ནང་སེམས་ཀྱི་ཞི་བདེ་དང་འདོད་དོན་འཚོལ་བ།

Study buddhism universal values 02

གནས་སྟངས་ཤིག་གི་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུའི་གལ་གནད།

ནང་གི་ཞི་བདེ་ནི་སེམས་ཀྱི་ཞི་འཇམ་དང་འབྲེལ་ནས་ཡོད་པ་རེད། ཕྱིའི་མྱོང་བས་ང་ཚོའི་སེམས་ཀྱི་ཞི་བདེར་ཐག་གཅོད་དང་ཕན་གནོད་བྱེད་པའི་ངེས་པ་མེད། གལ་སྲིད་ང་ཚོར་སེམས་ཀྱི་ཞི་བདེ་ཡོད་པ་ཡིན་ན། ཕྱི་དངོས་པོ་རྣམས་དེ་ཙམ་གྱིས་གལ་ཆེན་པོ་མིན།

འོ་ན་ང་ཚོས་སྨོན་ལམ་གྱི་ཐོག་ནས་ནང་གི་ཞི་བདེ་སྐྲུན་དགོས་སམ། མི་དགོས། དེ་འདྲ་རྩ་ནས་མ་རེད། ཡང་ན་ཕྱིའི་ལུས་ཀྱི་སྦྱོང་བརྡར་གྱི་ཐོག་ནས་ཡོང་ངམ་ཞེ་ན། དེ་ཡང་མ་རེད། ཤེས་བྱ་འཐོབ་པའི་ཐོག་ནས་ཡིན་ནམ་ཞེ་ན། མ་རེད། སོ་སོའི་ཚོར་བའི་ནུས་པ་འགོག་གནོན་གཏོང་བའི་ཐོག་ནས་ཡིན་ནམ་ཞེ་ནའང། མ་རེད། འོན་ཀྱང་གནས་སྟངས་དཀའ་ངལ་ཅན་གང་འདྲ་ཞིག་དང་འཕྲད་པའི་སྐབས། གལ་ཏེ་འབྱུང་སྲིད་པའི་ལས་དེའི་ཕན་གནོད་དང་མཇུག་འབྲས་ཤེས་རྟོགས་ཆ་ཚང་ཐུབ་པའི་རྨང་གཞི་ཞིག་གི་ཐོག་ནས་ང་ཚོས་གནས་སྟངས་ལ་གདོང་ལེན་བྱེད་པ་ཡིན་ན། ང་ཚོའི་སེམས་ལ་དཀྲོག་རྐྱེན་མི་ཐེབས་པས། དེ་ནི་ནང་གི་ཞི་བདེ་ངོ་མ་ཡིན།

སྙིང་རྗེ་དང་དོན་དངོས་དང་མཐུན་པའི་ཐབས་ཚུལ་ཞིག་ཡོད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། འབྱུང་རེ་མེད་པའི་མཇུག་འབྲས་བྱུང་སྐབས་དེས་སེམས་ལ་འཇིགས་སྐྲག་ཆེན་པོ་བཟོ་གི་ཡོད་པ་ནི། ང་ཚོ་དོན་དངོས་དང་མི་མཐུན་པའི་དབང་གིས་ཡིན། ང་ཚོས་མཇུག་འབྲས་ཚང་མ་ལ་བརྟག་དཔྱད་ཞིབ་ཚགས་བྱས་མེད་པར་བརྟེན་དོ་སྣང་དང་ཤེས་རྟོགས་ཀྱིས་མ་འདང་པའི་གནས་ཚུལ་བྱུང་བ་རེད། ང་ཚོའི་འཇིགས་སྣང་དེ་བརྟག་དཔྱད་ཞིབ་འཇུག་ཡག་པོ་མ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་ཕྱོགས་བཞི་ཀ་དང་སྟེང་འོག་བཅས་ནས་གནས་ཚུལ་ལ་བརྟག་དཔྱད་ཀྱིས་གནས་སྟངས་ཀྱི་པར་རིས་ཆ་ཚང་ཞིག་ཤེས་པར་བྱེད་དགོས། དངོས་ཡོད་ཀྱི་གནས་ཚུལ་དང་སྣང་ཚུལ་གཉིས་ཀྱི་དབར་ལ་སྟོང་ཆ་ཞིག་རྟག་ཏུ་ཡོད་པ་རེད། དེར་བརྟེན། ང་ཚོས་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་དགོས་པ་ཡིན།

དངོས་པོ་གང་ཞིག་ལ་བལྟས་པ་ཙམ་གྱིས་དེ་བཟང་ངན་གང་ཞིག་ཡིན་མིན་མཐོང་མི་ཐུབ། འོན་ཀྱང་ང་ཚོས་དངོས་པོ་ [བརྟག་དཔྱད་ཞིབ་ཚགས་པོ་བྱེད་པ་] དེའི་གནས་ཚུལ་མངོན་སུམ་དུ་རྟོགས་པའི་སྐབས། གཞི་ནས་དེ་བཟང་ངན་ག་རེ་ཡིན་མིན་རྟོགས་ཐུབ་པ་ཡིན། དེ་འདྲ་སོང་ཙང། ང་ཚོས་སོ་སོའི་གནས་སྟངས་ལ་རྒྱུ་མཚན་ལྡན་པའི་ཚོད་དཔག་བྱེད་དགོས། གལ་ཏེ་ང་ཚོས་ཆགས་པའི་དབང་གིས། “ང་ལ་གྲུབ་འབྲས་འདི་དང་དེ་དགོས།” ཞེས་པའི་ཐོག་ནས་བརྟག་དཔྱད་བྱེད་འགོ་བཙུགས་པ་ཡིན་ན། ང་ཚོའི་དཔྱད་པ་དེ་ཕྱོགས་སུ་ལྷུང་བ་ཡིན། རྒྱ་གར་ནཱལནྡའི་ལུགས་ལས། ང་ཚོས་རྟག་ཏུ་ཆོས་གཙོ་བོར་བྱས་པའི་དངོས་པོ་ཐམས་ཅད་ལ་དོན་འགྱུར་གྱི་ཐེ་ཚོམ་དང་ཡུལ་གྱི་གནས་ལུགས་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱེད་དགོས་པར་གསུང་གི་ཡོད།

གཞན་ཕྱོགས་ལ་སེམས་སྒོ་འབྱེད་པའི་གལ་གནད།

ད་སེམས་ཀྱི་ཞི་བདེ་མེད་པ་དང་བློ་ཡིད་མ་ཚིམས་པ་ཞེས་པར་མཚོན་ན། དེ་དག་ནི་རང་གཅེས་འཛིན་གྱི་ཀུན་སློང་ཧ་ཅང་ཤུགས་ཆེ་བའི་དབང་གིས་འབྱུང་གི་ཡོད། གང་ཟག་སྒེར་སོ་སོར་སྔུག་བསྔལ་སྤོང་བ་དང་བདེ་བ་སྒྲུབ་པའི་ཐོབ་ཐང་ཡོད། འོན་ཀྱང་ང་ཚོས་སོ་སོ་རང་ཉིད་གཅིག་པུར་བསམ་བློ་གཏོང་བ་ཡིན་ན། སེམས་ཤིན་ཏུ་ངན་པར་འགྱུར་གྱི་ཡོད། དེ་ནས་དཀའ་ངལ་ཆུང་ཆུང་ཞིག་ཆེན་པོར་སྣང་ནས་ང་ཚོ་ཆ་སྙོམ་མེད་པ་ཆགས་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་ལ་མཛའ་ཞིང་གཅེས་པ་ནང་བཞིན་གཞན་ལའང་དེ་བཞིན་མཛའ་ཞིང་གཅེས་པའི་སེམས་སྐྱེད་པའི་སྐབས། སེམས་གུ་ཡངས་པོ་དང་རྒྱ་ཆེ་བ་ཡིན། དེའི་འབྲས་བུར། དཀའ་ངལ་ཛ་དྲག་པོ་ཞིག་ཀྱང་དེ་ཙམ་གྱི་གཙིགས་ཆེར་མི་སྣང་བ་ཡིན། བྱས་ཙང། ང་ཚོས་དངོས་པོ་ལ་ལྟ་བའི་ཚུལ་ཏེ། སོ་སོ་རང་ཉིད་ཀྱི་མཐོང་ཕྱོགས་སམ་ཚང་མའི་མཐོང་ཕྱོགས་ཀྱི་ཁྱབ་ཚད་ལ་བརྟེན་པའི་སེམས་ཚོར་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་རེད།

དེ་འདྲ་སོང་བ་ཡིན་ཙང། སེམས་ཀྱི་ཞི་བདེར་གལ་ཆེ་བའི་ཆ་རྐྱེན་གཉིས་ཡོད་པ་རེད། དང་པོ་ནི། དངོས་ཡོད་གནས་ལུགས་ཤེས་རྟོགས་དགོས་པ་དེ་ཡིན། གལ་ཏེ་ང་ཚོས་དངོས་པོ་ལ་དངོས་པོའི་གནས་ཚུལ་དང་མཐུན་པའི་སྒོ་ནས་འཇུག་པ་ཡིན་ན། དེར་འབྱུང་རེ་མེད་པའི་མཇུག་འབྲས་མི་ཡོང་བ་ཡིན། གཉིས་པ་ནི། སྙིང་རྗེ་རེད། སྙིང་རྗེས་ང་ཚོའི་ “ནང་གི་སྒོ་” ཟེར་བ་དེ་འབྱེད་ཀྱི་ཡོད་པ་དང་། གཞན་ལ་བརྟེན་ནས་བྱུང་བའི་འཇིགས་སྣང་དང་དྭོགས་པ་རྣམ་རྟོག་མེད་པ་བཟོ་གི་ཡོད།

བརྙན་པར། ༸གོང་ས་མཆོག “ང་ཚོའི་གཅིག་མཚུངས་ཀྱི་འགྲོ་བ་མིའི་རིགས།” 

ཕྱིའི་སྣང་ཚུལ་ལ་སེམས་འཁུར་མི་བྱེད་པ།

[ང་ཚོའི་སེམས་ཀྱི་ཞི་བདེ་བརླག་འགྲོ་བའི་རྒྱུ་རྐྱེན་གཞན་ཞིག་ནི་སོ་སོའི་ཕྱི་ཚུལ་གྱི་རྣམ་པར་སེམས་ཁྲལ་བྱེད་པ་དེ་ཡིན།] དཔེར་ན། ངོས་རང་ཐོག་མར་རྒྱ་ནག་རྒྱལ་ས་པེ་ཅིང་ལ་འགྲོ་སྐབས། ངོས་ལ་ཉམས་མྱོང་གང་ཡང་མེད་པ་རེད། དེ་དུས་ངོས་རང་ཏོག་ཙམ་ཚ་གི་ཚི་གེ་དང་སེམས་འཚབ་ཀྱང་ཏོག་ཙམ་བྱུང། འོན་ཀྱང་དེ་ནས་ངོས་ནས་མི་ཁ་ཤས་སོ་སོའི་ཕྱི་ཚུལ་རྣམ་པར་སེམས་འཁུར་ཆེན་པོ་བྱས་ན། གནས་ཚུལ་མ་འགྲིག་པ་འབྱུང་བའི་སྐབས་གདོང་པ་དམར་པོར་འགྱུར་གྱི་ཡོད་པ་མཐོང་བྱུང། ཡིན་ནའང། གལ་ཏེ་ཁོང་ཚོ་གུ་ཡངས་པོ་དང་མི་འགྲིག་པ་བྱུང་ན་དོ་སྣང་མི་བྱེད་མཁན་ཡིན་ན། དེར་དཀའ་ངལ་གང་ཡང་མེད་པ་རེད།

དཔེར་ན། ཕྱི་ལོ་ ༡༩༥༤ ལོར་ངོས་རང་པེ་ཅིང་ལ་ཡོད་པའི་སྐབས། རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ངའི་སྡོད་ཁང་དུ་ང་ཐུག་ཏུ་བསླེབས་བྱུང། རྒྱ་མི་ཚོས་མེ་ཏོག་དང་ཤིང་ཏོག་ལ་སོགས་མང་པོ་ཞིག་གྲ་སྒྲིག་བྱས་འདུག་པ་དང། ཁོང་ཚོས་ཨུ་ཚུགས་ཀྱིས་ང་ཚོར་རྒྱ་མའི་སྐད་སྒྱུར་བ་ཞིག་དགོས་ཀྱི་ཡོད་པར་བཤད། བྱས་ཙང་། ངོས་ཀྱི་གཞུང་ཞབས་ཁ་ཤས་ནས་དབྱིན་སྐད་ཤེས་ཀྱི་ཡོད་ནའང་། དེ་བོད་སྐད་ནས་རྒྱ་མིའི་སྐད་དང་དེ་ནས་དབྱིན་ཇིའི་སྐད་དུ་བསྒྱུར་བ་རེད། ཕྱོགས་གཅིག་ནས། དང་ཐོག་རྒྱ་མིའི་ལས་བྱེད་པ་ཚོ་གུ་དོག་པོ་དང་ཚུལ་མཐུན་ཞེ་དྲག་ཡོད་ནའང། ཤིང་ཏོག་སྒྲིག་གཤོམ་བྱས་པ་རྣམས་ས་ལ་རིལ་བ་དང་ཁོང་ཚོས་པུས་བཙུགས་ལག་བཙུགས་ཀྱིས་ཞ་ལའི་སྟེང་གོག་འགྲོ་བྱས་སོང། ཁོང་ཚོས་སོ་སོའི་དང་ཐོག་གི་རྣམ་འགྱུར་ལ་དོ་སྣང་བྱས་མེད་ན། དཀའ་ངལ་གང་ཡང་ཡོད་པ་མ་རེད། འོན་ཀྱང་དེ་ནི་ཁོང་ཚོར་ཁ་སྐྱེངས་པོ་ཞེ་དྲག་བྱུང་ཡོད།

ཐེངས་ཤིག་མེག་སི་ཀོ་སཱི་ཊིའི་ (Mexico City) ནང་དུ་ཆོས་ལུགས་ནང་ཁུལ་གྱི་ཚོགས་འདུ་ཞིག་གི་སྐབས། ཉི་ཧོང་ནས་ཡིན་པའི་ཆོས་པ་ཞིག་འདུག །ཁོང་གི་ཕྱག་ལ་ཕྲེང་བ་བསྣམས་ཡོད་པ་ལས་ཕྲེང་ཐག་ཆད་སོང། ཕྲེང་རྡོག་རྣམས་ཞ་ལའི་ཐོག་གང་སར་འཐོར་ཡོད་ནའང་ཁོང་གིས་མཛུབ་མོས་ཕྲེང་ཐག་བསྐོར་ནས་བཞུགས་འདུག །ཕྲེང་རྡོག་རྣམས་ཡར་སྒྲུག་རྒྱུར་ཁོང་ཞལ་སྐྱེངས་པོ་ཞེ་དྲག་བྱུང་སོང། ཁོང་ལ་མི་བདེ་བ་བྱུང་བའི་རྒྱུ་མཚན་ནི་ཁོང་རང་གི་ཕྱིའི་རྣམ་འགྱུར་ལ་དོ་སྣང་ཆེ་དྲགས་པའི་རྐྱེན་གྱིས་ཡིན།

གང་ལྟར་ཡང། སྙིང་རྗེ་དང། གཞན་ཕན་གྱི་ལྟ་བ། བདེན་པ་བདེན་ཐུབ། དྲང་པོ་དྲང་གཞག་བཅས་ནི་ནང་གི་ཞི་བདེ་འདྲེན་པར་ཧ་ཅང་གལ་འགངས་ཆེ་ཞིང། ཕྱི་ཚུལ་གྱི་རྣམ་འགྱུར་ལ་དོ་སྣང་བྱེད་ཀྱི་མེད། ངོས་རང་གང་ཟག་ཁྱད་པར་ཅན་ཞིག་ཡིན་པར་བརྗོད་ཀྱི་མེད། འོན་ཀྱང་ངོས་རང་གི་ཉམས་མྱོང་ཐོག་ནས་མི་སྟོང་ཕྲག་མང་པོའི་མདུན་དུ་སྤྱོད་ཚུལ་ཇི་ལྟར་སྟོན་དགོས་མིན་ཐད་སེམས་ཁྲལ་གང་ཡང་མི་འདུག །ངོས་ནས་དེ་རིང་དང་འདྲ་བར་མི་སྟོང་ཕྲག་ཁ་ཤས་ཀྱི་མདུན་དུ་གཏམ་བཤད་བྱེད་ཀྱི་ཡོད་ནའང། ངོས་རང་ལ་མཚོན་ན་མི་ཁ་ཤས་ཤིག་ལ་སྐད་ཆ་ཤོད་ཀྱི་ཡོད་པ་ལྟ་བུ་ཞིག་འདུག །ནོར་འཁྲུལ་བྱུང་བ་ཡིན་ན། ངོས་ནས་དེ་ལ་སྣང་མེད་བཏང་ནས་དྲན་པ་བརྗེད་ཀྱི་ཡོད། དཀའ་ངལ་གང་ཡང་མི་འདུག །གལ་ཏེ་གཞན་གྱི་ནོར་འཁྲུལ་ཤོར་ནའང། ངོས་ནས་གད་མོ་ཙམ་བགད་ནས་སྡོད་ཀྱི་ཡོད།

ནང་སེམས་ཀྱི་འཕོ་འགྱུར།

ནང་སེམས་ཀྱི་འཕོ་འགྱུར་ལ་མཚོན་ན། ནང་སེམས་ཀྱི་འཕོ་འགྱུར་ཞེས་པ་དེ་སེམས་ཚོར་གྱི་གནས་བབས་ཤིག་གི་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། ནང་སེམས་ཀྱི་འཕོ་འགྱུར་གྱི་རིགས་གཅིག་ནི་ལོ་རྒས་ནས་རང་བཞིན་གྱིས་འབྱུང་གི་ཡོད་པ་དང་། གཞན་ཞིག་ནི་ཕྱིའི་གནས་སྟངས་ལ་བརྟེན་ནས་འོང་ཐུབ་པ་ཡིན། དེ་འདྲ་བའི་འཕོ་འགྱུར་ནི་རང་འགུལ་གྱིས་འོང་བ་ཞིག་རེད། དེ་མིན་གཞན་ཚང་མ་འབད་རྩོལ་བརྒྱུད་ནས་འོང་གི་ཡོད་པས། དེ་ནི་ང་ཚོར་འོང་བར་འདོད་པའི་དོན་གཙོ་བོ་སྟེ། སོ་སོའི་འདོད་པ་ལ་དཔག་པའི་ནང་སེམས་ཀྱི་འཕོ་འགྱུར་དེ་ཡིན། དེ་ནི་དོན་དག་གཙོ་བོ་དེ་ཡིན་པ་རེད།

ད་ལྟ་འདིར་ང་ཚོས་སོ་སོའི་སྐྱེ་བ་ཕྱི་མ་དང། ཐར་པའམ་ལྷ་ཡུལ་གྱི་སྐོར་ལ་སྐད་ཆ་ཤོད་ཀྱི་མེད། འོན་ཀྱང་རྙོག་དྲ་དང་དཀའ་ངལ་ལ་མ་ལྟོས་པར། མི་ཚེ་འདི་དེ་ལས་སྐྱིད་པ་དང་ཞི་འཇམ་པ་ཞིག་ཇི་ལྟར་རྒྱུན་སྐྱོང་ཚུལ་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད། དེ་ལ་ང་ཚོས་གདོང་ལེན་བྱེད་དགོས་པའི་རྐྱེན་ཆེ་ཤོས་སུ་ཁོང་ཁྲོ་དང། ཞེ་སྡང། འཇིགས་སྣང། ཕྲག་དོག །དོགས་པ་རྣམ་རྟོག །ཁེར་རྐྱང་། སེམས་ངལ་གནོན་ཤུགས་ལ་སོགས་པ་མང་པོ་ཞིག་ཡོད་པ་རེད། དེ་དག་ཚང་མ་ང་ཚོའི་གཞི་རྩའི་བསམ་བློའི་འཁྱེར་སོ་དང་འབྲེལ་བ་ཆགས་ཡོད། དེ་ཚོ་རང་གཅེས་འཛིན་ཤུགས་ཆེ་དྲགས་པ་ལས་འབྱུང་གི་ཡོད། ང་ཚོར་མཚོན་ན། དེ་རྣམས་མྱོང་བའི་སྐབས་ང་ཞེས་པ་དེ་གལ་ཆེ་ཤོས་ཡིན་པས། དེས་ཕྲག་དོག་འདྲེན་པར་བྱེད་ཀྱི་ཡོད། ང་ཚོ་སོ་སོ་རང་ཉིད་ལ་གཅེས་པར་འཛིན་པ་དེ་ལས་ཞེ་སུན་ཆུང་ངུ་ཞིག་གིས་ཀྱང་ཁོང་ཁྲོའི་རྐྱེན་བྱེད་པ་དང། ཁོང་ཁྲོས་འཇིགས་སྣང་འདྲེན་པར་བྱེད་ཀྱི་ཡོད། ང་ཚོས་གཞན་ལ་དོ་འཁུར་མི་བྱེད་པར། སོ་སོར་དོ་འཁུར་བྱེད་ཀྱི་ཡོད་པ་རེད། ད་དུང་ང་ཚོའི་སེམས་ལ། གཞན་གྱིས་ཀྱང་ཁོ་རང་ཚོར་དོ་འཁུར་བྱེད་ཅིང་། ང་ཚོར་ཏན་ཏན་དོ་འཁུར་བྱེད་ཀྱི་མེད་པ་ཚོར་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁེར་རྐྱང་གི་ཚོར་སྣང་འབྱུང་གི་ཡོད། ང་ཚོས། “ངས་གཞན་ལ་བསྟེན་མི་ཐུབ།” ཅེས་བསམ་གྱི་ཡོད་པ་དང། དེའི་དབང་གིས་ང་ཚོར་སོ་སོའི་མདུན་དུ་ཡོད་པ་དང། གཡས་གཡོན་དུ་ཡོད་པ། ད་དུང་དེ་ལས་མང་བ་སོ་སོའི་རྒྱབ་ལ་ཡོད་པའི་མི་རྣམས་ལ་དོགས་པ་ཟ་གི་ཡོད།

གཞི་རྩའི་ཐོག་ནས་ང་ཚོས་དེའི་ཐོག་ལ་བསམ་བློ་བཏང་བ་ཡིན་ན། འགྲོ་བ་མིའི་རང་བཞིན་དུ་ཚང་མས་གྲོགས་འདྲིས་ཀྱི་རང་བཞིན་ལ་ཡི་རངས་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་གྲོགས་འདྲིས་ཀྱི་འབྲེལ་བ་ཞིག་ཚུགས་ཐུབ་ན། མི་མང་ཆེ་བས་བཟང་ཕྱོགས་ཀྱི་ལམ་ནས་འབྲེལ་བ་བྱེད་ཀྱི་ཡོད། སེམས་འཚབ་ལ་སོགས་པའི་རྐྱེན་སློང་བྱེད་མཁན་སེམས་ཚོར་ངན་པ་རྣམས་ལ་མཚོན་ན། ང་ཚོས་དེ་དག་ལ་ཁ་གཏད་གཅོག་བྱེད་ཀྱི་གཉེན་པོ་འགའ་བསྟེན་དགོས་པ་ཡིན། དཔེར་ན། གལ་ཏེ་ང་ཚོ་ཚ་དྲགས་ན། ང་ཚོས་ཚ་ཚད་གཅོག་པ་དང་། གལ་ཏེ་མུན་པ་སེལ་འདོད་ན། གློག་གམ་སྒྲོན་མེ་སྤོར་རྒྱུ་ལས་ཐབས་ལམ་གཞན་མེད་པ་རེད། འདི་ནི་ཕྱི་དངོས་པོའི་གནས་ལུགས་རིམ་པའི་ཐོག་ནས་བདེན་པ་རེད། འགྱུར་ལྡོག་ནི་ཕན་ཚུན་འགལ་བའི་ནུས་ཤུགས་ལག་བསྟར་བྱས་ནས་འོང་གི་ཡོད་ཅིང་། དེ་ནི་རང་བྱུང་ལ་བརྟེན་ནས་ཡོང་བ་ཡིན། འོན་ཀྱང་དེ་ནི་ཕྱི་དངོས་པོའི་གནས་ལུགས་ཀྱི་རིམ་པ་ཙམ་གྱི་ཐོག་ནས་བདེན་པ་ཡིན་པ་མ་ཟད། ནང་སེམས་ཀྱི་རིམ་པའི་ཐོག་ནས་ཀྱང་བདེན་པ་ཞིག་རེད། བྱས་ཙང་། ང་ཚོས་སོ་སོའི་ལྟ་བའམ་བསམ་ཚུལ་རྣམས་ལ་ལྡོ་ཕྱོགས་ཀྱི་བློའམ། ཡང་ན་དེ་དང་འཇི༹ན་སྟངས་དངོས་འགལ་དུ་སོང་བ་ཞིག་གཉེན་པོ་བསྟེན་དགོས། [དཔེར་ན། རང་གཅེས་འཛིན་དང་དོགས་པ་རྣམ་རྟོག་གི་གཉེན་པོར་གཞན་གཅེས་འཛིན་དང་མཛའ་གྲོགས་ཀྱི་རང་བཞིན་བསྟེན་པ་ལྟ་བུ་རེད།]

མེ་ཏོག་སེར་པོ་ཞིག་ལ་དཔེ་ཆ་བཞག་སྟེ། གལ་སྲིད་ངས་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས་དེ་ “དཀར་པོ་” རེད་ཅེས་བརྗོད་པ་དང་། རྗེས་སུ་དེ་སེར་པོར་ཆ་འཇོག་བྱེད་པ་ཡིན་ན། དེར་ལྟ་ཚུལ་མི་མཐུན་པའམ་འགལ་བ་གཉིས་ཆགས་པ་རེད། བསམ་ཚུལ་དེ་གཉིས་ཀ་དུས་གཅིག་ཏུ་ཁས་ལེན་མི་ཐུབ། སེར་པོ་ཡིན་པའི་བློ་སྐྱེས་མ་ཐག་དཀར་པོ་ཡིན་པའི་བློ་དེ་ལམ་སེང་ཡལ་འགྲོ་གི་ཡོད། དེ་གཉིས་ཕན་ཚུན་དངོས་འགལ་ཡིན་པ་རེད། དེར་བརྟེན། ནང་སེམས་ལ་འགྱུར་བ་གཏོང་བའི་ཐབས་ལམ་གཅིག་ནི། དེ་དང་འགལ་ཟླར་འགྱུར་བའི་སེམས་ཀྱི་གནས་བབས་ཤིག་སྐྱེ་དགོས་པ་དེ་ཡིན།

དཀའ་ངལ་གྱི་རྒྱུ་རྐྱེན་གཞན་ཞིག་ནི་མ་རིག་པ་ཙམ་ཡིན་ཆོག །དེའི་གཉེན་པོ་ནི་ཐོས་པ་དང། བསམ་ཞིབ། བརྟག་དཔྱད་ཞིབ་འཇུག་བཅས་ཡིན་པ་རེད། དེ་གང་ཡིན་ཞེ་ན། མ་རིག་པ་ནི་དངོས་པོའི་གནས་ལུགས་མ་མཐོང་བ་གཞི་རྩར་བྱས་པ་ཞིག་ཡིན། དེར་བརྟེན། མ་རིག་པའི་ཁ་གཏད་གཉེན་པོ་ནི་བརྟག་དཔྱད་ཞིབ་འཇུག་ཡིན་པ་རེད། དེ་ག་ནང་བཞིན་རང་གཅེས་འཛིན་གྱི་གཉེན་པོ་ནི་གཞན་གཅེས་འཛིན་ཡིན་པ་དང་བློ་སྦྱོང་ [ང་ཚོའི་བསམ་བློའི་ཁྱེར་སོར་དག་སྦྱོང་]གི་སྐོར་རྣམས་དེའི་ཁོངས་སུ་གཏོགས་པ་ཡིན།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད།

ང་ཚོའི་བློ་ཇི་ལྟར་སྦྱོང་ཚུལ་ [ང་ཚོའི་བསམ་བློའི་ཁྱེར་སོ་ལ་དག་སྦྱོང་] ལ་མཚོན་ན། དེ་ཆོས་ལུགས་སམ་ཆོས་དང་འབྲེལ་བའི་ཐོག་ནས་བྱེད་དགོས་མིན་དེ་ནི་དྲི་བ་ཞིག་སྟེ། ངོས་རང་གི་བསམ་ཚུལ་ལྟར་ན། གཞི་རྩའི་ཆ་ནས་ཆོས་ལུགས་ཀྱི་ཐོག་ནས་གང་ཡང་བྱེད་དགོས་ཀྱི་མེད།

ཆོས་ལ་མཚོན་ན། དབྱེ་བ་གཉིས་ཡོད་པ་སྟེ། གཅིག་ནི་ཆོས་ལུགས་ཀྱི་དད་པ་དག་སྣང་དང་འབྲེལ་བའི་ཐོག་ནས་ཡིན་པ་དང་། གཅིག་ཤོས་ནི་ཆོས་ལུགས་ཀྱི་དད་པ་དག་སྣང་དང་མ་འབྲེལ་བའི་ཐོག་ནས་ཡིན་པ་རེད། དེ་གཉིས་མེད་པ་ནི་ངོས་ནས་བཤད་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་དེ་ཡིན་པ་རེད། “ཆོས་དང་མ་འབྲེལ་བ་” ཞེས་པའི་དོན་ནི། ཆོས་ལུགས་ཁས་མི་ལེན་པའི་དོན་མིན་པར། དེ་ལས་ལྡོག་སྟེ། ཆོས་ལུགས་ཚང་མར་བལྟ་སྟངས་མཉམ་པ་དང་དེ་དག་ཚང་མར་གུས་བརྩི་བྱེད་པའི་དོན་ཡིན། དཔེར་ན། རྒྱ་གར་གྱི་རྩ་ཁྲིམས་ཀྱིས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་གི་ཡོད་པ་སྟེ། ཆོས་དང་མ་འབྲེལ་བའི་རྩ་ཁྲིམས་ཤིག་ཡིན་པ་རེད། དེ་འདྲ་སོང་ཙང། པར་སིའམ་ (Parsee) ཛོ་ར་སི་ (Zoroastrian) ཆོས་ལུགས་འཛིན་མཁན་རྒྱ་གར་ནང་ཧ་ཅང་ཉུང་ཉུང་ཡིན་པ་དང་། རྒྱ་གར་ནང་གི་མི་ཐེར་འབུམ་ལྷག་དང་བསྡུར་ན་ཆོས་ལུགས་དེའི་རྗེས་འཇུག་འབུམ་ཕྲག་གཅིག་ཙམ་ལས་མེད། འོན་ཀྱང་ད་དུང་དམག་དོན་དང་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་ཁོང་ཚོར་འདྲ་མཉམ་གྱི་གོ་གནས་ཡོད་པ་རེད།

ང་ཚོས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་ལ་སྐད་ཆ་ཤོད་པའི་སྐབས། དེས་ཆོས་དད་མེད་མཁན་ཚོ་ལའང་བཟང་སྤྱོད་དགོས་པ་ཤུགས་ཀྱིས་སྟོན་གྱི་ཡོད། ང་ཚོས་བཟང་སྤྱོད་རྒྱ་སྐྱེད་བཏང་ནས་སེམས་ཅན་དུད་འགྲོ་ཚུན་ཆད་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གཞི་རྩར་བྱས་ནས་གུས་བརྩི་བྱེད་ཐུབ་པ་ཡིན། ད་དུང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཆ་གཞན་ཞིག་ནི། རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་རེད། བྱས་ཙང་། ང་ཚོས་བཟང་སྤྱོད་ཀྱི་ཐོག་ནས་སོ་སོའི་སེམས་རྒྱུད་སྦྱོང་དགོས་པ་སྟེ། ང་ཚོས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བློ་སྦྱོང་དགོས། སའི་གོ་ལ་འདིའི་སྟེང་གི་འགྲོ་བ་མི་ཐེར་འབུམ་དྲུག་གིས་དེ་ལྟར་བྱེད་དགོས་པ་ཡིན། ཆོས་ལུགས་ཀྱི་ལམ་ལུགས་ལ་བརྟེན་ནས་གོ་ལ་སྤྱིའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུར་ཕན་ཐོགས་བྱེད་ཐུབ་སྟེ། དེ་དག་ནི་དེའི་འཕེལ་སྐྱེད་ལ་ཕན་པའི་ཐབས་ལམ་འཕར་མ་ཞིག་ཆགས་ཡོད། དེ་དག་གིས་གནས་སྟངས་ཞན་དུ་གཏོང་རྒྱུའི་འདུན་པ་བཟུང་མེད་པ་ནི་ངེས་པ་རེད།

དེར་མ་ཟད། ང་ཚོས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལ་སྐད་ཆ་ཤོད་པའི་སྐབས། ཆོས་ལུགས་རིས་མེད་ཀྱི་ལྟ་ཕྱོགས་ཤིག་དགོས་པ་ཡིན། གལ་ཏེ་ཆོས་པ་སུ་ཞིག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་དོན་དུ་ཆོས་ལུགས་ཀྱི་བྱ་བའི་རིགས་གང་རུང་ཞིག་གི་རྗེས་སུ་འབྲང་གི་ཡོད་ཚེ། ཁོང་ཚོ་ནི་དངོས་གནས་དྲང་གནས་ཆོས་ཉམས་ལེན་པ་ཡིན། གལ་ཏེ་ཁོང་ཚོས་དེ་ལྟར་མ་བྱས་ན། ཁོང་ཚོས་ཡེ་ཤུའི་མཆོད་ཁང་དང་། ཁ་ཆེའི་ལྷ་ཁང་། འཇིའུ་ཡ་ཧུ་དིའི་མཆོད་ཁང་ལ་སོགས་པའི་ནང་དུ་འགྲོ་བའི་དབང་དུ་བཏང་ནའང་། ཁོང་ཚོ་ཆོས་ཉམས་ལེན་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་མིན་ངོས་ལ་དོགས་པ་ཡོད།།

ཚུལ་ཁྲིམས་ཞེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིགས།

Top