པའི་ནང་ང་ཚོས་མཐའ་སྣ་ཚོགས་སྤོང་དགོས་ཀྱི་ཡོད། ང་ཚོས་འདི་ཏོག་ཙམ་ཞིག་གོང་དུ་བཤད་ཟིན་པ་རེད། ང་ཚོས་སོ་སོའི་དཀའ་ངལ་གྱི་ཁག་དཀྲི་གཞན་གྱི་ཐོག་ཏུ་འགེལ་བའམ་སོ་སོ་རང་ཉིད་ཀྱི་ཐོག་ཏུ་ཡོངས་རྫོགས་འགེལ་བའི་མཐའ་སྤོང་དགོས་པ་ཡིན། ཕྱོགས་གཉི་གས་རྐྱེན་སློང་བྱེད་ཀྱི་ཡོད། ང་ཚོས་གང་ཟག་གཞན་དེར་འགྱུར་བ་གཏོང་ཐབས་བྱེད་ཐུབ། འོན་ཀྱང་སོ་སོ་རང་ཉིད་ལ་འགྱུར་བ་གཏོང་རྒྱུ་དེ་ལས་སླ་ཤོས་ཡིན།

དེས་ན་རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ་དམིགས་གཏད་ཡིན། འོན་ཀྱང་དེ་ལྟར་བྱེད་བཞིན་པའི་སྐབས་ང་ཚོས་རང་གཅེས་འཛིན་གྱི་བསམ་བློར་གཡེང་བའི་མཐའ་སྤོང་ཐབས་བྱེད་དགོས། རང་ཁོ་ནར་གཡེང་བ་དང་ལྷན་དུ་ང་ཚོས་རྟག་ཏུ་སོ་སོ་རང་ཉིད་ལ་ལྟ་བ་དང་གཞན་སུ་གང་ལའང་དོ་སྣང་སྤྲོད་ཀྱི་མེད། འདིས་ང་ཚོ་སའི་གོ་ལའི་བསྟི་གནས་ཡིན་པ་དང་ང་ཚོའི་དཀའ་ངལ་རྣམས་འཛམ་གླིང་ནང་གལ་འགངས་ཆེ་ཤོས་ཡིན་པའི་ཚོར་སྣང་ལ་ཁ་སྣོན་བྱེད་ངེས། གཞན་སུ་གང་གི་དཀའ་ངལ་གལ་ཆེན་པོ་མིན་པར་མངོན།

མཐའ་གཞན་ཞིག་ནི་ང་ཚོ་ཚང་མ་སྡུག་ཅག་གམ་ང་ཚོ་ཚང་པོ་ཡག་པོ་ཡིན་པར་སེམས་པ་དེ་ཡིན། ང་ཚོས་སོ་སོའི་དཀའ་ངལ་གྱི་ཕྱོགས་ཏེ། བཅོས་དགོས་པའི་ཕྱོགས་དེ་ངོས་འཛིན་དགོས་པ་དངོས་བདེན་ཡིན་པ་རེད། འོན་ཀྱང་ང་ཚོས་སོ་སོའི་བཟང་ཕྱོགས་ཏེ། ལེགས་པའི་ཁྱད་ཆོས་ཀྱང་ངོས་འཛིན་དགོས་པས་དེ་ལ་བརྟེན་ནས་ང་ཚོས་དེ་དག་ཡར་རྒྱས་གོང་ནས་གོང་དུ་གཏོང་ཐུབ། ང་ཚོ་ནུབ་ཕྱོགས་པ་མང་པོ་ཞིག་ལ་རང་མཐོང་དམའ་པོ་ (low self-esteem) ཡོད་པ་རེད། གལ་ཏེ་ང་ཚོས་སོ་སོའི་དཀའ་ངལ་དང་རྨོངས་པར་བློ་རྩེ་གཏད་དྲགས་ན་དེས་ལས་སླ་པོའི་ཐོག་ནས་རང་མཐོང་དམའ་པོ་དེར་ཁ་སྣོན་བྱེད་ངེས། དེ་ནི་དམིགས་དོན་རྩ་བ་ནས་མིན་ནོ། །

སོ་སོའི་ཉོན་མོངས་པའི་སེམས་ལ་བྱ་ར་བྱེད་པ་དང་ཆབས་ཅིག་ང་ཚོས་སོ་སོའི་ཁྱད་ཆོས་ལེགས་པ་རྣམས་དྲན་པའི་ཐོག་ནས་བཏང་སྙོམས་སུ་གནས་པར་བྱེད་དགོས། གང་ཟག་སེམས་ངན་ཤོས་ཚོ་ལའང་ལས་བཟང་གི་ཉམས་མྱོང་ཁ་ཤས་ཡོད་པ་ཡིན། ཁོང་ཚོར་སོ་སོའི་པང་དུ་ཁྱི་ཕྲུག་གམ་ཞིམ་ཕྲུག་ཅིག་བཟུང་མྱོང་བ་དང། དེ་ལ་བརྩེ་སེམས་ཕྲན་བུ་ཡོད། ཧ་ལམ་གང་ཟག་ཚང་མར་མ་མཐར་ཡང་མྱོང་བ་དེ་ཡོད་པ་རེད། དེར་བརྟེན་ང་ཚོས་བརྩེ་སེམས་དེ་འདྲ་བ་ཞིག་བྱེད་ནུས་པ་ངོ་འཛིན་བྱེད་པ་དང། དེ་འདྲའི་ལམ་ནས་ང་ཚོས་སོ་སོའི་བཟང་ཕྱོགས་རྣམས་ཀྱང་མཐོང་བ་ཡིན། ཆོས་ཉམས་ལེན་ནི་སོ་སོའི་ངན་པའི་ཕྱོགས་ཀྱི་ཐོག་ཏུ་བཅོས་ཐབས་བྱེད་པ་ཙམ་མིན་པར་བཏང་སྙོམས་སུ་གནས་པར་བྱེད་དགོས། ང་ཚོས་སོ་སོའི་བཟང་ཕྱོགས་རྣམས་ལའང་ཁ་སྣོན་བྱེད་རྒྱུར་འབད་དགོས།

དེ་ལྟར་བྱེད་བཞིན་དུ་སོ་སོའི་སྐྱོན་ཆར་བྱ་ར་བྱེད་པ་དང་ཁྱད་ཆོས་བཟང་བ་རྣམས་ལ་བྱ་ར་བྱེད་པའི་དབར་ལ་ཆ་སྙོམས་པོ་ཞིག་རྒྱུན་གནས་འོང་བའི་འབད་བརྩོན་བྱེད་པའི་ནང་ང་ཚོས་རྟག་ཆད་ཀྱི་མཐའ་གཞན་ཞིག་སྤོང་དགོས། མཐའ་གཅིག་ནི། རང་ཉིད་སྡུག་ཅག་ཡིན་པ་དང། རང་གིས་ཉམས་ལེན་བྱེད་དགོས་ཀྱི་ཡོད་པ་དང་ཉམས་ལེན་བྱེད་བཞིན་མེད་པར་བརྟེན་རང་ཉིད་དེ་ལས་སྡུག་ཏུ་སོང་འདུག་སྙམ་པའི་ནག་ཉེས་ (guilt) དེ་ཡིན། བྱེད་དགོས། ཞེས་པའི་ཐ་སྙད་དེ་སོ་སོའི་ཆོས་ཉམས་ལེན་གྱི་ལྟ་ཕྱོགས་ལས་ངེས་པར་དུ་སྤོང་དགོས། དེ་ནི་བྱེད་དགོས། ཞེས་པའི་དོན་ནམ་ཡང་མིན། གལ་ཏེ་ང་ཚོས་སོ་སོར་འཕྲད་པའི་དཀའ་ངལ་སེལ་འདོད་དང་མ་འོངས་པའི་ནང་དེ་ལས་ལྷག་པར་གཟུར་འདོད་ཡོད་ཚེ། བསམ་ཕྱོགས་སྟབས་བདེ་ཤོས་ནི། གལ་ཏེ་རང་ཉིད་ལ་སོ་སོའི་དཀའ་ངལ་སེལ་འདོད་ཡོད་ན་ཉམས་ལེན་འདིས་དེ་བཅོས་ངེས་སྙམ་པའི་བསམ་བློ་གཏོང་རྒྱུ་དེ་ཡིན། དེས་ན། ང་ཚོས་ཉམས་ལེན་བྱེད་པའམ་མི་བྱེད་པ་ནི་ང་ཚོའི་འདོད་མོས་ཡིན། སུ་གང་གིས་ཀྱང་ཁྱེད་རང་དེ་བྱེད་དགོས་པ་དང། ཁྱེད་རང་གིས་མ་བྱས་ཚེ་ཁྱེད་རང་སྡུག་ཅག་རེད་ཅེས་ཟེར་མཁན་མེད།

འོན་ཀྱང་ང་ཚོས་མཐའ་གཞན་ཏེ། ང་ཚོའི་ཐམས་ཅད་ཡང་དག་པ་སྟེ། སོ་སོའི་སངས་རྒྱས་ཀྱི་རིགས་ལ་ལྟོས་དང་ཐམས་ཅད་ཡང་དག་པ་རེད་ཅེས་ཟེར་བའི་མཐའ་དེ་ཡང་སྤོང་དགོས། དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་མཐའ་ཞིག་ཡིན། གང་ལ་ཞེ་ན། དེས་སོ་སོར་འགྱུར་བ་གཏོང་མི་དགོས་པའི་བསམ་ཕྱོགས་འདྲེན་པ་སྟེ། ང་ཚོས་སོ་སོའི་ངན་ཕྱོགས་ཀྱི་བྱེད་སྟངས་རྣམས་འགོག་པའམ་སྤོང་མི་དགོས་པའི་རྒྱུ་མཚན་ནི་ང་ཚོ་ཡང་དག་ཡིན་བཞིན་པའི་ཕྱིར། ང་ཚོས་མཐའ་གཉིས་པོ་སྟེ། སོ་སོ་སྡུག་ཅག་ཏུ་ཚོར་བའམ་སོ་སོ་ཡང་དག་པར་ཚོར་བ་གཉིས་སྤོང་དགོས། གཞི་རྩའི་ཐོག་ནས་ང་ཚོས་སོ་སོ་རང་ཉིད་ལ་འགན་འཁུར་ལེན་དགོས། དེ་ནི་སོ་སོའི་ཉིན་རེའི་འཚོ་བའི་ནང་དམ་ཆོས་ཟུང་དུ་འབྲེལ་བའི་ལྡེ་མིག་གཙོ་བོ་ཡིན། སོ་སོའི་མི་ཚེའི་རིན་ཐང་གི་དོན་དུ་གང་ཞིག་བྱེད་རྒྱུར་ང་ཚོས་སོ་སོ་རང་ཉིད་ཆེད་དུ་འགན་འཁུར་ལེན་གྱི་ཡོད། །

སེམས་སྐུལ།

སོ་སོ་རང་ཉིད་བཅོས་པའི་སྐབས་ང་ཚོས་དགེ་བའི་བཤེས་གཉེན་ལས་སེམས་སྐུལ་འཐོབ་ཐུབ་པ་མ་ཟད་སོ་སོ་དང་ལྷན་དུ་ཉམས་ལེན་བྱེད་བཞིན་པའི་སྤྱི་ཚོགས་ཀྱི་མི་གཞན་ཚོ་ལས་སེམས་སྐུལ་འཐོབ་ཐུབ་པ་ཡིན། དེ་ལྟ་ནའང། གང་ཟག་ཕལ་མོ་ཆེར་མཚོན་ན། དགེ་རྒན་རྣམ་པ་ཚོ་ལས་དུས་རབས་མང་པོའི་སྔོན་གྱི་སློབ་དཔོན་དམ་པ་རྣམས་ཀྱིས་བར་སྣང་ལ་འཕུར་ཐུབ་པའི་ཡ་མཚན་ཅན་གྱི་སྒྲུང་བརྗོད་པ་ནི་སེམས་སྐུལ་གྱི་འབྱུང་རྩ་བརྟན་པོ་ཞིག་མ་ཡིན། དེའི་རྒྱུ་མཚན་ནི་གནས་ཚུལ་དེ་འདྲ་བ་ནི་འབྲེལ་དཀའ་བ་ཞིག་དང་ཁོང་ཚོས་སྒྱུ་མའི་ལམ་གྱི་ནང་དུ་ང་ཚོ་འདྲེན་པར་འགྱུར། ལེགས་ཤོས་ནི་ང་ཚོར་དངོས་སུ་འབྲེལ་བ་ཡོད་པའི་འཚོ་བཞིན་བཞུགས་པའི་སྐྱེ་བོ་དམ་པ་རྣམས་ཀྱི་དཔེ་མཚོན་དེ་ཡིན། དེ་འདྲའི་འབྲེལ་བ་དེ་ཆུང་ཆུང་ཡིན་ནའང་ཁྱད་པར་མེད།

སངས་རྒྱས་སམ་ཚད་ལྡན་གྱི་བཤེས་གཉེན་རྣམས་ང་ཚོར་སེམས་འགུལ་ཐེབས་སུ་འཇུག་ཐབས་གནང་གི་མེད་ལ། དེ་བས་བློ་སྟོབས་སྤེལ་ཐབས་གནང་གི་མེད། དེའི་དཔེ་ནི་ཁོང་རྣམས་ཉི་མ་ལྟ་བུའོ། ཉི་མས་མི་རྣམས་ལ་ཚ་དྲོད་སྦྱིན་ཐབས་བྱེད་ཀྱི་མེད། ཉི་མ་གང་ཡིན་པའི་རང་བཞིན་གྱིས་གཞན་ལ་དྲོད་སྟེར་གྱི་ཡོད། དགེ་བའི་བཤེས་གཉེན་རྣམས་ཀྱང་དེ་དང་གཅིག་མཚུངས་ཡིན། ཁོང་རྣམས་ཀྱིས་སོ་སོའི་མི་ཚེའི་ནང་དུ་གང་ཡིན་པ་དང་། ཁོང་རྣམས་ཀྱི་སྤྱོད་ཚུལ། བྱ་དངོས་ལ་གདོང་ལེན་གནང་ཚུལ་སོགས་ལས་ང་ཚོར་ངམ་ངམ་ཤུགས་ཤུགས་ཀྱིས་སམ་རང་བཞིན་གྱི་ཐོག་ནས་བློ་སྟོབས་སྦྱིན་གྱི་ཡོད། དེ་ནི་སྒྱུ་མའི་མིག་འཁྲུལ་མིན། བློ་སྟོབས་སྤེལ་ཆེ་ཤོས་ནི་དོན་དངོས་དང་མཐུན་པ་དང་དམའ་ས་བཟུང་བའི་གནས་དེ་ཡིན།

ང་ལ་བདུད་འཇོམས་རིན་པོ་ཆེ་དྲན་གྱི་འདུག ཁོང་ལོ་མང་པོའི་སྔོན་ནས་སྐུ་མྱ་ངན་ལས་འདས་པ་རེད། ཁོང་རྙིང་མ་པའི་ལུགས་ཀྱི་ཆོས་ཀྱི་དབུ་ཁྲིད་ཞིག་ཡིན་པ་དང་ང་རང་གི་བཤེས་གཉེན་ཞིག་ཡིན། ཁོང་ལ་དབུགས་འཚང་གི་ན་ཚ་ཚབས་ཆེན་ཞིག་ཡོད། ང་ལའང་དབུགས་འཚང་གི་ནད་ཡོད་པར་བརྟེན་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་གང་འདྲ་ཞིག་ཡོད་པ་ངས་ཤེས་ཀྱི་ཡོད། དབུགས་འབྱིན་རྔུབ་རྒྱུན་གཏན་ལྟར་བྱེད་མི་ཐུབ་པའི་སྐབས་གསུང་ཆོས་གནང་རྒྱུར་དཀའ་ངལ་ཇི་ལྟར་ཡོད་པ་ངས་རྟོགས་ཀྱི་ཡོད། གང་ལ་ཞེ་ན། ཁ་རླུང་འདང་ངེས་ཤིག་རྔུབ་རྒྱུར་སོ་སོའི་ནུས་ཤུགས་ཡོངས་རྫོགས་ནང་དུ་སྒྲིལ་དགོས་ཀྱི་ཡོད། གནས་སྟངས་དེའི་ནང་སོ་སོའི་ནུས་ཤུགས་ཕྱི་ལ་གཏོང་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་རེད། དེ་ལྟ་ནའང། བདུད་འཇོམས་རིན་པོ་ཆེ་ལ་དབུགས་འཚང་གི་ནད་ཚབས་ཆེན་ཡོད་ནའང་ད་དུང་སྡིངས་ཆའི་སྒང་ལ་ཕེབས་ནས་གསུང་ཆོས་གནང་བ་ངས་མཐོང་སོང། ཁོང་ལ་དབུགས་འཚང་གི་ནད་ཀྱིས་ཕྲན་བུ་ཙམ་ཡང་མི་གནོད་པར་ཁོང་གིས་གསུང་ཆོས་ལེགས་པོ་ཞིག་གནང་བཞིན་དུ་ནད་དེ་ལ་བློ་ཡུལ་ལས་འདས་པའི་ཐབས་ལམ་བརྒྱུད་ནས་གདོང་ལེན་གནང་གི་འདུག དེ་ནི་ཡིད་ཆེས་དཀའ་བ་ལྟ་བུའི་བློ་སྟོབས་སྤྱིན་པ་སྟེ། དམའ་ས་བཟུང་ཞིང་སྒྱུ་མའི་འཁྲུལ་སྣང་མེད་པ་ཞིག་ཡིན། དེ་ནི་དོན་དངོས་ཀྱི་མི་ཚེའི་གནས་སྟངས་ལ་གདོང་ལེན་བྱེད་ཀྱིན་ཡོད་པས་བློ་སྟོབས་སྦྱིན་ནུས་ཤིག་རེད།

ང་ཚོས་ཆོས་ཕྱོགས་ཀྱི་ལམ་བརྒྱུད་ནས་འགྲོ་བ་དང་ཡར་རྒྱས་གཏོང་བཞིན་དུ་ང་ཚོར་ད་དུང་སོ་སོ་རང་ཉིད་ལས་སེམས་སྐུལ་འཐོབ་ཐུབ། དེ་ཡང་སེམས་སྐུལ་གྱི་འབྱུང་རྩ་གལ་ཆེན་ཞིག་ཡིན། ང་ཚོར་སོ་སོ་རང་ཉིད་ཀྱི་ཡར་རྒྱས་ལས་སེམས་སྐུལ་འབྱུང་གི་ཡོད། འོན་ཀྱང་དེ་བྱེད་བཞིན་པའི་སྐབས་ང་ཚོས་ཡིད་གཟབ་ཆེན་པོ་བྱེད་དགོས། མི་མང་པོ་ཞིག་གིས་སེམས་ཚོར་གྱི་རྒྱུ་རྐྱེན་ཐོག་ནས་དེ་ལ་གདོང་ལེན་བྱེད་ཐུབ་ཀྱི་མེད། རྒྱུ་མཚན་ནི་གལ་ཏེ་ང་ཚོས་ཡར་རྒྱས་འགའ་ཞིག་བཏང་བའི་ཚེ། བློ་ཁ་ཕྱོགས་སྟངས་དེ་ཁེངས་དྲེགས་དང་སྤོབས་པ་ཅན་དུ་འགྱུར་གྱི་ཡོད། དེར་བརྟེན་ང་ཚོས་ཡར་རྒྱས་ཀྱི་དོན་ཅི་ཞིག་ལ་ཟེར་གྱི་ཡོད་པ་ཡིད་གཟབ་ཀྱི་ཐོག་ནས་འགྲེལ་དགོས་ཀྱི་ཡོད།

ཆོས་ཕྱོགས་ཀྱི་ལམ་ཡར་རྒྱས།

ཐོག་མར་ང་ཚོས་ཡར་རྒྱས་ནི་ཐིག་གཞུང་ཞིག་ནམ་ཡང་མིན་པ་སྟེ། དེ་ཡར་དང་མར་གཉི་གར་འགྲོ་ཡི་ཡོད་པ་ཤེས་དགོས་པ་ཡིན། འདི་ནི་འཁོར་བའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་གཅིག་ཡིན་པ་དང། དེ་ནི་སྐྱེ་གནས་མཐོ་དམན་གྱི་སྐོར་ལ་སྐད་ཆ་ཤོད་བཞིན་པ་ཙམ་མིན། མཐོ་བ་དང་དམའ་བར་འགྲོ་བ་ནི་ཉིན་རེའི་འཚོ་བར་ཡང་འབྲེལ་སྦྱོར་ཡོད་པ་རེད། ད་ལྟ་ང་སྐྱིད་པོ་འདུག་ཟེར་བ་དང། ད་ལྟ་ང་སྐྱིད་པ་མིན་འདུག་ཟེར་བ་ལྟ་བུའོ། ང་ཚོའི་སེམས་ཀྱི་རྣམ་འགྱུར་བཟང་ངན་ཅི་རིགས་སུ་འགྱུར་གྱི་ཡོད། སྐབས་རེ་རང་ཉིད་ཉམས་ལེན་བྱེད་བཞིན་ཡོད་པ་ལྟ་བུར་ཚོར་བ་དང་སྐབས་རེ་ཉམས་ལེན་བྱེད་བཞིན་མེད་པ་ལྟ་བུར་ཚོར་གྱི་ཡོད་པ་སྟེ། དེ་དུས་རྟག་ཏུ་ཡར་དང་མར་ཅི་རིགས་སུ་འགྲོ་གི་ཡོད་པས་ཡ་མཚན་སྐྱེ་མི་དགོས། དོན་ལ་ང་ཚོ་འཁོར་བ་ལས་འགྲོལ་བའི་དགྲ་བཅོམ་པར་མ་འགྱུར་བར་དུ་མུ་མཐུད་ནས་དེ་ལྟ་བུར་འགྲོ་བར་ངེས། ཚད་ཧ་ཅང་མཐོ་བའི་གནས་དེ་ལ་མ་སོན་པའི་བར་དུ་འཁོར་བ་ནི་མུ་མཐུད་ནས་ཡག་སྡུག་ཅི་རིགས་སུ་འཁོར་ནས་འགྲོ་བར་ངེས། དེར་བརྟེན་དུས་ཚོད་རིང་པོ་ཞིག་གི་ནང་ཉམས་ལེན་བྱེད་བཞིན་བསྡད་པའི་རྗེས་གློ་བུར་དུ་ང་ཚོ་སྒེར་གྱི་ཕོ་མོའི་བརྩེ་བའི་འབྲེལ་ལམ་ཞིག་གི་དཀའ་ངལ་ནང་ལྷུང་བའི་སྐབས་སེམས་ཤུགས་ཆགས་མི་ཉན། ཏན་ཏན་ང་ཚོར་དེ་འདྲ་བྱུང་བར་སེམས་ཚོར་ཆེན་པོས་མི་སྐྱིད་པ་ཡོང་ངེས། དེས་ང་ཚོ་ཉམས་ལེན་པ་ཐབས་ཆག་ཅིག་ཡིན་པ་སྟོན་གྱི་མེད། དེ་ནི་རང་བཞིན་ཙམ་ཡིན་པ་སྟེ། ང་ཚོའི་འཁོར་བའི་གནས་སྟངས་ཀྱི་རང་བཞིན་དེ་སྟོན་གྱི་ཡོད་པ་རེད།

དམ་ཆོས་ཉམས་ལེན་ནང་རྒྱུན་དུ་རྫུ་འཕྲུལ་ལམ་ཡ་མཚན་ཅན་འབྱུང་གི་མེད། གལ་ཏེ་ང་ཚོར་ཉིན་རེའི་འཚོ་བའི་ནང་ཆོས་ཉམས་སུ་ལེན་འདོད་ཡོད་ཚེ། རྫུ་འཕྲུལ་གྱི་རིགས་ལ་རེ་བ་བྱེད་མི་ཉན་ཞིང་། དམིགས་བསལ་གྱི་སོ་སོའི་ཡར་རྒྱས་ཀྱི་ནང་དེ་འོང་རྒྱུའི་རེ་བ་དེ་བས་བྱེད་མི་ཉན་ནོ། ང་ཚོས་དོན་དངོས་དང་མཐུན་པའི་ཐོག་ནས་ཡར་རྒྱས་ལ་ཚད་ཇི་ལྟར་འཇལ་དགོས་སམ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཆོས་ཉམས་ལེན་གྱི་དུས་ཡུན་ལོ་གཅིག་གམ་གཉིས་ཙམ་ལ་བལྟ་མི་ཉན་པར་གསུང་གི་ཡོད། ཉམས་ལེན་བྱས་པའི་དུས་ཡུན་ལོ་ལྔའམ་བཅུ་ལ་བལྟས་ནས། རང་ཉིད་ལོ་ལྔའམ་བཅུའི་སྔོན་ལས་ལྷག་པའི་མི་སེམས་ལྷོད་པོ་ཞིག་ཆགས་ཡོད་མེད་ལ་བརྟག་པ་དང། རང་ཉིད་ཀྱིས་དེ་བས་དཀའ་ངལ་ཆེ་བའི་གནས་སྟངས་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད་མེད་དང་སེམས་མི་འཁྲུག་པའམ་དེ་དག་གི་གཞན་དབང་དུ་མི་འགྲོ་བ་བྱེད་ཐུབ་ཀྱི་ཡོད་མེད་ལ་བརྟག་དགོས། གལ་ཏེ་དེ་ལྟར་ཐུབ་ཚེ། ང་ཚོས་ཡར་རྒྱས་ཕྲན་བུ་བཏང་ཡོད་པས་དེ་ནི་བློ་སྟོབས་འཕེལ་བའི་རྒྱུ་ཡིན། ང་ཚོར་ད་དུང་དཀའ་ངལ་ཡོད། འོན་ཀྱང་དེས་གདོང་ལེན་བྱེད་རྒྱུར་ནུས་ཤུགས་སྤྲོད་ཀྱི་ཡོད། གནས་ཚུལ་སྡུག་པའི་ཕྱོགས་སུ་འགྲོ་བའི་སྐབས་སུ་ང་ཚོར་གནས་སྟངས་དཀའ་ངལ་ཅན་ནང་སེམས་མི་སྐྱིད་པ་ཤུགས་ཆེ་འོང་གི་མེད། ང་ཚོས་དེ་ལས་མྱུར་དུ་འགྲོལ་ཐུབ་ཀྱི་ཡོད།

ང་ཚོས་སོ་སོ་རང་ཉིད་སེམས་སྐུལ་གྱི་འབྱུང་རྩར་ཤོད་པའི་སྐབས་གནད་དོན་སྙིང་པོ་ནི་སེམས་སྐུལ་འདིས་ང་ཚོར་ལམ་ལ་མུ་མཐུད་ནས་འཇུག་རྒྱུའི་ནུས་ཤུགས་སྦྱིན་གྱི་ཡོད་པ་དེ་ཡིན། དེའི་རྒྱུ་མཚན་ནི་ང་ཚོར་སོ་སོ་ཁ་ཕྱོགས་མི་ནོར་བའི་ནང་འགྲོ་བཞིན་ཡོད་པའི་ངེས་པ་རྙེད་ཡོད་པ་དང། གལ་ཏེ་ང་ཚོར་ཁ་ཕྱོགས་མི་ནོར་བར་འགྲོ་བའི་དགོས་དོན་གང་ཡིན་གྱི་དོན་དངོས་དང་མཐུན་པའི་ལྟ་བ་ཞིག་ཡོད་ཚེ། ང་ཚོ་ཁ་ཕྱོགས་མི་ནོར་བར་འགྲོ་བཞིན་ཡོད་པ་དེ་ལ་གཞི་ནས་ངེས་པ་རྙེད་ཐུབ། དེ་ལས་ལྡོག་སྟེ་སྤྱིར་བཏང་གི་ཁ་ཕྱོགས་དེའི་ནང་བསྐྱོད་པའི་སྐབས་ང་ཚོ་མུ་མཐུད་ནས་ཡག་སྡུག་ཅི་རིགས་ཀྱི་ཕྱོགས་སུ་འགྲོ་བར་ངེས།

འདི་དག་ནི་ཉིན་རེའི་འཚོ་བའི་ནང་དུ་ཆོས་ཟུང་དུ་འབྲེལ་ཚུལ་གྱི་སྤྱིར་བཏང་བསམ་ཚུལ་ཁ་ཤས་ཡིན། ང་རང་གི་ངོས་ནས་དེ་དག་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད། ཐུགས་རྗེ་ཆེ་ཞུ།། །།