ནང་ཆོས་ཀྱི་ལམ་དུ་མ་ཞུགས་སྔོན་གྱི་བསླབ་བྱ།

ནང་ཆོས་ཀྱིས་ང་ཚོའི་ཉིན་རེའི་འཚོ་བའི་ནང་དཀའ་རྙོག་ལ་གདོང་ལེན་བྱེད་པར་བར་ཆད་མི་ཡོང་བའི་ཁ་ཡོད་ལག་ཡོད་ཀྱི་སྔོན་འགོག་ཐབས་ལམ་རྣམས་སློབ་སྟོན་བྱེད་ཀྱི་ཡོད། དེས་ང་ཚོའི་སེམས་ཚོར་མི་སྐྱིད་པ་དང་ངང་ངམ་ཤུགས་ཀྱི་སྤྱོད་ལམ་བསྐྱེད་པར་བྱེད་པའི་རྨོངས་པའི་བསམ་བློ་དངོས་ཡོད་མ་ཡིན་པའི་བློའི་འཁྱེར་ཕྱོགས་ནང་གི་དཀལ་ངལ་གྱི་འབྱུང་ཁུངས་ལ་ལྟ་གི་ཡོད། སྒོམ་རྒྱག་པ་ལ་བརྟེན་ནས་གོམས་གཤིས་ངན་པའི་བསམ་བློ་གཏོང་སྟངས་དང་། ལས་ཀ་བྱེད་སྟངས། དེ་བཞིན་བྱམས་པ་དང་བཟང་པོར་གྱུར་བའི་མི་གཞན་རྣམས་ལས་སེམས་སྐུལ་ཐེབས་ནས་ཉིན་རེའི་མི་ཚེའི་སྤུས་ཀ་ཡར་རྒྱས་གཏོང་བའི་ཆེད་ང་ཚོས་སེམས་དེ་འགྱུར་བ་གཏོང་ཐུབ།

གལ་ཏེ་ང་ཚོར་ནང་པ་སངས་རྒྱས་པའི་ཆོས་དེ་གང་གི་སྐོར་ཡིན་པ་དང་། དེ་ང་ཚོའི་ཉིན་རེའི་མི་ཚེའི་ནང་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་པ་ཤེས་འདོད་ཡོད་ན། ནང་པའི་ཆོས་དང་ཉམས་ལེན་གྱི་ནང་བེད་སྤྱོད་བྱེད་པའི་སྲོལ་རྒྱུན་གྱི་བརྡ་ཆད་དྷརྨ་ཞེས་པའི་གོ་བ་ཁྱད་པར་ཅན་གང་ཡིན་པ་ལ་བལྟ་ན་ཡག་པོ་ཡོད་རེད། དྷརྨ་ཞེས་པ་དེ་ལེགས་སྦྱར་གྱི་ཐ་སྙད་ཅིག་ཡིན་ཞིང་། དེའི་ཚིག་དོན་ནི་སྔོན་འགོག་ཐབས་ལམ་ཞིག་ལ་གོ་གི་ཡོད། དེ་ནི་ང་ཚོས་དཀའ་ངལ་རྣམས་སྤོང་བའི་ཆེད་དུ་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་དེ་ཧ་གོ་བ་ཡིན་ན། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་རྒྱབ་ཀྱི་ཀུན་སློང་དེ་ཤེས་ཀྱི་ཡོད། 

སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་པ་ལ་དགའ་མོས་ཡོང་བ་ལ། ང་ཚོས་མི་ཚེའི་ནང་གི་དཀའ་ངལ་རྣམས་མཐོང་དགོས། དོན་དངོས་ཐོག་དེ་ལ་སྙིང་སྟོབས་ཆེན་པོ་ཞིག་དགོས་ཀྱི་ཡོད། མི་མང་པོ་ཞིག་གིས་སོ་སོ་རང་ཉིད་དང་སོ་སོའི་མི་ཚེར་དོ་གལ་དེ་ཙམ་བརྩི་གི་མེད། ཁོང་ཚོས་ཉིན་གང་ལས་ཀར་བརྩོན་པ་དང་དེ་ནས་སྤྲོ་སྐྱིད་སོགས་ལ་བརྟེན་ནས་དགོང་དྲོ་བར་སོ་སོའི་སྣང་བ་གཡེང་ཐབས་བྱེད་ཀྱི་ཡོད་པ་ནི། དོན་དུ་ཁོང་ཚོ་ཡིད་ཐང་ཆད་ནས་ཡོད་པ་རེད། ཁོང་ཚོས་སོ་སོའི་མི་ཚེའི་ནང་གི་དཀའ་ངལ་ལ་དངོས་སུ་ཁ་ནང་དུ་ཕྱོགས་ནས་ལྟ་གི་མེད། གལ་ཏེ་ཁོང་ཚོས་སོ་སོའི་དཀའ་ངལ་རྣམས་ལ་ལྟ་བའི་དབང་དུ་བཏང་ནའང་། སོ་སོའི་མི་ཚེ་འདོད་བློ་ཁེངས་པ་ཞིག་མེད་པ་དེ་ངོས་ལེན་བྱེད་ཀྱི་མེད། གང་ཡིན་ཞེ་ན། དེ་ནི་ཧ་ཅང་སེམས་ངལ་དང་ཡིད་ཞུམ་ཅན་ཞིག་ཡིན་པས་རེད། སོ་སོའི་མི་ཚེའི་སྤུས་ཚད་ལ་བརྟག་དཔྱད་བྱེད་རྒྱུ་དང་མི་ཚེ་དེ་འདོད་བློ་ཁེངས་པ་ཞིག་མེད་པ་མཐོང་བའི་སྐབས་སུ་དྲང་བདེན་ཐོག་ནས་ཁས་ལེན་བྱེད་རྒྱུར་སྙིང་སྟོབས་དགོས་པ་ཡིན།

འདོད་བློ་མི་ཁེངས་པའམ་སྡུག་བསྔལ་གྱི་གནས་སྟངས་དང་དེ་དག་གི་རྒྱུ་རྐྱེན།

འདོད་བློ་མི་ཁེངས་པའམ་སྡུག་བསྔལ་ལའང་རིམ་པ་ལོས་ཡོད། ང་ཚོས། “སྐབས་རེར་སེམས་ཁམས་ཀྱི་ཉམས་འགྱུར་མི་སྐྱིད་པ་ཡོང་བ་དང་སྐབས་རེར་གནས་སྟངས་ཚང་མ་ཡག་པོ་ཡོང་གི་འདུག འོན་ཀྱང་དེ་ལ་དཀའ་ངལ་མི་འདུག དེ་ནི་མི་ཚེའི་འགྲོ་སྟངས་རེད།” ཅེས་བརྗོད་ངེས། གལ་ཏེ་སོ་སོའི་མི་ཚེར་འདོད་བློ་ཁེངས་ཀྱི་ཡོད་ན་འགྲིག་པ་རེད། གལ་ཏེ་སོ་སོའི་མི་ཚེར་ཡར་རྒྱས་ཏོག་ཙམ་ཞིག་གཏོང་ཐུབ་པའི་རེ་བ་གང་ཙམ་ཡོད་པ་ཡིན་ན། དེས་ང་ཚོ་དེ་ལྟར་ཡོང་བ་ལ་ཐབས་ལམ་ཞིག་འཚོལ་ཐུབ་པ་ཡོང་གི་རེད། སོ་སོའི་མི་ཚེའི་སྤུས་ཚད་གོང་འཕེལ་གཏོང་བའི་ཐབས་ལམ་འཚོལ་བའི་ཆེད་དུ་ང་ཚོས་སོ་སོའི་དཀའ་ངལ་གྱི་འབྱུང་ཁུངས་ངོས་འཛིན་དགོས། མི་མང་ཆེ་བས་སོ་སོའི་དཀའ་ངལ་གྱི་འབྱུང་ཁུངས་དེ་ཕྱི་རོལ་དུ་འཚོལ་གྱི་ཡོད། “ང་ལ་ཁྱེད་རང་དང་འབྲེལ་ལམ་ཐད་དཀའ་ངལ་འདུག དེ་ཁྱེད་རང་ལ་བརྟེན་ནས་བྱུང་བ་རེད། ཁྱེད་རང་གིས་ངའི་འདོད་པ་བཞིན་དུ་བྱེད་ཀྱི་མི་འདུག” ཅེས་ཟེར་བ་དང། ད་དུང་ང་ཚོས་སོ་སོའི་དཀའ་ངལ་དེ་བཞིན་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་ལ་ཁག་དཀྲི་སྲིད། སེམས་ཁམས་རིག་པའི་ལྟ་གྲུབ་ཁ་ཤས་ལ་གཞིགས་ན། ང་ཚོས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་བྱུང་མིན་སོ་སོའི་བྱིས་པའི་སྐབས་ཀྱི་སེམས་ནད་ལ་ཕྱིར་བལྟས་ན་ཆོག སོ་སོ་མི་སྐྱིད་པའི་གནད་དོན་གཞན་ལ་ཁག་དཀྲི་རྒྱུ་ནི་ཧ་ཅང་ལས་སླ་པོ་རེད། གང་ཟག་གཞན་དང་། སྤྱི་ཚོགས། དཔལ་འབྱོར་གྱི་གནད་དོན་ཐོག་ལ་ཁག་དཀྲི་བ་དེས་དོན་ངོ་མར་དཀའ་ངལ་སེལ་རྒྱུར་མི་ཕན། གལ་ཏེ་ང་ཚོར་ལྟ་ཚུལ་གྱི་སྒྲོམ་གཞི་དེ་ཡོད་ན། ང་ཚོར་བཟོད་བསྲན་ལྡན་པ་དང་། དེས་ང་ཚོར་ཕན་ཐོགས་ཡོང་སྲིད་ཀྱི་རེད། འོན་ཀྱང་མི་མང་ཆེ་བས་དེ་འདྲ་ཙམ་ཞིག་བྱས་པས་སེམས་ཁམས་ཀྱི་དཀའ་ངལ་དང་མི་སྐྱིད་པ་སེལ་གྱི་མེད་པར་ཤེས་ཀྱི་ཡོད།

ནང་ཆོས་ལས། མི་གཞན་དང་། སྤྱི་ཚོགས། དེ་མིན་གྱི་རྐྱེན་མང་པོ་ཞིག་གིས་ང་ཚོའི་དཀའ་ངལ་ཆེ་རུ་གཏོང་གི་ཡོད་ནའང། དེ་རྣམས་དཀའ་ངལ་གྱི་འབྱུང་གཞི་ངོ་མ་མིན་པར་གསུང་གི་ཡོད། ང་ཚོའི་ཀའ་ངལ་གྱི་འབྱུང་གཞི་རྙེད་པར་ཁ་ནང་དུ་ཕྱོགས་ནས་འཚོལ་དགོས་པ་ཡིན། དེ་དག་གི་རྗེས་སུ་གལ་ཏེ་ང་ཚོར་མི་ཚེའི་ནང་མི་སྐྱིད་པའི་ཚོར་སྣང་བྱུང་ཚེ། དེ་ནི་ང་ཚོའི་གནས་སྟངས་ལ་སྤྲད་པའི་བརྡ་ལན་ཞིག་རེད། གང་ཟག་མི་འདྲ་བས་གནས་སྟངས་གཅིག་རང་ལ་བརྡ་ལན་མི་འདྲ་བ་སྤྲོད་ཀྱི་ཡོད། གལ་ཏེ་ང་ཚོས་སོ་སོར་དཔྱད་པ་ཡིན་ནའང། དེ་རིང་གི་དཀའ་ངལ་ལ་བརྡ་ལན་སྤྲོད་སྟངས་དང་སང་ཉིན་གྱི་བརྡ་ལན་སྤྲོད་སྟངས་མི་འདྲ་བ་ཡོད་པ་ཤེས་ཀྱི་ཡོད། གལ་སྲིད་དཀའ་ངལ་གྱི་འབྱུང་ཁུངས་རྣམས་ཕྱིའི་གནས་སྟངས་ཙམ་ཡིན་ན། ང་ཚོས་དུས་རྟག་ཏུ་བརྡ་ལན་གཅིག་མཚུངས་སུ་སྤྲོད་དགོས་ཀྱང་། ང་ཚོས་དེ་ལྟར་སྤྲོད་ཀྱི་མེད། དཔེར་ན། ལས་ཀའི་སྐབས་སུ་ཉིན་མོ་སྐྱིད་པོ་ཞིག་བྱུང་བ་ལྟ་བུ་ནི། རྒྱུ་རྐྱེན་མང་པོས་ང་ཚོའི་བརྡ་ལན་དེ་ག་འདྲ་སེ་སྤྲོད་ཀྱི་ཡོད་པ་ལ་ཤུཌ་རྐྱེན་བྱེད་ཀྱི་ཡོད། འོན་ཀྱང་དེ་དག་ནི་ཕྱི་ཚུལ་གྱི་རྒྱུ་རྐྱེན་སློང་མཁན་ཙམ་ཡིན་པ་ལས།  དེ་ཚོ་རྒྱུ་རྐྱེན་གྱི་རྩ་བའི་འབྱུང་ཁུངས་ལ་ཐུག་གི་མེད།

གལ་ཏེ་ང་ཚོས་སོ་སོ་རང་ཉིད་ལ་དཔྱད་པ་ཡིན་ན། ང་ཚོའི་མི་ཚེའི་ཕྱོགས་སུ་ཡོད་པའི་བསམ་ཕྱོཌ་དང་། སོ་སོ་རང་ཉིད་དང་སོ་སོའི་གནས་སྟངས་ཀྱིས་ཚོར་སྣང་ག་འདྲ་ཞིག་སྐྱེ་གི་ཡོད་པའི་ཐད་ལ་ཁྱད་པར་ཆེན་པོ་བཟོ་གི་ཡོད་པ་མཐོང་ཡག་འགོ་བཙུག་གི་རེད། དཔེར་ན། ང་ཚོར་ཉིན་མོ་སྐྱིད་པོ་ཞིག་བྱུང་བའི་སྐབས་རྟག་ཏུ་སོ་སོ་རང་ཉིད་ལ་བློ་ཕམ་གྱི་ཚོར་སྣང་སྐྱེ་གི་མེད། འོན་ཀྱང་ང་ཚོར་ཉིན་མོ་སྐྱིད་པོ་ཞིག་མ་བྱུང་བའི་སྐབས་སོ་སོ་རང་ཉིད་ལ་ཡ་ང་སྙིང་རྗེའི་ཚོར་སྣང་ཡང་བསྐྱར་འབྱུང་གི་ཡོད་པ་ལྟ་བུ་རེད། མི་ཚེར་ཕྱོགས་པའི་ང་ཚོའི་གཞི་རྩའི་བསམ་ཕྱོགས་དེས་ང་ཚོའི་མི་ཚེ་གང་འདྲ་སེ་མྱོང་གི་ཡོད་པ་ལ་བཟོ་བཅོས་ཤུགས་ཆེན་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་དེ་ལ་ཞིབ་ཏུ་དཔྱད་པ་ཡིན་ན། ང་ཚོའི་བསམ་བློའི་འཁྱེར་ཕྱོགས་རྣམས་རྨོངས་པ་ལ་གཞི་རྩར་བྱས་པར་ཤེས་ཀྱི་རེད།

བརྙན་པར། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། “དེང་སང་བཅུ་ཐོག་ན་གཞོན་ཚོར་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས།”

དཀའ་ངལ་གྱི་འབྱུང་གཞི་རྨོངས་པ།

གལ་ཏེ་ང་ཚོས་རྨོངས་པ་ལ་འཚོལ་ཞིབ་བྱེད་པ་ཡིན་ན། དེའི་རྣམ་པ་གཅིག་ནི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་ཐད་ལ་རྨོངས་པ་དེ་ཡིན། དེ་ཡང་གང་ཞིག་བྱེད་དགོས་པའམ། ཤོད་དགོས་པ། དེའི་འབྲས་བུ་ག་རེ་འབྱུང་མིན་ཐད་ལ་ང་ཚོ་རྨོངས་བསྡད་ཀྱི་ཡོད། ང་ཚོར་ལས་ཀ་གང་འདྲ་ཞིག་རག་མིན་དང། གཉེན་སྒྲིག་བྱེད་དགོས་མིན། ཕྲུ་གུ་སྐྱེ་དགོས་མིན་སོགས་མང་པོ་ཞིག་གི་ཐད་རྨོངས་ནས་བསྡད་སྲིད་པ་ཡིན། གལ་ཏེ་མི་ཞིག་དང་དགའ་ཉེའི་འབྲེལ་བ་ཚུགས་ན། དེའི་རྗེས་ཀྱི་འབྲས་བུ་ག་རེ་ཡོང་གི་ཡོད་པ་ང་ཚོས་ཤེས་ཀྱི་མེད། སོ་སོའི་འདམ་གའི་རྗེས་སུ་ག་རེ་ཡོང་མིན་གྱི་བསམ་བློ་ནི། དོན་ངོ་མར་རང་འདོད་ཡིད་ཆེས། ཡང་ན་ཞེད་སྣང་། ཡང་ན་འཁྲུལ་སྣང་ལ་གཞིར་བྱས་པའི་རྟོག་པའི་འཆར་སྒོ་ཙམ་ཞིག་རེད། གལ་ཏེ་ང་ཚོ་གང་ཟག་ངེས་ཅན་ཞིག་དང་འབྲེལ་བ་དམ་ཟབ་ཚུགས་ན། ཕལ་ཆེར་ང་ཚོའི་སེམས་ནང། དེ་ནི་ལྷ་མོའི་རྟོག་སྒྲུང་ནང་དུ་ཡོད་པ་ནང་བཞིན་མི་ཚེ་སྐྱིད་པོ་ངང་མཐར་སྐྱེལ་བྱེད་རྒྱུ་འཆར་སྲིད། ཡང་འབྲེལ་བ་དམ་ཟབ་ཡོད་ས་དེས་གཡུག་མི་ཡོང་ངམ་བསམ་ནས་ཞེད་སྣང་སྐྱེ་སྲིད་པས། དེ་ལ་ང་ཚོས་སེམས་ཚོར་གྱི་འབྲེལ་ཐག་རིང་པོ་བཞག་གི་ཡོད། གལ་ཏེ་ང་ཚོ་གནས་སྟངས་ཤིག་གི་ནང་མི་སྐྱིད་པ་བྱུང་ཚེ། སྐད་ངན་རྒྱག་ན་གནས་སྟངས་དེ་ཡག་ཏུ་གཏོང་གི་ཡོད་པར་བསམ་གྱི་ཡོད། ང་ཚོར་ཤིན་ཏུ་ནས་མགོ་རྨོངས་པའི་བསམ་ཚུལ་ཞིག་ཡོད་པ་ནི། སོ་སོས་ག་རེ་བྱེད་ཀྱི་ཡོད་པ་དེར་མི་གཞན་གྱིས་བརྡ་ལན་གང་འདྲ་ཞིག་སྤྲོད་མིན་དེ་ཡིན། གལ་ཏེ་ང་ཚོས་སྐད་ངན་རྒྱག་པ་དང་སེམས་ནང་གི་སྐད་ཆ་ཕྱིར་བཤད་ན། ང་ཚོར་བདེ་ཉམས་ཚོར་བ་དང་ཐམས་ཅད་འགྲིག་འགྲོ་གི་ཡོད་པ་བསམ་གྱི་ཡོད་ནའང། དེ་ལྟར་འོང་གི་མེད། རྗེས་སུ་ག་རེ་ཡོང་མིན་ང་ཚོར་ཤེས་འདོད་ཡོད། ང་ཚོས་འ་ཆད་འུ་ཐུག་གིས་སྐར་རྩིས་ལ་ལྟ་བའམ། རྒྱ་ལུགས་སྤར་ཁ་སྟེ། མོ་དེབ་ནང་ཊམ་ཀ་འཕེན་གྱི་ཡོད། ང་ཚོས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེ་ན། དེ་ནི་ང་ཚོར་གནས་སྟངས་ག་རེ་འབྱུང་བར་སྟངས་འཛིན་བྱེད་འདོད་ཡོད་པས་ཡིན།

ནང་ཆོས་ལས། གཏིང་ཟབ་པའི་རྨོངས་པ་ནི། ང་ཚོ་དང་གཞན་སེམས་ཅན་ཇི་ལྟར་གནས་ཀྱི་ཡོད་མིན་དང་འཛམ་གླིང་གི་གནས་ལུགས་ཐོག་ལ་རྨོངས་པ་དེ་ཡིན་པར་གསུང་གི་ཡོད། དེ་བཞིན་སྟངས་འཛིན་གྱི་གནད་དོན་ཡོངས་སུ་རྫོགས་པའི་ཐད་ལ་ང་ཚོ་རྨོངས་བསྡད་ཀྱི་ཡོད། ང་ཚོའི་སེམས་ནང་ག་རེ་འབྱུང་བ་ལ་ཡོངས་སུ་སྟངས་འཛིན་བྱེད་ཐུབ་སྲིད་པའི་བསམ་བློ་འཁོར་གྱི་ཡོད། དཔེར་ན། སོ་སོའི་གློག་ཀླད་དེ་མི་གཞན་སུ་ཞིག་ལའང་བེད་སྤྱོད་བྱེད་མི་བཅུག་པ་ཡིན་ན། དེ་ནམ་ཡང་འཕྲོ་བརླག་འགྲོ་གི་མ་རེད་བསམ་སྲིད། རྒྱུ་མཚན་དེ་ལ་བརྟེན་ནས་སོ་སོའི་རེ་བ་དང་འདོད་པ་ནང་བཞིན་མ་ཡོང་དུས་ང་ཚོ་སུན་སྣང་སྐྱེ་གི་ཡོད། ག་དུས་ཡིན་ནའང་སྟངས་འཛིན་གྱི་ནང་དུ་ཡོད་པ་མི་སྲིད་པ་ཞིག་ཡིན། དེ་ནི་དོན་དངོས་དང་མཐུན་གྱི་མེད། དོན་དངོས་ནི་རྙོག་འཛིངས་ཅན་ཞིག་རེད། ང་ཚོས་ག་རེ་བྱེད་ཀྱི་ཡོད་པ་ཙམ་མིན་པར། ག་རེ་འབྱུང་མིན་ལ་གནད་དོན་མང་པོ་ཞིག་གིས་ཤུགས་རྐྱེན་བྱེད་ཀྱི་ཡོད། དེ་ནི་ང་ཚོས་སྟངས་འཛིན་གང་ཡང་མི་ཐུབ་པའམ་ཕྱི་རོལ་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་བྱས་པ་དེ་འདྲ་གང་ཡང་མིན། ག་རེ་འབྱུང་མིན་ལ་ང་ཚོས་ཆ་རྐྱེན་བསྐྲུན་གྱི་ཡོད། འོན་ཀྱང་ག་རེ་འབྱུང་མིན་ཐད་ཐག་གཅོད་བྱེད་མཁན་གྱི་རྒྱུ་རྐྱེན་ལྟེ་བ་དེ་ང་ཚོ་མ་རེད།

ང་ཚོའི་ཐེ་ཚོམ་དང་ཉེན་སྲུང་མེད་པ་ (insecurity) ལ་བརྟེན་ནས་ང་ཚོས་སོ་སོའི་སྤྱོད་ཚུལ་དེ་གནོད་འཚེ་ཅན་ཡིན་པ་ཧ་མ་གོ་བར་རྟག་ཏུ་གནོད་ཚེ་ཅན་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི། ང་ཚོ་ཉོན་མོངས་དང་བསམ་ཕྱོགས་ངན་པ། དེ་བཞིན་རང་ཤུགས་ཀྱིས་གོམས་པའི་སྤྱོད་ལམ་གྱི་ཤུགས་རྐྱེན་འོག་ཏུ་ཡོད་པ་སོང་ཙང་ཡིན། ང་ཚོས་གཞན་ལ་གནོད་པའི་བྱ་སྤྱོད་སྤེལ་བ་ཙམ་མ་ཟད། གཙོ་བོ་སོ་སོ་རང་ཉིད་ལ་གནོད་པའི་བྱ་སྤྱོད་སྤེལ་གྱི་ཡོད། བཤད་སྟངས་གཞན་ཞིག་གི་སྒོ་ནས་བཤད་ན། ང་ཚོས་སོ་སོ་རང་ཉིད་ལ་དཀའ་ངལ་མང་བ་བཟོ་གི་ཡོད། གལ་ཏེ་ང་ཚོར་དཀའ་ངལ་ཉུང་ཉུང་ངམ་སོ་སོའི་དཀའ་ངལ་ལས་ཐར་འདོད་ཡོད་པ་དང། ད་དུང་དེ་ལས་བརྒལ་ནས་མི་གཞན་ཡང་དཀའ་ངལ་ལས་ཐར་རྒྱུར་རོགས་ཕན་ཐུབ་པའི་འཇོན་ཐང་དགོས་འདོད་ཡོད་ཚེ། ང་ཚོས་སོ་སོའི་ནུས་ཚད་ཀྱི་འབྱུང་ཁུངས་ངོས་ལེན་བྱེད་དགོས་པ་ཡིན།

སོ་སོ་རང་ཉིད་ཀྱི་རྨོངས་པ་སེལ་བ།

ང་ཚོས་སོ་སོའི་དཀའ་ངལ་གྱི་འབྱུང་ཁུངས་དེ་རྨོངས་པ་ཡིན་པར་ངོས་འཛིན་ཐུབ་ཀྱི་ཡོད་པ་ལྟར་བྱས་ན། དེ་ནི་ཤིན་ཏུ་དཀའ་ལས་ཁག་པོ་ཞིག་མ་རེད། མི་མང་པོ་ཞིག་གིས། “ང་དངོས་གནས་མགོ་རྨོངས་སོང། ང་དཀའ་ངལ་ནང་ལྷུང་སོང།” ཞེས་ཟེར་བའི་མཚམས་སུ་སླེབས་ཡོད། བྱས་ན་ག་རེ་བྱེད་དགོས་སམ། བསྙེན་མཚམས་སམ་སློབ་ཚན་སོགས་ཀྱི་ཆེད་དུ་འགྲོ་ནས་འགྲོ་གྲོན་མ་བཏང་གོང་དུ་ང་ཚོས་སོ་སོའི་རྨོངས་པ་སེལ་ཐུབ་སྲིད་པའི་ཡིད་ཆེས་དངོས་སུ་རྙེད་ཀྱི་ཡོད་མེད་ནན་ཏན་གྱི་ཐོག་ནས་བསམ་ཞིབ་བྱེད་དགོས་པ་ཡིན། གལ་ཏེ་རྨོངས་པ་སེལ་ཐུབ་པ་སེམས་ལ་མི་བསམ་པ་ཡིན་ན། ང་ཚོས་ག་རེ་བྱེད་ཡག་གི་ཐབས་ཤེས་བྱེད་ཀྱི་ཡོད་དམ། གལ་ཏེ་ང་ཚོས་སོ་སོའི་རྨོངས་པ་སེལ་ཐུབ་པའི་རེ་བ་ཞིག་ཁོ་ནར་བརྟེན་ནས་འགྲོ་བ་ཡིན་ན། དེ་ནི་ཤིན་ཏུ་བརྟན་པོ་ཞིག་མ་རེད། དེ་ནི་རང་འདོད་ཡིད་ཆེས་ཀྱི་བསམ་ཕྱོགས་ཤིག་རེད། 

ང་ཚོས་ཕལ་ཆེར་རང་དབང་ཞེས་པ་དེ་ཐབས་ལམ་འགའ་ཞིག་གི་ཐོག་ནས་འོང་གི་ཡོད་པར་བསམ་སྲིད། ང་ཚོས་ཕལ་ཆེར་གང་ཟག་གང་ཡང་རུང་བ་ཞིག་གིས་ང་ཚོ་སྐྱོབ་སྲིད་པར་བསམ་སྲིད་ཅིང་། དེ་ཡང་སོ་སོ་ལས་མཐོ་བའི་ལྷའི་རྣམ་པ་སྟེ། དཀོན་མཆོག་ལྟ་བུ་ཡིན་པར་འདོད་པ་དང། དེ་ལ་བརྟེན་ནས་ང་ཚོ་དད་སེམས་དང་ལྡན་པ་ཆགས་ཀྱི་ཡོད་པ་རེད། ཡང་མིན་ན་སོ་སོའི་རྨོངས་པ་ལས་སྐྱོབ་ཆེད་ང་ཚོས་ཆོས་ཕྱོགས་ཀྱི་དགེ་རྒན་ཞིག་གམ་ཆོས་གྲོགས་ཤིག ཡང་ན་གང་ཟག་གང་ཡང་རུང་བ་འཚོལ་སྲིད། གནས་སྟངས་དེ་འདྲའི་སྐབས་སུ་གང་ཟག་གཞན་ལ་བརྟེན་མཁན་དུ་འགྱུར་སླ་བ་དང་ན་ཚོད་མ་ཟིན་པའི་ (immaturely) སྤྱོད་ཚུལ་དུ་སྟོན་སླ་བས། ང་ཚོས་རྒྱུན་དུ་འ་ཆད་འུ་ཐུག་གིས་སོ་སོ་འགྱུར་ཟིན་པའི་ནང་དབྱེ་འབྱེད་མེད་པར་ཡོད་པ་ལས་སྐྱོབ་པའི་ཆེད་གང་ཟག་གང་རུང་ཞིག་འཚོལ་གྱི་ཡོད། ང་ཚོས་རྨོངས་པ་ལས་མ་བྲལ་བའི་གང་ཟག་ཞིག་གདམ་སྲིད་པ་དང་། གང་ཟག་གང་ཡང་རུང་བ་དེའི་རྒྱུད་ཀྱི་ཉོན་མོངས་དང་བསམ་ཕྱོགས་ངན་པ་ལ་བརྟེན་ནས་ང་ཚོའི་བྱིས་བློའི་གཞན་བརྟེན (naive dependency) གྱི་ཁེ་ཕན་ལེན་གྱི་ཡོད། དེ་ནི་མུ་མཐུད་མདུན་བསྐྱོད་བྱེད་པའི་ལམ་བརྟན་པོ་ཞིག་མ་རེད། ང་ཚོས་སོ་སོའི་རྨོངས་པ་ཡོངས་རྫོགས་སེལ་བའི་ཆེད་དུ་ཆོས་ཕྱོགས་ཀྱི་དགེ་རྒན་ཞིག་གམ་འབྲེལ་ལམ་ཞིག་འཚོལ་མི་ཐུབ། ང་ཚོས་སོ་སོ་རང་ཉིད་ཀྱི་རྨོངས་པ་དེ་སེལ་དགོས་ཀྱི་ཡོད།

ཆོས་ཕྱོགས་ཀྱི་དགེ་རྒན་ཞིག་གམ་འདུག་རོགས་ཞིག་དང་ལྷན་དུ་ཡོད་པའི་འབྲེལ་བ་ཞིག་གིས་ཕན་ནུས་ལྡན་པའི་གནས་སྟངས་ཤིག་མཁོ་སྤྲོད་བྱེད་ཐུབ་ཀྱང་། དེ་ནི་འབྲེལ་བ་གཙང་མ་ཞིག་ཡིན་པའི་སྐབས་ཁོ་ནར་འོང་བ་ཡིན། དེ་གཙང་མ་མེད་ན་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད། དེས་རྨོངས་པ་ཆེ་རུ་གཏོང་བ་ཡིན། ཐོག་མར་ང་ཚོས་སོ་སོའི་དགེ་རྒན་ཡང་དག་པ་དང་ཆོས་གྲོགས་ཡང་དག་པ་ཡིན་པར་བསམ་བཞིན་དུ་དེ་ལས་གཞན་དུ་ཁས་མི་ལེན་པའི་དགག་བྱ་གཏིང་ཚུགས་པ་ཞིག་ཏུ་གནས་ཐུབ་ནའང། མཐར་ང་ཚོའི་བཅོས་ལྷད་བྲལ་བའི་རང་བཞིན་དེ་ཡལ་འགྲོ་གི་ཡོད། ང་ཚོས་གང་ཟག་གཞན་གྱི་ཞན་ཆ་དང་། གཞན་གྱིས་སོ་སོའི་རྨོངས་པ་ཡོངས་རྫོགས་སེལ་རྒྱུ་མིན་པར་མཐོང་འགོ་ཚུགས་པའི་སྐབས་ཡིད་ཆེས་བརླག་གི་ཡོད། ང་ཚོར་བསླུ་བྲིད་བྱས་པའི་ཚོར་སྣང་ཡོང་གི་ཡོད། ང་ཚོའི་དད་པ་དང་ཡིད་ཆེས་དེ་བསླུས་ཚར་བ་རེད། དེ་ནི་ཚོར་སྣང་ཞེད་སྣང་ཚ་པོ་ཞིག་རེད། ཐོག་མ་ཉིད་ནས་དེ་ལས་གཡོལ་ཐབས་བྱེད་རྒྱུ་དཔེ་གལ་ཆེན་པོ་རེད། ང་ཚོས་སྔོན་འགོག་ཐབས་ལམ་ལག་བསྟར་བྱེད་དགོས་པ་དང་། ག་རེ་ཐུབ་པ་དང་ག་རེ་མི་ཐུབ་པ་ང་ཚོས་ཤེས་དགོས། ཆོས་ཕྱོགས་དགེ་རྒན་གྱིས་གང་སྒྲུབ་ཐུབ་པ་དང་གང་སྒྲུབ་མི་ཐུབ་བམ། དེ་འདྲའི་ཡིད་ཆེས་བརླག་པ་དེ་ཟློག་པའི་ཆེད་དུ་ང་ཚོས་སྔོན་འགོག་ཐབས་ལམ་ལག་བསྟར་བྱེད་དགོས་ཀྱི་ཡོད།

ང་ཚོས་རྨོངས་པ་དང་བྲལ་བའི་སེམས་ཀྱི་གནས་བབས་ཤིག་གོང་འཕེལ་གཏོང་དགོས། རྨོངས་པའི་ལྡོག་ཕྱོགས་ཤེས་རྟོགས་ཀྱིས་རྨོངས་པ་མི་སྐྱེ་བའི་སྔོན་འགོག་བྱེད་ཀྱི་རེད། སངས་རྒྱས་པའི་ཆོས་བྱེད་ཚུལ་དེ་སོ་སོའི་བསམ་བློའི་འཁྱེར་ཕྱོགས་དང་། སེམས་ཚོར་ངན་པ་ཉོན་མོངས་པ། ངང་ངམ་ཤུགས་ཀྱིས་བྱུང་བའི་སེམས་ཀྱི་གཡོ་བའམ་དབང་རྩ་འཁྲུགས་པའི་གཤིས་སྤྱོད་ལ་ཁ་ནང་བལྟས་ཀྱི་དཔྱད་པ་དང་དོ་སྣང་ལྡན་པ་དགོས། དེའི་དོན་ནི་སོ་སོ་རང་ཉིད་ནས་ཡིད་དུ་མི་འོང་ཞིང་ཁས་ལེན་མི་ཐུབ་པའི་གནས་རྣམས་མཐོང་འདོད་ཡོད་པ་ཞིག་དགོས། ང་ཚོས་སོ་སོའི་དཀའ་ངལ་གྱི་རྐྱེན་བྱེད་བཞིན་པའི་གནས་སམ་སོ་སོའི་དཀའ་ངལ་གྱི་རྟགས་མཚན་ལ་དོ་སྣང་བྱུང་བའི་ཚེ། དེ་དག་འཇོམས་པར་བྱེད་པ་ལ་དེའི་ལྡོག་ཕྱོགས་ཀྱི་གཉེན་པོ་སྤྱོད་དགོས། དེ་དག་ཚང་མ་སློབ་སྦྱོང་དང་སྒོམ་ཉམས་ལེན་ལ་གཞི་བཅོལ་བ་ཡིན། ང་ཚོས་ཉོན་མོངས་དང་བསམ་ཕྱོགས་ངན་པ་ངོས་འཛིན་དང་དེ་གང་ལས་བྱུང་བ་ཤེས་རྟོགས་བྱེད་དགོས་པ་ཡིན།

སྒོམ།

སྒོམ་གྱི་དོན་ནི། ང་ཚོས་སྟངས་འཛིན་བྱས་པའི་གནས་སྟངས་ཤིག་གི་ནང་ཁ་གཏད་སྣ་ཚོགས་སྤྱོད་རྒྱུ་ཉམས་སུ་བླངས་ཏེ་དེ་དག་སྤྱོད་ཚུལ་ལ་གོམས་འདྲིས་ཆགས་པ་ལ་བརྟེན་ནས་མི་ཚེ་ངོ་མའི་ནང་ལག་བསྟར་བྱེད་ཐུབ་པ་དེ་ཡིན། དཔེར་ན། གལ་ཏེ་གང་ཟག་གཞན་དག་གིས་སོ་སོའི་འདོད་མོས་ལྟར་མ་བྱས་ཚེ་དེ་རྣམས་ལ་ཁོང་ཁྲོ་ལངས་པ་ཡིན་ན། སྒོམ་གྱི་ནང་ང་ཚོས་གནས་སྟངས་དེ་དག་ལ་བསམ་བློ་གཏོང་བ་དང་། དེ་དག་ལ་ལྟ་ཚུལ་མི་འདྲ་བ་ཞིག་ནས་དཔྱོད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། གང་ཟག་གཞན་གྱིས་རྒྱུ་མཚན་འདྲ་མིན་མང་པོ་ལ་བརྟེན་ནས་བློར་མི་འགྲོ་བའི་བྱ་སྤྱོད་སྤེལ་གྱིན་ཡོད། ཁོའམ་མོས་ང་ཚོར་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་སྡང་སེམས་ཀྱིས་བྱ་སྤྱོད་སྤེལ་གྱིན་ཡོད་པའི་ངེས་པ་མེད། སྒོམ་རྒྱག་སྐབས་ང་ཚོས། “ད་ནས་ངའི་གྲོགས་པོས་ང་ལ་དགའ་གི་མི་འདུག གང་ཡིན་ཞེ་ན། ཁོའམ་མོས་ང་ལ་ཁ་པར་བཏང་མ་བྱུང།” ཞེས་པའི་བསམ་བློའི་འཁྱེར་ཕྱོགས་དེ་ལྟ་བུ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད།

གལ་ཏེ་ང་ཚོས་གནས་སྟངས་དེ་རིགས་བརྒྱུད་པའི་སྐབས་སེམས་གྱི་གནས་སྐབས་དེ་ལྷོད་པོ་དང། གོ་རྟོགས་ལྡན་པ། བཟོད་བསྲན་ཅན་ཞིག་ཏུ་ཉམས་ལེན་བྱེད་ཐུབ་པ་ཡིན་ན། དེ་ནས་སོ་སོའི་གྲོགས་པོ་ཞིག་གིས་བདུན་ཕྲག་གཅིག་གི་རིང་ཁ་པར་མ་བཏང་བ་ཡིན་ནའང་ང་ཚོར་སེམས་སྡུག་དང་ཁོང་ཁྲོ་ཡོང་གི་མེད། ང་ཚོར་སེམས་སྡུག་དང་ཁོང་ཁྲོ་སྐྱེ་འགོ་ཚུགས་པའི་སྐབས་གང་ཟག་དེར་ལས་བྲེལ་ཤིན་ཏུ་ཆེན་པོ་ཡོད་སྲིད་པར་དྲན་པ་དང་། ང་ཚོ་གང་ཟག་དེའི་མི་ཚེའི་ནང་གལ་འགངས་ཆེ་ཤོས་ཀྱི་མི་ཡིན་སྙམ་པའི་བསམ་བློ་ནི་བདག་གཅེས་འཛིན་ཡིན་པར་དྲན་གྱི་ཡོད། དེས་ང་ཚོའི་སེམས་སྡུག་དང་ཁོང་ཁྲོ་འཇོམས་པར་ཕན་ཐོགས་བྱེད་ཀྱི་ཡོད་པ་རེད།

ནང་ཆོས་ཉམས་ལེན་ནི་དུས་ཚོད་ཆ་ཚང་སྤྱོད་པའི་འཚོ་ཐབས་ཤིག་ཡིན།

སངས་རྒྱས་པའི་ཆོས་ཉམས་ལེན་ནི། རང་ཉིད་དགའ་མོས་ཡོད་པའི་དབྱིངས་ལས་ཤིག་མ་རེད་ལ། དེ་ནི་ལུས་རྩལ་གྱི་ཚུལ་དུའམ་ལྷོད་ཡངས་ཆེད་དུ་བྱེད་རྒྱུའི་རིགས་ཤིག་ཀྱང་མ་རེད། ནང་ཆོས་ཀྱི་ཉམས་ལེན་ནི། དུས་ཚོད་ཆ་ཚང་སྤྱོད་དགོས་པའི་ལས་ཀ་ཞིག་རེད། ང་ཚོའི་ལས་ཀ་ནི། མི་ཚེའི་ནང་གནད་དོན་གང་འདྲ་ཞིག་བྱུང་ནའང་དེའི་ཐད་སོ་སོའི་བསམ་བློའི་འཁྱེར་ཕྱོགས་ཡར་རྒྱས་གཏོང་རྒྱུ་དེ་ཡིན། དཔེར་ན། གལ་སྲིད་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱམས་བརྩེ་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད་ན། དེ་ནི་རང་རང་སོ་སོའི་ཁྱིམ་ཚང་ནང་ལག་བསྟར་བྱེད་དགོས། མི་མང་པོ་ཞིག་ནི་རང་སོ་སོའི་སྡོད་ཤག་ཏུ་བསྡད་ནས་བྱམས་བརྩེ་སྒོམ་གྱི་ཡོད་ཀྱང་། ཁོ་ཚོས་སོ་སོའི་ཕ་མའམ། ཡང་ན་འདུག་རོགས་མཉམ་དུ་འཆམ་མཐུན་བྱེད་ཐུབ་ཀྱི་མེད་པ་དེ་སེམས་སྐྱོ་པོ་རེད།

མཐའ་གཉིས་སྤོང་བ།

རང་རང་སོ་སོའི་ཁྱིམ་དང་ལས་ཀའི་སྐབས་ཀྱི་མི་ཚེའི་གནས་སྟངས་ངོ་མར་ནང་ཆོས་ལག་ལེན་བསྟར་ཐབས་བྱེད་པའི་སྐབས་སུ་ང་ཚོས་མཐའ་གཉིས་སྤོང་དགོས་པ་ཡིན། མཐའ་གཅིག་ནི། སྐྱོན་དང་ཉེས་པ་ཐམས་ཅད་གཞན་གྱི་ཐོག་ཏུ་འགེལ་བ་དེ་ཡིན། མཐའ་གཞན་ནི། སྐྱོན་དང་ཉེས་པ་ཐམས་ཅད་སོ་སོའི་ཐོག་ཏུ་འགེལ་བ་དེ་ཡིན་པ་རེད། ང་ཚོའི་མི་ཚེའི་ནང་གང་བྱུང་གི་ཡོད་པ་ནི་ཧ་ཅང་གི་རྙོག་འཛིངས་ཅན་ཞིག་རེད། ཕྱོགས་གཉིས་ཀས་རྐྱེན་བྱེད་ཀྱི་ཡོད་པ་སྟེ། གཞན་གྱིས་རྐྱེན་བྱེད་ཀྱི་ཡོད་ལ། ང་ཚོས་ཀྱང་རྐྱེན་བྱེད་ཀྱི་ཡོད། ང་ཚོས་གཞན་གྱི་སྤྱོད་ལམ་དང་བསམ་བློའི་འཁྱེར་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་འབད་བརྩོན་བྱེད་ཆོག འོན་ཀྱང་ང་རང་ཚོ་ཚང་མ་སོ་སོ་སྒེར་གྱི་མྱོང་བ་ལས་ཤེས་གསལ་ལྟར། དེ་ནི་ཧ་ཅང་ལས་སླ་པོ་ཞིག་མ་རེད། དམིགས་བསལ་གྱི་གལ་སྲིད་ང་ཚོས་སོ་སོ་རང་ཉིད་སྐྱོན་མེད་པ་དང་། སྐྱེས་བུ་དམ་པའི་ངོ་བོར་བརྫུས་ནས་གཞན་ལ་སྡིག་ཉེས་ཅན་དུ་སྐྱོན་འཛུགས་བྱས་པའི་སྐབས་སུ་ལས་སླ་པོ་ཞིག་རྩ་ནས་མེད། སོ་སོ་རང་ཉིད་ལ་འགྱུར་བ་གཏོང་ཐབས་བྱེད་རྒྱུ་དེ་རྦད་དེ་ལས་སླ་བ་ཡོད། གལ་ཏེ་གང་ཟག་གཞན་རྣམས་ང་ཚོའི་བསམ་འཆར་ལ་གོ་ཤེས་ཅན་དང་། བསམ་འཆར་དེ་ལ་བརྟེན་ནས་ཁོང་ཚོ་དྲག་ཤུལ་ཅན་དུ་མི་འགྱུར་བ་ཡིན་ན། ང་ཚོས་མི་གཞན་ལ་བསམ་འཆར་འདོན་ཆོག ཡིན་ནའང་ལས་ཀ་མང་ཆེ་བ་དེ་ནི་སོ་སོ་རང་ཉིད་ཀྱི་ཐོག་ཏུ་ཡོད་པ་རེད།

སོ་སོ་རང་ཉིད་ཀྱི་ཐོག་ཏུ་ནུས་ཤུགས་འདོན་པའི་སྐབས་སུ་ང་ཚོས་མཐའ་གཞན་གཉིས་ལ་ལྟ་ཞིབ་བྱེད་དགོས་པ་ནི། སོ་སོའི་ཚོར་བ་དང་མཉམ་དུ་རྩེ་གཅིག་ཏུ་གཞོལ་བའམ། ཡང་ན་དེ་དག་ནམ་ཡང་ཤེས་རྟོགས་མ་བྱུང་བ་གཉིས་ཡིན། དང་པོ་ནི། རང་གཅེས་འཛིན་གྱི་རྩེ་གཅིག་ཏུ་གཞོལ་བ་ཡིན། ང་ཚོས་སོ་སོས་ག་རེ་ཚོར་མིན་གཅིག་པུ་ལ་དོ་འཁུར་བྱེད་ཅིང། གང་ཟག་གཞན་ཚོས་ག་རེ་ཚོར་གྱིན་ཡོད་མེད་ལ་སྣང་མེད་གཏོང་གི་ཡོད། སོ་སོས་ག་རེ་ཚོར་མིན་དེ་གཞན་གྱི་ག་རེ་ཚོར་བཞིན་ཡོད་པ་ལས་ཧ་ཅང་གི་གལ་ཆེ་བའི་བསམ་བློར་ཕྱོགས་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་སོ་སོའི་ཚོར་བ་ལ་འབྲེལ་མེད་དོན་གཞན་དུ་བསྐྱུར་བའམ་སྦིར་སྨན་གྱིས་ཚོར་ཤེས་བཅོམ་པ་བཞིན་དུ་གང་ཡང་ཚོར་གྱི་མེད་པ་རེད། མཐའ་དེ་རྣམས་སྤོང་བ་ལ་ཆ་སྙོམ་ལ་ཡང་དག་པའི་ལམ་དབུ་མ་ཞིག་དགོས་ཀྱི་ཡོད། དེ་ནི་ཧ་ཅང་གི་ལས་སླ་པོ་ཞིག་མ་རེད།

གལ་ཏེ་ང་ཚོས་རྟག་ཏུ་སོ་སོ་རང་ཉིད་ལ་ལྟ་ཞིབ་བྱེད་ཀྱིན་བསྡད་ཚེ་དེས་གཉིས་སུ་སྣང་བའི་སྣང་བ་ཞིག་སྐྲུན་གྱི་ཡོད་པ་ནི། སོ་སོ་རང་ཉིད་དང་སོ་སོས་ག་རེ་ཚོར་བཞིན་པའམ་བྱེད་བཞིན་པ་གཉིས་རེད། དེར་བརྟེན་མི་གཞན་ཞིག་དང་འབྲེལ་བ་ངོ་མ་ཞིག་མེད་པའམ་མི་གཞན་དང་ལྷན་དུ་འདྲིས་མི་ཐུབ་པ་ཡིན། ང་ཚོའི་དམིགས་པའི་ཆ་ཤས་ཀུན་སློང་དང་བསམ་བློའི་འཁྱེར་ཕྱོགས་ལ་འཇོག་པའི་སྐབས་ཐབས་ངོ་མ་ནི། རང་བཞིན་དང་ལྷག་བསམ་གྱི་ཐོག་ནས་འབྲེལ་བ་དང་བྱ་སྤྱོད་སྤེལ་དགོས་པ་དེ་ཡིན། གང་ལྟར་ཡང་། ང་ཚོས་དེ་ལྟར་འབད་བརྩོན་བྱེད་དགོས་ཤིང་། དེ་ཡང་སོ་སོ་མི་གཞན་དང་མཉམ་དུ་མེད་པ་ལྟ་བུའི་ཚུལ་བཟུང་སྟེ་གས་ཆག་ཤོར་བའི་ལམ་ཞིག་མ་ཆགས་པའི་ཐོག་ནས་བྱེད་དགོས། གལ་ཏེ་ང་ཚོས་མི་གཞན་ཞིག་དང་འབྲེལ་བ་བྱེད་པའི་བརྒྱུད་རིམ་ནང་སོ་སོའི་ཀུན་སློང་དང་ཚོར་སྣང་ལ་བརྟག་དཔྱད་བྱེད་ཀྱི་ཡོད་ན། སྐབས་རེ་མི་དེ་ལ་གནད་དོན་གང་ཡིན་པ་རྣམས་བཤད་ན་ཕན་ཐོགས་ཡོད་རེད། ཡིན་ནའང། མི་དེ་ལ་ཤོད་དགོས་ཀྱི་འདུག་སྙམ་པའི་ཚོར་སྣང་ནི་རང་གཅེས་འཛིན་ཞིག་རེད། ང་ཚོས་ག་རེ་ཚོར་གྱིན་ཡོད་པ་དེར་མི་གཞན་ཚོས་རྒྱུན་དུ་དགའ་མོས་ཡོང་གི་མེད། ཁོང་ཚོས་ཤེས་འདོད་ཡོད་རེད་བསམ་པ་ཚོར་བ་ནི་ཧ་ཅང་རང་མཐོང་ཆེན་པོ་རེད། རང་འདོད་དོན་དུ་གཉེར་བཞིན་དུ་བྱ་སྤྱོད་སྤེལ་འགོ་འཛུགས་ཀྱིན་ཡོད་པ་དོ་སྣང་བྱུང་བའི་སྐབས་ང་ཚོས་དེ་བཀག་འགོག་བྱེད་དགོས་པ་ལས། དེ་ཁྲོམ་བསྒྲགས་བྱེད་དགོས་དོན་མེད།

མཐའ་གཞན་གཉིས་ནི། ང་ཚོ་ཚང་མ་ངན་པ་ཡིན་པའམ། ཡང་ན་ཚང་མ་བཟང་པོ་ཡིན་པ་དེ་རེད། གལ་ཏེ་ང་ཚོས་སོ་སོའི་དཀའ་ངལ་དང། སོ་སོའི་དཀའ་རྙོག སོ་སོའི་ཉོན་མོངས་པའི་སེམས་ཚོར་ངན་པ་རྣམས་ལ་ང་ཚོས་དོ་ནན་ཆེན་པོ་ཞེ་དྲག་སྤྲད་པ་ཡིན་ན། ང་ཚོར་སོ་སོ་མི་སྡུག་ཅག་ཡིན་པའི་ཚོར་སྣང་སླེབ་འགོ་ཚུགས་ཡོང་གི་ཡོད། དེ་ལས་སླ་པོའི་ངང་ནག་ཉེས་ཀྱི་ངོ་བོར་ཉམས་གུད་འགྲོ་གི་ཡོད། དེ་ནས་ “ངས་ཉམས་ལེན་བྱེད་དགོས་འདུག གལ་ཏེ་དེ་ལྟར་མ་བྱས་ན།  ང་མི་ངན་པ་ཞིག་རེད།” ཅེས་བསམ་གྱི་ཡོད། དེ་ནི་ཉམས་ལེན་ལ་ཧ་ཅང་གི་དབང་རྩ་འཁྲུགས་པའི་གཤིས་སྤྱོད་ཀྱི་གཞི་རྩ་ཞིག་ཡིན་པ་རེད།

ང་ཚོས་མཐའ་གཞན་དེ་ཡང་སེལ་དགོས་ཀྱི་ཡོད། དེ་ནི་ང་ཚོ་ཡོད་པའི་བཟང་པོའི་ཆ་རྣམས་ལ་དོ་ནན་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད་པ་དེ་ཡིན། དེ་ཡང་ “ང་ཚོ་ཚང་མ་སྐྱོན་མེད་ཡང་དག་པ་ཞིག་ཡིན་པ་དང་། ང་ཚོ་ཚང་མ་སངས་རྒྱས་ཡིན་པ། ཐམས་ཅད་ངོ་མཚར་ཅན་རེད།” ཅེས་བསམ་གྱི་ཡོད། དེ་ནི་ཉེན་ཚབས་ཆེན་པོ་ཞིག་རེད། གང་ཡིན་ཞེ་ན། དེས་ཤུགས་བསྟན་དུ་ང་ཚོས་གང་ཡང་བློས་གཏོང་བྱེད་མི་དགོས་ཤིང། ང་ཚོའི་ངན་ཕྱོགས་ཀྱི་རིགས་གང་ཡང་འགོག་མི་དགོས་པར། ང་ཚོས་བྱེད་དགོས་པ་ནི་སོ་སོའི་རྒྱུད་ལ་ཡོད་པའི་གཞི་རྩའི་ཡོན་ཏན་ཁམས་བདེ་བར་གཤེགས་པའི་སྙིང་པོ་མཐོང་རྒྱུ་དེ་ཡིན། དེ་ཡང་ “ང་ནི་ངོ་མཚར་ཅན་ཞིག་ཡིན། ང་ནི་སྐྱོན་མེད་ཡང་དག་པ་ཡིན། ངས་རང་ཉིད་ཀྱི་ངན་ཕྱོགས་ཀྱི་སྤྱོད་ཚུལ་འགོག་དགོས་ཀྱི་མེད། ང་ནི་སངས་རྒྱས་ཡིན་” ཞེས་བསམ་ནས་བསྡད་ན་འགྲིག་གི་མེད། ང་ཚོར་བཏང་སྙོམས་དང་དབུ་མའི་ལམ་ཤིག་དགོས་ཀྱི་ཡོད། གལ་ཏེ་ང་ཚོ་སོ་སོ་རང་ཉིད་ཀྱི་ཐོག་ཧ་ཅང་གིས་བློ་ཞུམ་པའི་ཚོར་སྣང་ཞིག་འོང་བཞིན་ཡོད་ན། ང་ཚོས་སྐྱོན་ཆ་ཚང་མ་སྤངས་ནས་སངས་རྒྱས་པའི་ནུས་པ་དེ་སོ་སོ་ལ་ཡོད་པ་དྲན་གསོ་བྱེད་དགོས་ཤིང། གལ་ཏེ་ང་ཚོར་སྣང་མེད་ཀྱི་ཚོར་སྣང་ཕྲན་ཙམ་འོང་བཞིན་ཡོད་ན། ང་ཚོས་སོ་སོའི་ངན་ཕྱོགས་ཀྱི་རིགས་ལ་དོ་ནན་བྱེད་དགོས།

འགན་འཁྲི་ལེན་པ།

གཞི་རྩའི་ཐོག་ནས་སོ་སོའི་ཡར་རྒྱས་དང་སོ་སོའི་དཀའ་རྙོག་སེལ་རྒྱུར་ང་ཚོས་སོ་སོའི་འགན་འཁྲི་སོ་སོས་ལེན་དགོས། ང་ཚོར་གཞན་ལ་ཕན་གྲོགས་བྱེད་དགོས་པ་ནི་བཤད་མི་དགོས། དེ་རང་ཉིད་གཅིག་པུས་བྱེད་རྒྱུ་ནི་ལས་སླ་པོ་ཞིག་མེད། ང་ཚོར་ཆོས་ཕྱོགས་ཀྱི་བཤེས་གཉེན་ནམ་སོ་སོའི་ཆོས་ཕྱོགས་སྤྱི་ཚོགས་ཀྱི་གང་ཟག་བསམ་ཚུལ་མཚུངས་པ་དང་། སོ་སོའི་དཀའ་ངལ་སོ་སོ་རང་གིས་སེལ་ཐབས་བྱེད་པ་མ་གཏོགས་གཞན་ལ་ཁག་མི་དཀྲི་མཁན་དེ་ཚོ་ལས་ཕན་གྲོགས་འཐོབ་ཐུབ། རྒྱུ་མཚན་དེ་ལ་བརྟེན་ནས་ཕན་ཚུན་མཉམ་སྦྲེལ་གྱི་འབྲེལ་ལམ་ནང་བསམ་བློའི་འཁྱེར་སོ་གཅིག་མཚུངས་སུ་མཉམ་སྤྱོད་བྱེད་དགོས། ཁྱད་པར་དུ་དཀའ་རྙོག་གང་འདྲ་ཞིག་བྱུང་ནའང་གཞན་ལ་ཁག་མི་དཀྲི་མཁན་ཞིག་དགོས་པ་གལ་ཆེ། གལ་ཏེ་རོགས་ཟླ་གཉིས་ཀས་ཕན་ཚུན་ཁག་དཀྲི་རེས་བྱེད་ཀྱིན་ཡོད་ན། དེས་ལས་དོན་རྩ་བ་ནས་སྒྲུབ་ཐབས་མེད། གལ་ཏེ་གང་ཟག་དེ་གཉིས་ལས་གཅིག་གིས་སོ་སོའི་སྐྱོན་སེལ་བ་དང་གཞན་དེས་ཁག་དཀྲི་གི་ཡོད་ན། དེས་ཀྱང་ལས་དོན་སྒྲུབ་མི་ཐུབ། གལ་ཏེ་ང་ཚོ་གང་ཟག་གཞན་དེས་སྐྱོན་འཛུགས་བྱེད་པའི་འབྲེལ་ལམ་ཞིག་གི་ནང་འཚུད་ཟིན་ནའང། ང་ཚོས་སོ་སོའི་ངོས་ནས་མཐུན་རྐྱེན་ག་རེ་སྦྱོར་ཐུབ་མིན་ལ་ལྟ་བཞིན་ཡོད་པས། འབྲེལ་ལམ་དེ་གཅོད་དགོས་པའི་རྒྱུ་མཚན་ཆགས་ཀྱི་མེད། འོན་ཀྱང་དེ་ལས་ཀྱང་དཀའ་ལས་ཆེ་བ་ཞིག་རེད། ང་ཚོས་འབྲེལ་ལམ་དེའི་ནང་གི་ཐམས་ཅད་བློས་གཏོང་བྱེད་མཁན་གྱི་དཔའ་བོ་བྱེད་རྒྱུ་དེ་སྤོང་ཐབས་བྱེད་དགོས་ཀྱི་ཡོད། དེ་ཡང་ “ངས་དེ་དག་ཚང་མ་བཟོད་བསྲན་བྱེད་ཀྱིན་ཡོད། དེ་ནི་ཧ་ཅང་དཀའ་ལས་ཁག་པོ་འདུག” ཅེས་བསམ་པ་ནི། ཡོངས་རྫོགས་དབང་རྩ་འཁྲུགས་པའི་བྱ་སྤྱོད་དུ་ཆགས་སྲིད་པ་རེད།

སེམས་སྐུལ་འཐོབ་པ།

ནང་པ་སངས་རྒྱས་པའི་ཆོས་ཀྱི་ལམ་ནི་ལས་སླ་པོ་ཞིག་མེད། འདིས་ང་རང་ཚོའི་མི་ཚེ་འདི་ཡིད་དུ་མི་འོང་བའམ་མདོག་ཉེས་པོ་ཡོད་པའི་རང་བཞིན་དང་འབྲེལ་བ་ཞིག་ཡིན། ང་ཚོས་མུ་མཐུད་ནང་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱེད་པ་ལ་ནུས་ཤུགས་དང་སེམས་སྐུལ་གྱི་འབྱུང་ཁུངས་བརྟན་པོ་དགོས་ཀྱི་ཡོད། གལ་ཏེ་ང་ཚོའི་སེམས་སྐུལ་གྱི་འབྱུང་ཁུངས་དེ་དགེ་རྒན་གྱིས་རྫུ་འཕྲུལ་གྱི་སྒྲུང་ཡ་མཚན་ཅན་ཤོད་པ་དང་། དགེ་རྒན་རང་ཉིད་ཀྱི་སྐོར་རམ་ནང་པའི་ཆོས་འབྱུང་ལོ་རྒྱུས་ནང་གང་ཟག་གཞན་གྱི་སྐོར་སོགས་ཤོད་པ་དེ་སེམས་སྐུལ་གྱི་འབྱུང་ཁུངས་བརྟན་པོ་ཞིག་ཆགས་མི་ཐུབ། དེ་ཏན་ཏན་སྤྲོ་སེམས་འཁོལ་བ་འོང་སྲིད་ནའང། དེས་ང་ཚོར་ཕན་ནུས་གང་འདྲ་བྱེད་ཀྱི་ཡོད་མེད་ཐད་ལ་ང་ཚོས་བརྟག་དཔྱད་བྱེད་དགོས། མི་མང་པོ་ཞིག་ལ་དེས་རྟོག་བཏགས་ཀྱི་འཇིག་རྟེན་ཞིག་ཁ་སྣོན་བྱས་ནས་དེའི་ནང་ང་ཚོས་རྫུ་འཕྲུལ་གྱི་ལམ་ནས་ཐར་པ་རེ་སྒུག་བྱེད་བཞིན་ཡོད་ལ། ང་ཚོས་སྒྱུ་མ་མཁན་གཙོ་བོ་ཁ་ཤས་ཀྱིས། ཁོང་རང་ཚོའི་རྫུ་འཕྲུལ་གྱི་ནུས་པ་ལ་བརྟེན་ནས་ང་ཚོ་སྐྱོབ་རྒྱུའམ།  ཡང་ན་ང་ཚོས་གློ་བུར་དུ་རྫུ་འཕྲུལ་གྱི་གནས་དེ་རྣམས་སོ་སོ་རང་ཉིད་ནས་ཡར་རྒྱས་གཏོང་ཐུབ་པ་ཞིག་ཡོང་བའི་འཆར་སྣང་སྐྱེ་གི་ཡོད། ང་ཚོས་ཡ་མཚན་ཅན་གྱི་སྒྲུང་དེ་དག་ལ་ཡིད་གཟབ་བྱེད་དགོས། དེ་ལྟ་བུས་ང་ཚོའི་དད་པ་ལ་སོགས་པར་སེམས་སྐུལ་ཐེབས་པ་བྱེད་སྲིད་པས་དེ་ཕན་ཐོགས་ཡོང་སྲིད། འོན་ཀྱང་དེ་བྱིན་རླབས་ཀྱི་གཞི་རྩ་བརྟན་པོ་ཞིག་མ་རེད། ང་ཚོར་གཞི་རྩ་བརྟན་པོ་ཞིག་དགོས།

ཚད་དང་ལྡན་ལ་ཡང་དག་པའི་དཔེ་ཞིག་ནི་སངས་རྒྱས་ཁོ་རང་ཡིན་པ་རེད། སངས་རྒྱས་ཀྱིས་སྒྲུང་ཡ་མཚན་ཅན་གསུངས་ནས་འདུལ་བྱ་རྣམས་ལ་སེམས་སྐུལ་གནང་བའམ་ཁོང་ཚོ་ཡིད་དབང་འཕྲོག་ཏུ་འཇུག་རྒྱུའི་འབད་བརྩོན་གནང་མེད། ཁོང་གིས་གང་སར་བསྐྱོད་ནས་གདུལ་བྱ་རྣམས་བྱིན་གྱིས་རློབས་པ་ལ་སོགས་པའི་རིགས་གནང་མེད། ནང་པའི་ཆོས་ཀྱི་མགོ་ནས་མཇུག་བར་དུ་བསྐྱར་ཟློས་བྱས་ཏེ་སངས་རྒྱས་ནི་ཉི་མ་ལྟ་བུ་ཡིན་པར་དཔེར་བཞག་ཡོད། ཉི་མས་མི་རྣམས་ལ་ཚ་དྲོད་སྤྲོད་ཐབས་བྱེད་ཀྱི་མེད་པར། ཉི་མའི་ངོ་བོའི་ཆ་ནས་རང་བཞིན་གྱིས་སྐྱེ་འགྲོ་ཚང་མར་ཚ་དྲོད་རང་ཆས་སུ་སྟེར་གྱི་ཡོད། སྒྲུང་ཡ་མཚན་ཅན་ཐོས་པའམ་སྐུ་འདྲའི་འོག་ཏུ་སྤྱི་བོ་གཏུགས་པའམ། ཡང་ན་སྐེ་ལ་ལྗགས་མདུད་དམར་པོ་བཏགས་པ་ལ་བརྟེན་ནས་རང་ཉིད་མཐོ་བའི་སྣང་བ་ཞིག་སླེབ་སྲིད་ནའང་། དེ་ནི་བརྟན་པོ་ཞིག་མེད། སེམས་སྐུལ་གྱི་འབྱུང་ཁུངས་བརྟན་པོ་ཞིག་ནི། ནང་ཆོས་ཉམས་ལེན་བྱས་པའི་འབྲས་བུ་ལ་བརྟེན་ནས་རང་གི་བླ་མ་མི་ཞིག་ཡིན་པའི་ངོ་བོའི་ཐོག་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཁོའམ་མོའི་གཤིས་རྒྱུད་དེ་ཡིན། དེ་ནི་སེམས་སྐུལ་ཐེབས་ཚུལ་ཡིན་ཞིང། མི་ཞིག་གིས་ང་ཚོར་སྤྲོ་སྣང་སྦྱིན་པའི་བྱ་སྤྱོད་ག་ལ་ཡིན་ཏེ་མ་ཡིན། དེ་སྤྲོ་སེམས་འཁོལ་བའི་ཡ་མཚན་ཅན་གྱི་སྒྲུང་ཞིག་མིན་ནའང། དེས་ང་ཚོར་སེམས་སྐུལ་གྱི་ཚོར་བ་བརྟན་པོ་ཞིག་སྟེར་གྱི་ཡོད།

ང་ཚོ་ཡར་རྒྱས་འགྲོ་བའི་སྐབས་སོ་སོ་ཡར་རྒྱས་ཀྱིས་སོ་སོར་སེམས་སྐུལ་ཐེབས་ཐུབ་ཀྱི་ཡོད། དེ་ནི་རྫུ་འཕྲུལ་གྱི་ནུས་པ་ལས་བྱུང་བ་མ་ཡིན་པར། ང་ཚོའི་གཤིས་རྒྱུད་དེ་རིམ་པས་འགྱུར་བ་གང་འདྲ་ཕྱིན་པ་ལས་བྱུང་བ་ཡིན། ནང་ཆོས་ལས་རྟག་ཏུ་སོ་སོའི་བཟང་ཕྱོགས་དགེ་བའི་བྱ་སྤྱོད་ལ་རྗེས་སུ་ཡི་རང་དགོས་པའི་ནན་བཤད་བྱེད་ཀྱི་ཡོད། ཡར་རྒྱས་ལ་མཚམས་དང་ཚད་ངེས་པ་ཞིག་ནམ་ཡང་མེད་པར་དྲན་དགོས་པ་ནི་ཤིན་ཏུ་གལ་ཆེ། དེ་ཉིན་མ་རྟག་པ་ཡག་ཏུ་འགྲོ་གི་མེད། ང་ཚོའི་མི་ཚེའི་ཁྱད་ཆོས་གཅིག་ནི། ང་ཚོ་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཡོངས་སུ་མ་འགྲོལ་བའི་བར་དུ་ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་ཡག་སྡུག་ཅི་རིགས་སུ་འགྱུར་གྱི་ཡོད། འཁོར་བ་ལས་ཡོངས་སུ་འགྲོལ་བ་ནི། ཧ་ཅང་གི་ཚད་མཐོ་བའི་གོ་འཕང་པ་ཞིག་རེད། ང་ཚོར་སྐབས་རེ་སྐྱིད་པོ་དང་སྐབས་རེ་སྡུག་པོ་ཚོར་གྱི་ཡོད་པ་ང་ཚོས་བསམ་དགོས། ང་ཚོས་སྐབས་རེ་བཟང་ཕྱོགས་དགེ་བའི་ལམ་ནས་བྱ་བ་བྱེད་ཐུབ་པ་དང་། ཡང་མཚམས་མཚམས་ང་ཚོའི་རྒྱུན་གོམས་སྨྱོ་འབོགས་ཀྱི་ནད་དེ་དབང་སྒྱུར་མཁན་ཆགས་འགྲོ་གི་ཡོད། དེ་ཡག་སྡུག་ཅི་རིགས་སུ་འགྱུར་གྱི་ཡོད། རྫུ་འཕྲུལ་རྒྱུན་དུ་འབྱུང་གི་མེད་པ་རེད།

རྟག་པ་དང་བརྟན་པ་མེད་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་མི་བདེ་བ་སྤོང་བའི་ཆོས་ནང་ནས། གལ་ཏེ་གནས་སྟངས་ཡག་པོ་དང་ལམ་ལྷོང་བྱུང་བའི་སྐབས་རང་ཉིད་སྤྱང་ཤོས་དང་གལ་ཆེ་ཤོས་ཡིན་པའི་བློ་སྐྱེ་མི་རུང་བ་དང་། གནས་སྟངས་ཡག་པོ་དང་ལམ་ལྷོང་མ་བྱུང་བའི་སྐབས་ཡིད་ཞུམ་དུ་འགྱུར་མི་ཉན་པར་དོ་ནན་གྱིས་གསུང་གི་ཡོད། དེ་ནི་མི་ཚེའི་རང་བཞིན་ཡིན། ང་ཚོས་ཕུགས་རྒྱང་རིང་པོའི་ཕན་ནུས་ལ་ལྟ་དགོས་པ་ལས་འཕྲལ་སེལ་གྱི་ཕན་ནུས་ལ་ལྟ་རྒྱུ་མེད། དཔེར་ན། གལ་ཏེ་ང་ཚོས་ལོ་ལྔའི་རིང་ཉམས་ལེན་བྱེད་བཞིན་ཡོད་ན། དེའི་སྔོན་གྱི་ལོ་ལྔ་དང་བསྡུར་བའི་སྐབས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། གལ་ཏེ་ང་ཚོས་གནས་སྟངས་གང་བྱུང་བ་རྣམས་ལ་ཞི་འཇམ་པ་དང་། ཡིད་སེམས་གསལ་བའི་སྒོ་ནས་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་ཤེས་དུས་སྐབས་རེ་ང་ཚོར་བློ་མི་བདེ་བ་བྱུང་སྲིད་ནའང། དེས་ང་ཚོས་ཡར་རྒྱས་གང་ཙམ་བཏང་ཡོད་པ་ཤུགས་ཀྱིས་སྟོན་གྱི་ཡོད། དེ་ནི་བློ་སྟོབས་དང་སེམས་སྐུལ་སྟེར་མཁན་ཞིག་རེད། ང་ཚོ་བཅོས་མ་བྱེད་རྒྱུར་དགའ་པོ་ཡོད་པ་དང་བཅོས་མའི་བྱ་སྤྱོད་ལ་གོམས་འདྲིས་ཆེན་པོ་ཡོད་ནའང། དེ་ནི་བཅོས་མ་ཞིག་མ་ཡིན་པར་སེམས་སྐུལ་བརྟན་པོ་ཞིག་ཡིན།

ཚིག་ཐོག་དོན་འཁྱོལ།

ང་ཚོས་གང་ཐུབ་ཀྱིས་ཚིག་ཐོག་དོན་འཁྱོལ་དང་དམའ་ས་བཟུང་དགོས། རྡོ་རྗེ་སེམས་དཔའི་ཉམས་ལེན་ལྟ་བུའི་སྡིག་སྦྱོང་བྱེད་པའི་སྐབས་རྡོ་རྗེ་སེམས་དཔའ་དེ་ཕྱིའི་གཟུགས་བརྙན་དང་སྐྱེས་བུ་དམ་པ་ཞིག་ལ་བསམས་ནས་རང་ཉིད་ཀྱིས་བྱས་པའི་སྡིག་པ་དགོངས་ཡངས་གནང་གི་ཡོད་པའི་བློ་སྐྱེ་མི་ཉན་པ་གལ་ཆེ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ཁྲུས་གསོལ་གནང་ནས་ང་ཚོ་སྐྱོབས་མཁན་དང་བྱིན་གྱིས་བརླབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་མེད། དེ་ནི་ཉམས་ལེན་གྱི་བརྒྱུད་རིམ་ཞིག་རྩ་བ་ནས་མིན། འོ་ན་ག་རེ་དག་པའམ་སྦྱོང་བར་བྱེད་ཀྱི་ཡོད་ཅེ་ན། དེ་ནི་དོན་ངོ་མ་ང་ཚོའི་སེམས་དེ་རང་བཞིན་གྱིས་དག་ཅིང་གཙང་མ་ཡིན་པ་དང་། དེ་ལྷན་སྐྱེས་ཀྱིས་རྨོངས་པས་སྒྲིབ་བསྡད་པ་ཞིག་མ་ཡིན། རྨོངས་པ་ནི་སེལ་ཐུབ། དེ་སེལ་ཚུལ་ནི། སོ་སོ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སེམས་ཀྱི་རང་བཞིན་དག་པ་དེ་ངོས་འཛིན་བྱས་ནས་ཉེས་པའི་སྐྱོན་དང་མི་དགེ་བའི་ནུས་པ་ལ་སོགས་པ་མེད་པ་བཟོ་བའི་སྒོ་ནས་སེལ་དགོས། དེས་ཁྲུས་གསོལ་སྡིག་སྦྱོང་གི་བརྒྱུད་རིམ་ལམ་ལྷོང་ཡོང་བར་བཟོ་ཐུབ།

དེར་མ་ཟད། ཉམས་ལེན་དེ་དག་དོན་འཁྱོལ་དང་ཉིན་རེའི་འཚོ་བའི་ནང་དམ་ཆོས་ཉམས་སུ་ལེན་ཐབས་བྱེད་པའི་སྐབས་ང་ཚོས་སོ་སོ་གནས་རིམ་གང་དུ་ཡོད་པ་ངོས་འཛིན་དང་དང་ལེན་བྱེད་དགོས། ང་ཚོ་རློམ་སེམས་ཅན་ནམ་སོ་སོའི་ད་ལྟའི་གནས་རིམ་ལས་མཐོ་བ་ཞིག་ལ་ངེས་པར་དུ་ཡོད་དགོས་པར་བསམ་རྒྱུ་མེད་པ་དེ་གནད་འགགས་ཆེན་པོ་རེད།

ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཤིག་ནས་ནང་ཆོས་ལ་འཇུག་པ།

ནང་ཆོས་ལ་དོ་སྣང་བྱེད་མཁན་མི་ཁ་ཤས་ཕལ་ཆེར་ཡེ་ཤུ་རྣམ་དག་ཆོས་ལུགས་ (Catholic) ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་ནས་ཡོང་གི་ཡོད། དེ་འདྲ་ཡོད་པ་ཡིན་ན། ང་ཚོས་ནང་ཆོས་ལ་འཇུག་པ་དང་སློབ་སྦྱོང་བྱེད་འགོ་འཛུགས་པའི་སྐབས་རྣམ་དག་ཆོས་ལུགས་སྤངས་ནས་ནང་ཆོས་ལ་སྒྱུར་དགོས་པར་བསམ་རྒྱུ་མེད། ཡིན་ནའང། ཉམས་ལེན་དེ་གཉིས་པོ་མཉམ་བསྲེ་མི་བྱེད་པ་གལ་ཆེ། ང་ཚོས་ཡེ་ཤུའི་མཆོད་ཁང་ནང་མར་མ་བསྡད་པའི་སྔོན་ལ་མཆོད་གཤོམ་གྱི་མདུན་དུ་ཕྱག་གསུམ་འཚལ་སྲོལ་མེད། དེ་ནང་བཞིན་ནང་ཆོས་ཉམས་ལེན་བྱེད་པའི་སྐབས་ང་ཚོས་ཡེ་ཤུ་མ་ཤི་ཀའི་ཡུམ་ཝིར་ཇཱིན་མེ་རི་ (Virgin Mary) ཡིད་ལ་འཆར་བ་མི་བྱེད་པར་སངས་རྒྱས་དམིགས་རྣམ་དུ་བྱེད་ཀྱི་ཡོད། ང་ཚོས་དེ་གཉིས་སོ་སོར་ཉམས་ལེན་བྱེད་ཀྱི་ཡོད། ང་ཚོ་ཡེ་ཤུའི་མཆོད་ཁང་དུ་འགྲོ་བའི་སྐབས་སུ་དེ་རང་དུ་འགྲོ་བ་མ་གཏོགས་དེ་མ་ཡིན་པ་ཞིག་ལ་འགྲོ་གི་མེད། དེ་ག་ནང་བཞིན་ནང་པའི་སྒོམ་ཉམས་ལེན་བྱེད་པའི་སྐབས་དེ་རང་བྱེད་པ་མ་གཏོགས་དེ་མིན་སྤོང་དགོས། 

དེར་ཐུན་མོང་གི་ཁྱད་ཆོས་དུ་མ་ཡོད་པ་ནི། བརྩེ་བར་ནན་བཤད་དང། གཞན་ལ་ཕན་འདོགས་པ་སོགས་མང་པོ་ཞིག་ཡོད། གཞི་རིམ་གྱི་ལྟ་གྲུབ་ཐོག་རྩོད་རྙོག་གང་ཡང་མེད། གལ་ཏེ་ང་ཚོས་བརྩེ་བ་དང། བྱམས་པ། གཞན་ལ་ཕན་འདོགས་པ་ཉམས་ལེན་བྱེད་ཀྱི་ཡོད་ན། ང་ཚོ་རྣམ་དག་ཆོས་ལུགས་པ་ཡག་པོ་ཞིག་དང་ནང་པ་ཡག་པོ་ཞིག་ཡིན། གང་ལྟར་ཡང་། མཐར་ང་ཚོས་འདམ་ག་བྱེད་དགོས་ཀྱི་ཡོད། འོན་ཀྱང་ཆོས་ཕྱོགས་ཀྱི་བྱ་གཞག་ཡར་རྒྱས་ཧ་ཅང་ཆེན་པོ་གཏོང་བའི་ཆེད་དུ་ནུས་པ་ཡོངས་རྫོགས་འདོན་རྒྱུའི་གྲ་སྒྲིག་བྱས་ཚར་བའི་རྗེས་སུ་གཞི་ནས་འདམ་ག་བྱེད་དགོས་པ་ཡིན། གལ་ཏེ་ང་ཚོ་ཐོག་བརྩེགས་ཅན་གྱི་ཁང་པའི་རྩེ་ཐོག་ཏུ་འགྲོ་གི་ཡོད་ན། ང་ཚོས་དུས་ཅིག་ལ་སྐས་འཛེགས་རིམ་པ་གཉིས་འཛེག་མི་ཐུབ། ང་རང་གི་བསམ་པར། དེ་ནི་ཕན་ཐོགས་ཧ་ཅང་ཆེ་བའི་སྣང་བརྙན་ཞིག་མཐོང་གི་འདུག གལ་ཏེ་ང་ཚོས་གཞི་རྩའི་རིམ་པ་ཙམ་གྱི་ཐོག་བྱ་བ་བསྒྲུབ་བཞིན་དུ་ཐོག་བརྩེགས་ཀྱི་རྨང་གཞིའི་རིམ་པ་སྒུག་རྭའི་ནང་ཡོད་ན། དེས་འགྲིག་པ་ཡིན། སྐྱོན་གང་ཡང་མེད། ང་ཚོས་དེའི་ཐོག་སེམས་ཁྲེལ་བྱེད་མི་དགོས་པར། ཕྱོགས་གཉིས་ཀ་ནས་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད།

ནོར་འཁྲུལ་ཅན་གྱི་ལར་ཞེན་སྤོང་བ།

ང་ཚོའི་འཚོ་བའི་ནང་ཆོས་ཉམས་སུ་ལེན་པའི་སྐབས་ཡིད་གཟབ་བྱེད་དགོས་པ་ཞིག་ནི། སོ་སོའི་ཕ་མེས་ཡང་མེས་ཀྱི་ཆོས་དེ་ཡག་པོ་མེད་པའམ་དམན་པར་འཛིན་ནས་སྣང་མེད་ཀྱིས་ཁས་ལེན་མི་བྱེད་པ་དེ་འདྲ་བྱ་རྒྱུ་མེད། དེ་ལྟར་བྱས་ན་ནོར་འཁྲུལ་ཆེན་པོ་ཞིག་རེད་ལ། དེ་ནི་དཔེར་ན། ང་ཚོ་ནང་པ་རྨོངས་ཞེན་ཅན་ཞིག་དང་རྣམ་དག་ཆོས་ལུགས་ཀྱི་ཁ་གཏད་རྨོངས་ཞེན་ཅན་ཞིག་ཆགས་སྲིད་པ་ཡིན། དམར་ཤོག་དང་མང་གཙོའི་ནང་དུ་མི་རྣམས་ཀྱིས་དེ་ལྟར་བྱེད་ཀྱི་ཡོད་པ་རེད། སེམས་ཁམས་ཀྱི་ཆ་ལག་གྲུབ་ཚུལ་ནོར་འཁྲུལ་ཅན་གྱི་ལར་ཞེན་ (misplaced loyalty) ཞེས་བརྗོད་པ་དེས་ཁ་ལོ་སྒྱུར་གྱི་ཡོད། སོ་སོའི་ཁྱིམ་ཚང་དང་སོ་སོའི་རྒྱབ་ལྗོངས་གང་ནས་ཡིན་པ་ལ་སོགས་པར་ལར་ཞེན་བྱེད་འདོད་ཀྱི་བག་ཆགས་ཤིག་ཡོད་པར་བརྟེན་ང་ཚོས་རྣམ་དག་ཆོས་ལུགས་ཁས་མི་ལེན་ཀྱང་དེ་ལ་ལར་ཞེན་བྱེད་འདོད་ཡོད། གལ་ཏེ་ང་ཚོས་སོ་སོའི་རྒྱབ་ལྗོངས་ལ་ལར་ཞེན་མི་བྱེད་པ་དང་དེ་དག་ཡག་པོ་མེད་པར་བརྩིས་ནས་ཡོངས་སུ་འདོར་བ་ཡིན་ན། ང་ཚོས་སོ་སོ་རྦད་དེ་སྡུག་ཅག་ཡིན་པར་ཚོར་གྱི་ཡོད། གང་ཡིན་ཞེ་ན། དེ་ནི་བློ་ཤིན་ཏུ་མི་བདེ་བ་ཞིག་ཡིན་པ་དང་། ང་ཚོས་སྣང་མེད་དུ་ང་ཚོའི་རྒྱབ་ལྗོངས་ལ་ལར་ཞེན་སྐྱེ་ཐུབ་པའི་གནས་ཤིག་འཚོལ་དགོས་པའི་ཚོར་སྣང་ཡོང་གི་ཡོད།

བག་ཆགས་ནི་སྣང་མེད་ཐོག་ནས་ང་ཚོའི་རྒྱབ་ལྗོངས་ཀྱི་ཁེ་ཕན་ཆུང་བའི་གནས་སྟངས་ཁ་ཤས་ལ་ལར་ཞེན་ཡོད་པ་དེ་ཡིན། དཔེར་ན། ང་ཚོས་རྣམ་དག་ཆོས་ལུགས་འདོར་སྲིད་ཀྱང་། ནང་ཆོས་ནང་དུ་དམྱལ་བའི་འཇིགས་པ་ཤུགས་ཆེན་ཞིག་འཁྱེར་གྱི་ཡོད། ང་རང་གི་གྲོགས་པོ་ཞིག་དེ་སྔོན་རྣམ་དག་ཆོས་ལུགས་ཀྱི་རྗེས་འཇུག་གཙང་མ་ཞིག་ཡིན་པ་དང་། ཁོང་ནང་པའི་ཆོས་ལ་སེམས་ཐག་གཙང་བཅད་ཀྱིས་ཞུགས་པ་རེད། དེ་ནས་ “ངས་རྣམ་དག་ཆོས་ལུགས་བློས་བཏང་བ་ཡིན་པས། ད་ང་རྣམ་དག་ཆོས་ལུགས་ཀྱི་དམྱལ་བར་ལྷུང་གི་རེད། ཡིན་ནའང་གལ་ཏེ་ངས་ནང་ཆོས་བློས་བཏང་ནས་རྣམ་དག་ཆོས་ལུགས་ལ་རང་འཇགས་ཞུགས་པ་ཡིན་ན། ང་རང་ནང་པའི་དམྱལ་བར་ལྷུང་གི་རེད།” བསམ་པའི་ལྟ་བའི་དཀའ་ཉེན་གྱི་གནས་སུ་ལྷུང་གི་ཡོད། དེ་ཁྱད་མཚར་པོ་ཞིག་ཡོད་ནའང། མོ་རང་ལ་མཚོན་ན། དེ་ནི་དངོས་གནས་ཚབས་ཆེ་བའི་དཀའ་ངལ་ཞིག་རེད།

ང་ཚོས་ཡང་ནས་ཡང་དུ་ནང་ཆོས་ཉམས་ལེན་ནང་དུ་རྣམ་དག་ཆོས་ལུགས་ཀྱི་ལྟ་ཕྱོགས་གང་ཡང་རུང་བ་ཞིག་སྣང་མེད་དུ་འཁྱེར་ཡོང་གི་ཡོད། ཡོངས་གྲགས་ཆེ་ཤོས་དག་ནི་ནག་ཉེས་དང་། རྫུ་འཕྲུལ་གྱི་རིགས་འཚོལ་བ། དེ་བཞིན་གཞན་གྱིས་རང་ཉིད་སྐྱོབ་ཡོང་བསམ་པ་རྣམས་རེད། གལ་ཏེ་ང་ཚོས་ཉམས་ལེན་མ་བྱས་པ་ཡིན་ན། ཉམས་ལེན་བྱེད་དགོས་པ་ཚོར་བ་དང། གལ་ཏེ་ང་ཚོར་དེ་ལྟར་མ་ཚོར་བ་ཡིན་ན། ང་ཚོ་ནག་ཉེས་ཅན་ཡིན་སྙམ་པའི་བསམ་བློའི་འཁྱེར་སོ་རྣམས་ནི་ནམ་ཡང་ཕན་ནུས་ལྡན་པ་ཞིག་མིན། དེ་ནི་བྱེད་བཞིན་པའི་སྐབས་སུ་ང་ཚོས་ངོས་འཛིན་བྱེད་དགོས། ང་ཚོས་སོ་སོའི་རྒྱབ་ལྗོངས་ལ་དཔྱོད་དགོས་པ་དང། བཟང་ཕྱོགས་ཀྱི་རྣམ་པ་རྣམས་དང་ལེན་བྱེད་དགོས། དེ་འདྲ་བྱས་པ་ལ་བརྟེན་ནས་ང་ཚོས་ངན་ཕྱོགས་ལས་ལྡོག་པའི་བཟང་ཕྱོགས་ཀྱི་ཁྱད་ཆོས་དག་ལ་ལར་ཞེན་བྱེད་ཐུབ། ང་ཚོས། “ང་ལ་ཉེས་པ་དང་རྫུ་འཕྲུལ་འཚོལ་བའི་གཤིས་ཀ་རང་བཞིན་གྱིས་འཇགས་ཡོད།” ཅེས་བསམ་པའི་བློ་དེ་ལས་ལྡོག་སྟེ། “ང་ལ་ཡེ་ཤུ་རྣམ་དག་ཆོས་སྲོལ་གྱི་བྱམས་པ་དང་། གཞན་ཕན་གྱི་དགེ་རྩ། དཀའ་ངལ་དང་གོད་ཆག་ཅན་ལ་རོགས་ཕན་སྒྲུབ་པའི་འགན་འཁྲི་རང་བཞིན་གྱིས་ཡོད།” ཅེས་བསམ་བློ་གཏོང་ཐུབ་པ་ཡིན།

ང་ཚོས་སོ་སོའི་ཁྱིམ་ཚང་ལ་མཚོན་ནའང་གཅིག་མཚུངས་སུ་བྱེད་ཐུབ། ང་ཚོས་ཁོང་ཚོར་འདོར་སྲིད་ལ། དེ་ནས་ཁོང་ཚོའི་བཟང་ཕྱོགས་ཀྱི་སྲོལ་རྒྱུན་ལ་དོ་སྣང་གྱིས་ལར་ཞེན་ལས་ལྡོག་སྟེ། ངན་ཕྱོགས་ཀྱི་སྲོལ་རྒྱུན་ལ་སྣང་མེད་ཀྱིས་ལར་ཞེན་བྱེད་སྲིད། དཔེར་ན། གལ་ཏེ་ཁོང་ཚོས་ང་ཚོར་སྤྲད་པའི་རྣམ་དག་ཆོས་ལུགས་ཀྱི་རྒྱབ་ལྗོངས་ལ་བཀའ་དྲིན་བསམ་ཤེས་ཐུབ་པ་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད་ན། དེ་ནས་ང་ཚོས་སོ་སོའི་འདས་པའི་ཐད་རྙོག་འཛིངས་མེད་པ་དང་། སོ་སོའི་ཡར་རྒྱས་ལ་རྒྱུན་དུ་ཉེན་ཚབས་བཟོ་བའི་ཚོར་སྣང་ངན་པ་རྣམས་མེད་པའི་ཐོག་ནས་སོ་སོ་རང་ཉིད་ཀྱི་ལམ་དུ་མདུན་བསྐྱོད་བྱེད་ཐུབ་པ་ཡིན།

དེ་ཡི་སེམས་ཁམས་ཀྱི་ཚད་མའི་རང་བཞིན་དེ་ཤེས་རྟོགས་ཐུབ་ཐབས་བྱེད་དགོས་པ་ནི་གལ་ཆེན་པོ་རེད། གལ་ཏེ་ང་ཚོས་ངན་ཕྱོགས་ནས་སོ་སོའི་འདས་པའི་ནང་མི་ཁྱིམ་ཚང་དང། སོ་སོའི་ཕ་མེས་ཀྱི་ཆོས་ལུགས། ཡང་ན་དེ་མིན་གང་ཡང་རུང་བ་ལ་ངན་ཕྱོགས་མི་དགེ་བའི་བསམ་བློ་གཏོང་བ་ཡིན་ན། དེས་སོ་སོ་རང་ཉིད་ལ་བསམ་ཕྱོགས་ངན་པ་སླེབ་རྒྱུར་བློ་ཁ་ཕྱོགས་པ་དང་། ཡང་ཕྱོགས་གཞན་ཞིག་ནས། གལ་ཏེ་ང་ཚོས་སོ་སོའི་རྒྱབ་ལྗོངས་དང་འདས་པའི་བཟང་ཕྱོགས་ཀྱི་ཆོས་རྣམས་ངོས་ལེན་བྱེད་ཐུབ་པ་ཡིན་ན། དེས་སོ་སོ་རང་ཉིད་ལ་བསམ་ཕྱོགས་བཟང་པོ་སླེབ་རྒྱུར་བློ་ཁ་མང་བ་ཕྱོགས་པར་བྱེད་ཀྱི་ཡོད། དེས་ང་རང་ཚོའི་ཆོས་ཕྱོགས་ཀྱི་ལམ་དེ་ཇེ་བརྟན་དུ་ཡོང་བར་ཕན་ཐོགས་ཀྱི་ཡོད།

ཕྱོགས་བསྡོམས།

ང་ཚོས་ཐེམ་སྐས་རིམ་འཛེགས་ཀྱིས་ག་ལེར་ག་ལེར་མུ་མཐུད་འགྲོ་དགོས། སྤྱིར་བཏང་འདས་པའི་སློབ་དཔོན་དམ་པ་རྣམས་ཀྱིས། “ཆོས་ཤིག་ཐོས་མ་ཐག་ལམ་སེང་ཉམས་ལེན་གྱི་ཐོག་ཏུ་འགེལ་དགོས།” ཞེས་གསུངས་ཡོད་ནའང། ང་ཚོས་ཚད་མཐོ་བའི་གསུང་ཆོས་ཐོས་པའམ་ཀློག་པའི་སྐབས་སུ་ཆོས་དེ་སོ་སོ་ལ་ཚད་མཐོ་དྲག་མིན་དང་། ཡང་ན་ཆོས་དེ་སོ་སོས་ད་ལྟ་རང་ཉམས་ལེན་ཐོག་འགེལ་ཐུབ་མིན་ཐད་བློ་ཐག་གཅོད་དགོས་པ་ཡིན། གལ་ཏེ་ཆོས་དེ་སོ་སོར་ཚད་མཐོ་དྲག་ཡོད་ན། ང་ཚོས་ཉམས་ལེན་ཐོག་འགེལ་ཐུབ་རྒྱུར་སོ་སོ་རང་ཉིད་ནས་གྲ་སྒྲིག་བྱ་དགོས་པའི་རིམ་པ་རྣམས་རྣམ་པར་འབྱེད་དགོས་པ་དང། དེ་ནས་རིམ་པ་དེ་རྣམས་ལ་འཇུག་དགོས། མདོར་བསྡུས་ནས་བཤད་ན། ང་རང་གི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱིས། “གལ་ཏེ་ང་ཚོས་འཆར་སྣང་གི་ཐབས་ལམ་ཉམས་སུ་ལེན་གྱི་ཡོད་ན། ང་ཚོར་འབྲས་བུ་དེ་མཚུངས་ཞིག་འཐོབ་ཅིང། གལ་ཏེ་ང་ཚོས་ཚིག་ཐོག་དོན་འཁྱོལ་གྱི་ཐབས་ལམ་ཉམས་སུ་ལེན་པ་ཡིན་ན། འབྲས་བུའང་ཚིག་ཐོག་དོན་འཁྱོལ་ཞིག་འཐོབ་ཀྱི་རེད།” ཅེས་གསུངས་པ་ནང་བཞིན་རེད།། །།

Top