བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > ནང་ཆོས་ངོ་སྤྲོད། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས་ཀྱི་རེ་སྐུལ།

དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས་ཀྱི་རེ་སྐུལ།

ཨེ་ལེག་ཛན་ཌར། བྷར་ཛིན།
སིངྒ་པུར། ཕྱི་ལོ་ ༡༩༨༨ ཟླ་ ༨ ཚེས་ ༡༠ ཉིན།
Berzin, Alexander and Chodron, Thubten.
Glimpse of Reality.
Singapore: Amitabha Buddhist Centre, 1999
ལས་ཟུར་འདོན་ཞུས་ཏེ་བསྐྱར་ཞིབ་གནང་བ།

དྲི་བ། འདི་ལོ་ཁྱེད་རང་རྒྱལ་ཁབ་མི་འདྲ་བ་ཁག་ཉི་ཤུ་རྩ་དྲུག་ནང་གསུང་ཆོས་གནང་བར་ཕེབས་ཡོད། ལུང་པ་གསར་པ་ཁག་གི་ནང་ནང་ཆོས་ཇི་ལྟར་དར་ཁྱབ་འགྲོ་བཞིན་པའི་ཐད་སྐུ་ཉིད་ཀྱི་གཟིགས་ཚུལ་གསུང་རོགས་གནང་།

ལན། ད་ལྟའི་ཆར་ནང་ཆོས་ནི་འཛམ་གླིང་ནང་ཧ་ཅང་མྱུར་པོ་དར་ཁྱབ་འགྲོ་བཞིན་པ་རེད། བྱང་ཨ་རི་དང་། ལྷོ་ཨ་རི། ལྷོ་ཨ་ཧྥེ་རི་ཁ། ཨོ་སི་ཊོ་ལི་ཡ་སོགས་ཡུ་རོབ་ཀྱི་ལུང་པོ་མང་པོའི་ནང་ནང་པའི་ཆོས་ཚོགས་ཡོད། ང་ཚོས་ཡུ་རོབ་ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་པའི་ལུང་པ་གཅིག་པུའི་ནང་མ་ཡིན་པར། ད་དུང་ཤར་ཕྱོགས་ཀྱི་སྤྱི་ཚོགས་རིང་ལུགས་སུ་གྱུར་བའི་ལུང་པའི་ནང་དུའང་ནང་ཆོས་མཇལ་རྒྱུ་ཡོད། དཔེར་ན། པོའོ་ལན་ཌིའི་ནང་ནང་པ་སྟོང་ཕྲག་ལྔ་ཙམ་ཡོད། 

ནང་ཆོས་ལ་དེང་དུས་ཀྱི་འཛམ་གླིང་ནང་ཡིད་འཕྲོག་མཁན་ཧ་ཅང་མང་པོ་ཡོད། གང་ལགས་ཞུས་ན། དེ་ནི་རྒྱུ་མཚན་དང་ལྡན་ཅིང་ཚན་རིག་དང་མཐུན་པ་ཞིག་ཡིན། སངས་རྒྱས་ཀྱི་ཞལ་ནས། རང་གིས་གསེར་ཉོ་བའི་སྐབས་བརྟག་པ་བཞིན། ངས་གང་བཤད་པ་རྣམས་ལ་དད་པའི་དབང་གིས་ཡིད་ཆེས་མ་བྱས་པར། བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་ཞེས་གསུངས་ཡོད། དེང་དུས་མི་རྣམས་ཀྱི་དེ་ལྟའི་ཕྱོགས་རིས་མེད་པའི་ཐབས་ལ་དགའ་པོ་བྱེད་ཀྱི་ཡོད།

དཔེར་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གཙོས་པའི་ནང་པའི་མཁས་དབང་དང་ཚན་རིག་པའི་དབར་བགྲོ་གླེང་མང་པོ་གནང་བཞིན་པ་རེད།མཉམ་དུ་དངོས་པོའི་གནས་ལུགས་ལ་གོ་བསྡུར་དང་ཞིབ་འཇུག་གནང་གི་ཡོད། སངས་རྒྱས་ཀྱིས་དཀའ་ངལ་ཚང་མ་དངོས་པོའི་གནས་ལུགས་མ་ཤེས་པའི་དབང་གིས་བྱུང་བ་ཡིན་ཞེས་བཀའ་སྩལ། གལ་ཏེ་ང་ཚོས་སོ་སོ་སུ་ཡིན་མིན་དང་། འཛམ་གླིང་། ང་ཚོ་ཇི་ལྟར་གནས་པའི་གཤིས་ལུགས་རྟོགས་ཐུབ་ན་ ང་ཚོས་མགོ་རྨོངས་ནས་དཀའ་ངལ་བཟོ་ངེས་མ་ཡིན། བདེན་དོན་ལ་དཔྱད་པ་བྱེད་ཕྱོགས་ཐད་ནང་ཆོས་ནང་ཧ་ཅང་གུ་ཡངས་པའི་དཔྱོད་ཚུལ་ཞིག་ཡོད། དཔེར་ན། ༸གོང་ས་མཆོག་གི་ཞལ་ནས། གལ་ཏེ་ཚན་རིག་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་བྱེ་བྲག་པ་ཞིག་གམ་གང་གི་བསྟན་པའི་ཆོས་བྱེ་བྲག་པ་ཞིག་ཡང་ན་རྨོངས་དད་སོགས་ཡིན་ཚུལ་ཁུངས་སྐྱེལ་ར་སྤྲོད་ཐུབ་ན། དེ་ནང་ཆོས་ཀྱི་ནང་ནས་ཕྱིར་འདོན་གྱི་ཡིན་ཞེས་ཐུགས་དགྱེས་ཚོར་ཆེན་པོས་གསུངས་ཡོད། ཐབས་ལམ་དེ་ནི་ནུབ་ཕྱོགས་པའི་མི་རྣམས་ཀྱི་ཡིད་དབང་རབ་ཏུ་ཕྲོག །

འདས་པའི་མཁས་དབང་རྣམས་ནང་ཆོས་གང་དུ་དར་བའི་སྤྱི་ཚོགས་དེ་གའི་ནང་གི་གོམས་གཤིས་ལ་བསྟུན་གནང་ཡོད་པ་བཞིན་དེང་སྐབས་ལུང་པ་མི་འདྲ་བའི་ནང་ཐབས་ལམ་མི་འདྲ་བ་ལ་བརྟེན་ནས་དགེ་རྒན་རྣམས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་ནི་རང་བཞིན་ཙམ་ཡིན། སྤྱིར་བཏང་ནང་ཆོས་ཀྱི་རྒྱུ་མཚན་ལྡན་པའི་འགྲེལ་བརྗོད་བྱེད་པར་དོ་ནན་བྱེད་ཅིང་། འོན་ཀྱང་སྐབས་དོན་དེའི་ནང་། གནདོ་དོན་དང་ཐབས་ལམ་མི་འདྲ་བར་རིག་གཞུང་གི་རང་གཤིས་ཤུགས་ཆེ་བ་དེར་གཞི་བཞག་ནས་ནན་ཏན་བྱེད་དགོས་ཀྱི་ཡོད།

དེ་ལྟར་སངས་རྒྱས་ཀྱིས་ཐབས་ལམ་མི་འདྲ་བ་ནི་སེམས་ཅན་གྱི་ཁམས་མི་འདྲ་བར་བསྟུན་ནས་གསུངས་ཡོད། མི་ཚང་མའི་བསམ་བློ་གཏོང་སྟངས་གཅིག་པ་མ་ཡིན། དཔེར་ན་ཁ་ལག་གཅིག་ལ་ཆ་ཞོག་དང་། གལ་ཏེ་གྲོང་ཁྱེར་ཞིག་གི་ནང་ཟས་རིགས་གཅིག་རང་ལས་མེད་ན། མི་ཚང་མའི་ཡིད་འཕྲོག་གི་མེད། ཕྱོགས་གཞན་ཞིག་ནས་གལ་སྲིད་བྲོ་བ་མི་འདྲ་བའི་ཟས་རིགས་སྣ་ཚོགས་ཡོད་ན། ཚང་མར་བློ་དང་འཚམ་པའི་གདམ་ཀ་ཐོབ་ཀྱི་ཡོད་པ་ནང་བཞིན་རེད། དེར་བརྟེན་སེམས་ཅན་རྣམས་ལ་ཁམས་དང་མོས་སྣ་ཚོགས་ཡོད་པ་ཇི་ལྟ་བ་བཞིན་སངས་རྒྱས་ཀྱིས་རང་རང་དང་འཚམ་པའི་ཐབས་ལམ་སྣ་ཚོགས་བསྟན་ཡོད། ནང་ཆོས་ཀྱི་མཐའ་མའི་དམིགས་ཡུན་ནི་ང་ཚོ་ཚང་མའི་བཅད་མཚམས་དང་དཀའ་ངལ་སེལ་བ་དང་སོ་སོའི་ནུས་པ་ངོས་འཛིན་ཐུབ་སླད་ཡིན། དེ་ལ་བརྟེན་ནས་གཞན་སེམས་ཅན་ཚང་མར་ཕན་འདོགས་ཐུབ་པའི་རིམ་པ་ཞིག་ཏུ་ང་ཚོས་སོ་སོ་ཡར་རྒྱས་གཏོང་ཐུབ།

དཔེར་ན། སུད་སི་དང་ཨ་རི་ལྟ་བུ་སེམས་ཁམས་རིག་པར་དོ་ནན་ཆེན་པོ་བྱེད་བཞིན་པའི་ནུབ་ཕྱོགས་ཀྱི་ལུང་པ་ཁ་ཤས་ནང་། དགེ་རྒན་ཚོས་རྒྱུན་དུ་ནང་ཆོས་ནི་སེམས་ཁམས་རིག་པའི་ལྟ་ཚུལ་ཞིག་གི་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་འདུག དེ་མིན་རྒྱལ་ཁབ་ཁག་དཔེར་ན། ལྷོ་ཡུ རོབ་ཀྱི་ས་ཁུལ་དང་ལ་ཊིན་ཨ་རིའི་ས་ཁུལ་མང་པོ་ལྟ་བུའི་ནང་མི་རྣམས་ཀྱིས་དད་པའི་རྗེས་སུ་འབྲངས་ཤིང་། དགེ་རྒན་གྱིས་ནང་ཆོས་ནི་དད་པའི་སྤྱོད་ཚུལ་འབའ་ཞིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། མི་རྣམས་ནང་ཆོས་ཉམས་ལེན་གྱི་ཆ་ཤས་ངག་ནས་དཔེ་ཆ་འདོན་རྒྱུར་དགའ་མོས་ཆེ་བ་བྱེད་ཀྱི་ཡོད། འོན་ཀྱང་བྱང་ཡུ་རོབ་ཀྱི་ལུང་པའི་ནང་མི་རྣམས་ཀྱིས་ཁ་འདོན་ལ་དགའ་པོ་དེ་ཙམ་མེད། དེ་གར་དགེ་རྒན་རྣམས་ཀྱི་ནང་ཆོས་ཐོག་རྣམ་དཔྱོད་ལྡན་པའི་ཐབས་ལམ་བེད་སྤྱོད་བྱས་ཏེ་སློབ་ཁྲིད་བྱེད་ཐབས་བྱེད་ཀྱི་ཡོད།

ཤར་ཡུ་རོབ་ནང་གི་མི་མང་པོ་ཞིག་ཐབས་རྡུགས་ཀྱི་གནས་སྟངས་ཁྲོད་ཡོད་ཅིང་། རང་གི་མི་ཚེ་ཆུད་ཟོས་སུ་གཏོང་གི་ཡོད་སྟབས་ནང་ཆོས་ཀྱིས་ཁོང་ཚོར་ལམ་སྟོན་བྱེད་ཀྱི་ཡོད། གང་ལྟར་རང་གི་ལས་ཀར་འབད་བརྩོན་སྟེན་གྱི་ཡོད་རུང་མེད་རུང་། ཁྱད་པར་མེད་པར་ལྟར་མངོན། ཁོང་ཚོས་གྲུབ་འབྲས་མེད་པར་མཐོང་ཞིང་། དེ་ལས་ལྡོག་སྟེ་ནང་ཆོས་ཀྱིས་ཁོང་ཚོར་ལས་ཀ་བྱེད་ལུགས་སློབ་སྟོན་བྱས་ཏེ། དོན་ཡོད་པར་བྱས་ནས་སོ་སོའི་མི་ཚེའི་ནང་ཁྱད་པར་ཆེན་པོ་བྱུང་ཡོད། དེ་ལ་བརྟེན་ནས་དཔེར་ན་མི་རྣམས་ཀྱིས་ཕྱག་སྟོང་གཅིག་འཚལ་བ་ལ་སོགས་པའི་ཉམས་ལེན་ནང་འཇུག་པར་བསམ་ཡུལ་ལས་འདས་པའི་དགའ་སྤྲོ་དང་བརྩོན་སེམས་གོང་སྤེལ་གཏོང་གི་ཡོད།

དེ་ལྟར་ནང་ཆོས་ནི་སྤྱི་ཚོགས་སོ་སོའི་རིག་གཞུང་དང་སེམས་ཁམས་དང་མཉམ་དུ་འགྲོག་འདྲིས་ཡོང་ཞིང་། ཆབས་ཅིག་སངས་རྒྱས་ཀྱི་གསུང་ཆེ་ཁག་རྣམས་གཅེས་སྲུང་བྱེད་ཀྱི་ཡོད། རྩ་བའི་ནང་ཆོས་ལ་འགྱུར་བ་མེད་པར་དམིགས་ཡུལ་ནི་སྡུག་བསྔལ་དང་བཅད་མཚམས་ཐ་དག་བསལ་ནས་སོ་སོའི་འཇོན་ཐང་ངོས་འཛིན་ཐུབ་སླད་ཡིན། ཉམས་ལེན་པ་རྣམས་ཀྱིས་སེམས་ཁམས་དང་། རྣམ་དཔྱོད། རྒྱུ་མཚན་ལྡན་པ། དད་པ་རྐྱང་པ་བཅས་གང་གི་ཐོག་ལ་དོ་སྣང་བྱེད་པ་ནི་ཡུལ་སྲོལ་གྱི་རིག་གཞུང་ལ་རག་ལས་ཡོད།

དྲི་བ། སྤྱིར་ནང་ཆོས་དུས་རབས་ཉི་ཤུ་པའི་ནང་ཡུལ་དུས་དང་འཚམ་པ་ཇི་ལྟར་ཡོང་གི་ཡོད་དམ།

ལན། ནང་ཆོས་ཀྱིས་རྒྱུ་མཚན་ལྡན་པའི་ཐབས་ལམ་གྱི་ཐོག་ནས་ཡུལ་ལ་འཇུག་རྒྱུ་གཙིགས་སུ་བཟུང་ནས་ཡུལ་དུས་དང་འཚམ་པ་ཡོང་གི་ཡོད། ནང་ཆོས་ཀྱིས་མི་ཚེའི་ནང་གི་མྱོང་ཚོར་རྣམས་ཇི་ལྟར་ཡོང་གི་ཡོད་པ་དང་། དེ་དག་ལ་བཟང་ཕྱོགས་ནས་ཡ་ལན་བྱེད་ཕྱོགས་འགྲེལ་བཤད་གསལ་པོ་རྒྱག་གི་ཡོད། དེས་ན་ནང་ཆོས་ཀྱིས་མི་ཤེས་བཞིན་དུ་རྨོངས་པའི་ངང་དད་པ་བྱེད་རྒྱུ་མེད་པར། རང་གིས་བསམ་བློ་བཏང་། དོན་ཡོད་མེད་བརྟག་དཔྱད་བྱས་གཞི་ནས་ཁས་ལེན་བྱེད་དགོས་སྐོར་བརྗོད་ཀྱི་ཡོད། འདི་ནི་ཚན་རིག་གིས་ང་ཚོར་ཞིབ་འཇུག་གཅིག་གི་མཇུག་འབྲས་ལ་བསྐྱར་དུ་དཔྱད་དེ་གསལ་པོ་བཟོས་ནས། དེ་རྗེས་ཁས་ལེན་བྱེད་དགོས་ཞེས་བརྗོད་པ་དང་གཉིས་སུ་མེད། དེང་དུས་ཀྱི་མིས་བརྟག་དཔྱད་མ་བྱས་པར་དངོས་ཟོག་ཉོ་བར་དགའ་པོ་མེད། ཁོང་ཚོས་མོ་ཊ་ཉོ་དུས་ལེགས་ཉེས་ཚོད་ལྟ་བྱེད་ངེས་ཡིན། དེ་ག་ནང་བཞིན་ཆོས་ལུགས་བརྗེ་འགྱུར་མ་བྱས་གོང་ཆོས་ལུགས་དེ་རང་ལ་དངོས་གནས་ཕན་ཐོགས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད། དེར་བརྟེན་དུས་རབས་ཉི་ཤུ་པའི་ནང་ནང་ཆོས་ལ་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། ནང་ཆོས་ནི་རྒྱུ་མཚན་དང་ལྡན་པའི་དཔྱད་པ་བྱ་རྒྱུར་གུ་ཡངས་ཤིང་རིག་པས་བརྡར་ཤ་གཅོད་པར་གཙོ་འདོན་གནང་གི་ཡོད།