བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > རྩོམ་པ་པོ། > ཨེ་ལེག་ཛན་ཌར་ བྷར་ཛིན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

ཨེ་ལེག་ཛན་ཌར་ བྷར་ཛིན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

ཨེ་ལེག་ཛན་ཌར་ བྷར་ཛིན་གྱི་སྐུ་པར།ཨེ་ལེག་ཛན་ཌར་ བྷར་ཛིན་ (Alexander Berzin) ལགས་ནི་ཕྱི་ལོ་ ༡༩༤༤ ལོར་ཨ་རིའི་གྲོང་རྡལ་ནེའུ་ཇར་སིའི་ (New Jersey) མངའ་ཁུལ་པེ་ཊར་སན་ (Paterson) ཞེས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། ར་ཌ་གར་སི་ (Rutgers) གཙུག་ལག་སློབ་གྲྭ་ཆེན་མོ་དང་པི་རིན་སི་ཊོན་ (Princeton) གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་འབྲེལ་བའི་ཐོག་ཕྱི་ལོ་ ༡༩༦༥ ལོར་ཨེ་ཤི་ཡའི་ཤེས་ཡོན་སྡེ་ཚན་ (Department of Oriental Studies) ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དང་། ཧར་ཝར་ཌི་ (Harvard) གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་སོགས་ཤར་ཨེ་ཤི་ཡའི་སྐད་ཡིག་དང་། ལེགས་སྦྱར། རྒྱ་གར་རིག་པའི་སྡེ་ཚན་ནས་ཕྱི་ལོ་ ༡༩༦༧ ལོར་གཙུག་ལག་རབ་འབྱམས་པ་ (M.A) སློབ་ཐོན་བྱུང་བ་དང་ཕྱི་ལོ་ ༡༩༧༢ ལོར་འབུམ་རམས་པ་ (Ph.D) གི་མཚན་གནས་བཞེས།

ཕྱི་ལོ་ ༡༩༦༩ ནས་ ༡༩༩༨ བར་ཐོག་མར་ཧྥུལ་བེ་རེ་ཌའི་ (Fulbright) མཁས་དབང་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་བཞུགས་གནང་སྟེ། བོད་རྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཚང་མའི་སློབ་དཔོན་རྣམས་ཀྱི་དྲུང་ནས་ནང་ཆོས་སློབ་གཉེར་དང་ཉམས་ལེན་གནང་། ཁོང་གི་དགེ་བའི་བཤེས་གཉེན་གཙོ་བོ་ནི་༸གོང་ས་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཚན་ཞབས་ སེར་ཀོང་མཚན་ཞབས་རིན་པོ་ཆེ་ཡིན་ཅིང་། མི་ལོ་དགུའི་རིང་ཁོང་གིས་འཛམ་གླིང་ཡུལ་གྲུ་གང་སར་སེར་ཀོང་རིན་པོ་ཆེའི་གསུང་སྒྱུར་དང་དྲུང་ཡིག་གཅིག་ལྕོགས་ཀྱི་ཞབས་ཏོག་བསྒྲུབས་པ་མ་ཟད། ལྷག་པར་དུ་མཚམས་རེ་༸སྤྱི་ནོར་གོང་ས་༸ཏཱ་ལའི་བླ་མ་མཆོག་གི་གསུང་སྒྱུར་ཡང་གནང་མྱོང་ཡོད།

དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་ཚན་པ་གསར་འཛུགས་གནང་མཁན་གྱི་ཁོངས་མི་ཞིག་ཡིན་ཅིང་། དབྱིན་ཡིག་ནང་ཕབ་སྒྱུར་བྱེད་སྐབས། རྒྱུན་དུ་གོ་ནོར་ཐེབས་ཉེན་ཆེ་བའི་བོད་ཡིག་གི་བརྡ་ཆད་ཁག་ཅིག་དབྱིན་སྐད་ཀྱི་ཐ་སྙད་གསར་བཟོ་དང་ལེགས་བཅོས་མཛད་པའི་ཁར། དེ་མིན་གྱི་སྐད་ཡིག་གཞན་མང་པོའི་ཁྲོད་ལོ་ཙཱ་བ་རྣམས་དང་ལས་ཀ་མཉམ་དུ་གནང་སྟེ་ཡིག་སྒྱུར་བྱེད་སྐབས་བརྡ་ཆད་མང་པོ་ཞིག་བཅོས་སྒྱུར་དང་ཡར་རྒྱས་གཏོང་བར་རོགས་མགོན་གནང་།

ཕྱི་ལོ་ ༡༩༨༣ ནས་བཟུང་། བྷར་ཛིན་ལགས་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་ཏེ་ནང་པའི་ཆོས་ཚོགས་དང་གཙུག་ལག་སློབ་གྲྭ་ཆེན་མོ་གྲངས་བདུན་བཅུ་བརྒལ་བའི་ནང་ནང་ཆོས་ཀྱི་ཉམས་ལེན་དང་ལྟ་གྲུབ། དེ་བཞིན་བོད་སོག་གི་ལོ་རྒྱུས་དང་སྐར་རྩིས་གསོ་བ་རིག་པའི་རྣམ་གཞག་སོགས་སློབ་ཁྲིད་མང་དག་གནང་ཡོད། ཁོང་གིས་དམར་པོའི་རྒྱལ་ཁབ་མང་པོར་ཕེབས་པ་དང་དེ་བཞིན་ལ་ཊིན་ཨ་མེ་རི་ཀ་དང་ཨ་ཧྥེ་རི་ཁ། དབུས་ཨེ་ཤི་ཡ། དབུས་ཤར་ཡུལ་བཅས་ཀྱི་ལུང་པ་ཁག་ནང་གཙོ་འདོན་གནང་སྟེ་ཕེབས་ཀྱི་ཡོད། ཁོང་གི་གསུང་རྩོམ་དང་ཡིག་སྒྱུར་ཧ་ཅང་མང་པོ་ཞིག་པར་འགྲེམས་བྱས་པའི་ཁར། ཁོང་གི་གསུང་བཤད་མང་པོ་ཞིག་སྐད་རིགས་དེ་དག་ནང་པར་འགྲེམས་བྱས་ཡོད།

བྷར་ཛིན་ལགས་ཀྱིས་རྒྱལ་སྤྱིའི་ནང་བོད་སོག་རིག་གཞུང་གི་ལས་འཆར་མི་ཉུང་བ་ཞིག་གི་ཆེད་གཞུང་འབྲེལ་མ་ཡིན་པའི་འབྲེལ་མཐུད་ཀྱི་ངོ་བོར་ལེགས་སྐྱེས་རླབས་ཆེན་ཕུལ་ཡོད། དཔེར་ན། ཨུ་རུ་སུའི་འཕྲོད་བསྟེན་ལྷན་ཁང་དང་མཉམ་དུ་ཆེར་ནོ་སྦིལ་ (Chernobyl) གནོད་འཚེ་ཕོག་ཡུལ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་རོགས་སྐྱོར་གྱི་ལས་གཞི་ཞིག་དང་སོག་པོའི་ནང་འགེ་རི་ (Gere) ཐེབས་རྩ་ཁང་ལ་ཕལ་སྐད་ནང་སྲོལ་རྒྱུན་གྱི་རིག་གཞུང་གནས་ཐབས་ཆེད་ནང་ཆོས་ཀྱི་དཔེ་དེབ་པར་སྐྲུན་བྱེད་པའི་ལས་གཞི་ལྟ་བུ། དེ་བཞིན་ནང་པ་དང་ཁ་ཆེའི་ཆོས་ལུགས་དབར་གྲོས་མོལ་ཞིག་གསར་འཛུགས་དང་རྒྱུན་སྐྱོང་བྱེད་པའི་ཁྲོད་ཁོང་ནི་བྱེད་པོ་གཙོ་བོར་གྱུར།

ཕྱི་ལོ་ ༡༩༩༨ ལོར་རྩོམ་ཡིག་སོགས་ལམ་ལྷོང་ཚགས་ཚུད་ཡོང་སླད་བྷར་ཛིན་ལགས་ནུབ་ཕྱོགས་སུ་ཕྱིར་ཕེབས་བཞུགས་གནང་བ་དང་། སྐབས་རེ་ཡུལ་གཞན་དུ་ཕེབས་ནས་ཆོས་ཚོགས་མང་པོའི་ནང་སློབ་ཁྲིད་གནང་། འོན་ཀྱང་དུས་ཚོད་མང་ཆེ་བ་ད་ལྟ་ལེགས་སྒྲུབ་མ་ཟིན་པའི་དྲྭ་མཛོད་ཀྱི་ཡིག་ཆ་ཁག་གྲ་སྒྲིག་གནང་གི་ཡོད། ད་ལྟའི་ཆར་ཁོང་ཇར་མན་ (Germany) གྲོང་ཁྱེར་སྦེར་ལིན་ (Berlin) དུ་བཞུགས་བཞིན་མཆིས།། །།